དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

སི་ཏུའི་《སུམ་རྟགས་འགྲེལ་ཆེན་》དུ་བརྡ་སྤྲོད་ཀྱི་དཀའ་གནད་ཁག་ཅིག་ལ་ཇི་ལྟར་བསྐྱར་ཞིབ་མཛད་ཚུལ་སྐོར་གླེང་བ།

སྤེལ་དུས 2020-06-10 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། བུམ་པ་རྒྱལ།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་སྔ་འགྲེལ་རྣམས་ལས་སུམ་རྟགས་ཀྱི་དཀའ་གནད་ཁག་ཅིག་སྟེ་སུམ་ཅུ་པའི་མཚན་དོན་དང་ཨ་ཡིག་དབྱངས་སུ་འདོད་མིན། རྣམ་དབྱེའི་གོ་དོན། དངོས་པོ་བདག་གཞན། རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་སོགས་ལ་ཇི་ལྟར་དོགས་གཅོད་བྱས་ཡོད་ཚུལ་འཚོལ་ཞིབ་བྱས་ཤིང་། དེར་སི་ཏུའི་《སུམ་རྟགས་འགྲེལ་ཆེན་》དུ་ཇི་ལྟར་བསྐྱར་ཞིབ་བྱས་ཚུལ་དང་དེའི་ཁྱད་ཆོས་འགའ་གླེངས་ཡོད།
[བརྡ་ཆད་གཙོ་བོ།] སི་ཏུ། བརྡ་སྤྲོད་རིག་པ། བསྐྱར་ཞིབ།  ཁྱད་ཆོས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]H214
[ཡིག་ཚང་མཚོན་བྱང་།]A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-04-0146-10
         བོད་ཀྱི་བརྡ་སྤྲོད་རིག་པའི་བསྟན་བཅོས་ཀུན་གྱི་ཕྱི་མོར་གྱུར་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་འདི་གཉིས་ལ་དང་ཐོག་ནས་རྩ་བ་བསྡུས་མ་ཞིག་ལས་འགྲེལ་པ་ཞིབ་རྒྱས་ཤིག་མཐོང་དུ་མེད་གཤིས། ཕྱིས་ཀྱི་འགྲེལ་མཛད་མཁས་པ་རྣམས་ཀྱིས་བསྟན་བཅོས་འདི་གཉིས་ལ་འབྲུ་འགྲེལ་དང་ཚིག་འགྲེལ། དོན་འགྲེལ་སོགས་འགྲེལ་པ་མང་དུ་མཛད་ཡོད་པ་རེད། དུས་རབས་བཅོ་བརྒྱད་པའི་གོང་དུ་ལེགས་སྦྱར་གྱི་བརྡ་སྤྲོད་དང་དབུ་ཚད་སོགས་གཞུང་གཞན་གྱི་བཤད་ཡམ་དུ་འབྱམས་ཏེ། བརྡ་སྤྲོད་ཀྱི་ཆོས་ཉིད་དང་གཏན་ཚིགས་ལ་བརྩི་མཐོང་ནན་མོ་མི་བྱེད་པར་བརྟེན། བརྡ་སྤྲོད་ཀྱི་རྣམ་གཞག་ལ་མཐའ་ཆོད་པའི་སྒོ་ནས་དཔྱད་པ་མཛད་མ་ཐུབ་པ་དང་། གཞུང་ལུགས་གསར་གཏོད་ཀྱི་ཕྱོགས་ལའང་ཐོལ་བརྒལ་གྱི་ཆ་དེ་ཙམ་མ་ཐོན་པའི་གནས་ཚུལ་དེ་ཉིད་ལ་དམིགས་ཏེ་ཀརྨ་སི་ཏུས་རྒྱ་གར་གྱི་སྒྲ་གཞུང་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་ཞིང་། 《སྨྲ་སྒོ་མཚོན་ཆ་》སོགས་ལ་ཟུར་ལྟ་བྱས་ཏེ་《སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་》ཞེས་པ་མཛད་ནས། སུམ་རྟགས་ཀྱི་འགྲེལ་པ་སྔ་མ་དག་ལས་བྱུང་བའི་ལྟ་བ་ནོར་འཁྲུལ་ཅན་ལ་སུན་འབྱིན་བྱས་ཏེ།  རྩ་བའི་ཚིག་དོན་འགྲོལ་ཚུལ་དང་།  ཤུགས་བསྟན་ཚིག་ཕྲད་དག་གི་བསྟན་ལུགས། ཚིག་ཕྲད་སོ་སོའི་དོན་གྱི་འཇུག་ཡུལ།  རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ།  བྱ་བྱེད་ལས་གསུམ་གྱི་རབ་དབྱེ་སོགས་འགྲེལ་པ་སྔ་མ་རྣམས་ལས་མ་ཐོན་པའི་གནད་དོན་མང་པོར་①མཐའ་དཔྱོད་གནང་སྟེ་གསལ་ཁ་བཏོད་པས། བོད་ཀྱི་བརྡ་སྤྲོད་ཀྱི་རིགས་ལམ་ཞིབ་རྒྱས་སུ་འགྲོ་བར་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད།
         བསྟན་བཅོས་འདིར་དུས་སྐབས་དེའི་བརྡ་སྤྲོད་ཉམས་ཞིབ་ཀྱི་འགྲོ་ལུགས་ལྟར་སྔ་འགྲེལ་ཁག་ཅིག་ལ་དཔྱད་ཞིབ་གནང་དུས། དེ་དག་གི་བཞེད་དགོངས་མི་མཐུན་པ་རྣམས་ལ་སུན་འབྱིན་དང་དགག་སྒྲུབ་བྱས་ཡོད་ཀྱང་། 《སྨྲ་སྒོ་མཚོན་ཆ་》དང་《གནས་བརྒྱད་རྩ་འགྲེལ་》གཉིས་ཀྱི་མིང་ཙམ་བཀོད་པ་ལས། སྔ་འགྲེལ་གཞན་གྱི་བཞེད་ཚུལ་གང་ནས་བྱུང་བའི་ཁུངས་དང་བཅས་པ་གསལ་པོར་བཀོད་མེད་པར།  འགྲེལ་བྱེད་སྔ་མ་ཁག་ཅིག་གིས་དང་འགྲེལ་བྱེད་ཕལ་ཆེར་གྱིས་སོགས་སུ་བརྗོད་པས། བསྟན་བཅོས་འདི་ཉིད་ལ་འཇུག་སྐབས་སུ། དཔྱད་བྱའི་དཀའ་གནད་གང་དེར་སྔ་འགྲེལ་གང་དུ་འགྲེལ་བ་ཇི་ལྟར་བྱས་ཚུལ་ལ་གོ་བ་ལེན་དཀའ་ཙམ་གདའ། དེ་བས་གཤམ་དུ་སྔ་འགྲེལ་ཁག་གི་བཞེད་ཚུལ་འཚོལ་ཞིབ་བྱས་ཤིང་། སི་ཏུས་དཀའ་གནད་དེ་དག་ལ་ཇི་ལྟར་བསྐྱར་ཞིབ་བྱས་པའི་སྐོར་དཔྱད་པར་བྱ་བ་ལ།
དང་པོ། སུམ་ཅུ་པའི་དཀའ་གནད་ཁག་ཅིག་ལ་བསྐྱར་ཞིབ་བྱས་ཚུལ།
         གཅིག  སུམ་ཅུ་པའི་མཚན་དོན། སྤྱིར་སུམ་ཅུ་པའི་མཚན་དོན་ལ་འགྲེལ་མཛད་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་མཐུན་པ་འགའ་ཤས་སྣང་མོད་ཀྱང་། མཐར་གཏུགས་ན་བཞེད་ཚུལ་གསུམ་དུ་འདུ་སྟེ། གཅིག་ནི་ཀཱ་ལི་སུམ་ཅུའི་སྦྱོར་བ་རྒྱ་ཆེར་སྟོན་པས་བརྗོད་བའི་སྒོ་ནས་མིང་བཏགས་ཞེས་པ་དང་། གཉིས་ནི་སུམ་ཅུ་པའི་རྩ་བ་ལས། གང་ལ་ཡོན་ཏན་མཆོག་མངའ་བའི། །ཞེས་པ་ནས། ཅིག་ཤོས་དེ་ལས་ལྡོག་པའོ། །ཞེས་པའི་བར་དུ་རྐང་པ་གཅིག་གིས་དམན་པའི་ཤོ་ལོ་ཀ་སོ་གསུམ་ཡོད་ཀྱང་རགས་བཤད་བྱས་ནས་ཤོ་ལོ་ཀའི་གྲངས་ཀྱི་སྒོ་ནས་བསྟན་བཅོས་ཀྱི་མིང་བཏགས་པར་འདོད་པ་དང་།  གསུམ་ནི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བའི་ཚིགས་བཅད་གསུམ་ནི་རྟགས་འཇུག་སོགས་གཞུང་གཞན་བདུན་གྱི་ཐུན་མོང་གི་ཡིན་ལ། ཚིགས་བཅད་དེ་གསུམ་དོར་བའི་ཤུལ་དུ། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། ཞེས་པའི་མན་ལ་སྐབས་དང་པོ་ཉིད་ཀྱི་ཐུན་མོང་མིན་པའི་བརྗོད་བྱ་ཚིགས་བཅད་སུམ་ཅུ་ཉིད་ཀྱིས་རྫོགས་པས་གྲངས་ངེས་པའི་སྒོ་ནས་བཏགས་པར་འདོད་པ་བཅས་རེད། གོང་གི་མཚན་དོན་དེ་དག་མདོར་བསྡུས་ན་ཕྱོགས་གཉིས་སུ་བསྡུས་ཆོག་སྟེ། གཅིག་ནི་བརྗོད་བའི་སྒོ་ནས་བཏགས་པར་འདོད་པ་དང་། ཅིག་ཤོས་ནི་རྗོད་བྱེད་ཀྱི་སྒོ་ནས་བཏགས་པར་འདོད་པའོ། ། སྔ་མ་དེར་སི་ཏུས་《མུ་ཏིག་ཕྲེང་མཛེས་》སུ་འཐད་པར་མ་མཐོང་བའི་བརྡ་བསྟན་ཡོད་པ་འདི་ལྟ་སྟེ།“ཡང་རྩ་བ་སུམ་ཅུ་པ་ཞེས་པའི་སྐབས་སུ། ཕལ་ཆེར་གྱིས་ཀཱ་ལི་སུམ་ཅུ་བརྗོད་བའི་གཙོ་བོར་སྟོན་པའི་དོན་དུ་བཀྲལ་ཅིང་། འགའ་ཞིག་གིས་ན་ཡམ་དུ་བློ་ཀ་སུམ་ཅུ་ཙམ་ཞིག་ཡོད་པའི་དོན་དུའང་བཀོད་དེ། སྔ་མ་ལྟར་ན་རྟགས་འཇུག་ལའང་སུམ་ཅུ་པའི་མིང་འཇུག་པར་ཐལ་ཏེ་སུམ་ཅུ་པར་ཀཱ་ལི་སུམ་ཅུའི་ཚིག་ཕྲད་རྣམ་དབྱེ་སོགས་བསྟན་ལ། རྟགས་འཇུག་ཏུ་དེའི་རྟགས་ཀྱི་དབྱེ་བ་སོགས་བསྟན་པས་གཉིས་ཀར་ཀཱ་ལི་སུམ་ཅུའི་བྱ་བ་སྟོན་པར་མཉམ་པའི་ཕྱིར། གཞན་ཡང་བོད་ཀྱི་བརྡ་སྦྱོར་བའི་བསྟན་བཅོས་རྩོམ་ན་ཀཱ་ལི་སུམ་ཅུ་བརྗོད་བྱའི་གཙོ་བོར་མེད་པ་ནི་ཆེས་མི་རིགས་པས་རྩ་བ་བརྒྱད་པོ་ཐམས་ཅད་ཀྱང་མིང་དེས་ཁྱབ་པར་བཞེད་ན་ནི་འདིར་དམིགས་ཀྱིས་གདགས་པ་དོན་མེད་དོ། །”②ཅེས་སུམ་ཅུ་པ་ནི་ཀཱ་ལི་སུམ་ཅུའི་སྦྱོར་བ་རྒྱ་ཆེར་སྟོན་པས་བཏགས་པ་མ་ཡིན་པར་ཡི་གེ་ཨ་ལི་ཀཱ་ལི་གཉིས་ནས་བརྗོད་བྱ་ཚིགས་བཅད་སུམ་ཅུ་ཉིད་ཀྱིས་རྫོགས་པས་གྲངས་ངེས་པའི་སྒོ་ནས་བཏགས་པ་ཡིན་པར་བསྟན་ཡོད་མོད། གལ་ཏེ་སི་ཏུའི་ལུགས་ལྟར་ཡི་གེ་ཨ་ལི་ཀཱ་ལི་གཉིས་ཞེས་པ་ནས། ཅིག་ཤོས་དེ་ལས་ལྡོག་པའོ །ཞེས་པའི་བར་གྱི་ཚིགས་སུ་བཅད་པ་སུམ་ཅུ་ཉིད་དུ་གྲངས་ངེས་པའི་སྒོ་ནས་བཏགས་པའི་ཕྱིར་རོ། །ཞེས་པ་འདི་ཉིད་བདེན་པ་ཡིན་པའི་དབང་དུ་བཏང་ན།  འདིའི་ཚིགས་བཅད་སུམ་ཅུ་ལ་རྐང་པ་གཅིག་གིས་མི་འདང་བས་ཕྱིས་ཀྱི་མཁས་པའི་ཁྲོད་དུ་ཚིགས་བཅད་གཅིག་ཁ་གསབ་བྱེད་མཁན་ཡང་བྱུང་ཡོད།   
         དེས་ན་གོང་གི་རྗོད་བྱེད་ལ་བརྟེན་ནས་མིང་བཏགས་པར་འདོད་པ་འདི་ལ་ཅུང་ཟད་དཔྱད་ན། རྗོད་བྱེད་ལ་བརྟེན་ནས་མིང་བཏགས་པར་འདོད་པ་རྣམས་ཀྱིས་ཚིག་རྐང་གསུམ་ཤོ་ལོ་ཀ་གཅིག་ཏུ་བྱས་ཏེ་ཚིགས་བཅད་སུམ་ཅུ་རུ་འདོད་བཞིན་ཡོད་པས། འདིར་ཐོག་མར་ཤོ་ལོ་ཀ་ཞེས་པ་དེ་ག་འདྲ་ཞིག་ལ་གོ་དགོས་མིན་དེ་ཤེས་དགོས་ཏེ། དེ་ལ་《དག་ཡིག་གསར་བསྒྲིགས་》③སུ་ཚིགས་བཅད་ཀྱི་རྐང་པ་བཞི་ལ་ཤོ་ལོ་ཀ་གཅིག་ཟེར་བ་ལ་བལྟས་ན་ཚིགས་བཅད་ཅེས་པ་ནི་ཤོ་ལོ་ཀའི་རྐང་པ་བཞིའི་ནང་དུ་ཚེག་ཁྱིམ་དོ་མཉམ་དགོས་པ་ཞིག་ཡིན་ལ། དེ་ལྟར་ཡིན་ཚེ་སི་ཏུའི་སུམ་ཅུ་པའི་མཚན་དོན་འཇོག་སྟངས་ལ་དོགས་འདྲི་བྱེད་དགོས་པ་ཞིག་ཡིན་མོད་ཀྱང་། བཀའ་དང་བསྟན་བཅོས་གཞུང་དུ་ཤོ་ལོ་ཀའི་གྲངས་ཀྱིས་བསྟན་བཅོས་ཀྱི་མིང་བཏགས་པ་མང་དུ་མཐོང་སྟེ། དཔེར་ན་འཕགས་པ་ཀླུ་སྒྲུབ་ཀྱི་《ཤེས་རབ་བརྒྱ་པ་》དབུ་མའི་གཞུང་《རིགས་པ་དྲུག་ཅུ་པ》 《སྟོང་ཉིད་བདུན་ཅུ་པ་》སོགས་སུ་ཤོ་ལོ་ཀ་འདང་མི་འདང་གཉིས་ཀ་ཡོད་དེ། འདི་ལས་གཞིགས་ཚེ། སི་ཏུས་སུམ་ཅུ་པ་ནི་བརྗོད་བྱ་ཚིགས་བཅད་སུམ་ཅུ་ཉིད་ཀྱིས་རྫོགས་པས་གྲངས་ངེས་པའི་སྒོ་ནས་བཏགས་པའི་མཚན་དོན་འདི་ཉིད་ནི་རང་ལུགས་ཀྱི་གཏད་སོ་མེད་པའི་བབ་ཅོལ་གྱི་གཏམ་ཞིག་མིན་ནོ། །   
         གཉིས།  རྣམ་དབྱེའི་གོ་དོན་དང་དེའི་དབྱེ་སྟངས། སྤྱིར་ཕྲད་དང་རྣམ་དབྱེ་ནི་སུམ་ཅུ་པའི་བསྟན་བྱ་གཙོ་བོ་ཡིན་ཡང་། སུམ་ཅུ་པའི་རྩ་བ་རུ་རྣམ་དབྱེ་སོ་སོ་གོ་རིམ་བཞིན་དུ་དངོས་སུ་བསྟན་མེད་ཅིང་། རྟགས་འཇུག་རྩ་བ་རུ། “ཆོས་དངོས་ལས་དང་བྱེད་པ་དང་། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་།  །གནས་དང་བོད་པའི་སྒྲ་ཡང་དྲངས། །”④ཞེས་རྣམ་དབྱེ་བརྒྱད་པོ་གོ་རིམ་བཞིན་དུ་བསྟན་ཡོད་ཀྱང་། ངོ་བོ་ཙམ་བརྗོད་པ་དང་བོད་པའི་སྒྲ་ནི་རྣམ་དབྱེ་ཡིན་མིན་སྐོར་ལ་ཕྱིས་ཀྱི་མཁས་པའི་ཁྲོད་བཞེད་པ་མཐུན་མིན་ཅི་རིགས་མཆིས་པ་སྟེ། ཞ་ལུ་ལོ་ཆེན་དང་པྲ་ཏི་སོགས་ཀྱིས་ཀྱེ་སོགས་ནི་རྣམ་དབྱེ་བརྒྱད་པར་འདོད་ལ། དེར་སི་ཏུས་“འགྲེལ་བྱེད་ཕལ་ཆེར་གྱིས། ཀྱེ། ཞེས་པ་བོད་པའི་རྣམ་དབྱེར་འདོད་ཀྱང་མི་འཐད་དེ། རྣམ་དབྱེ་མིང་གི་ཐོག་མར་སྦྱར་བ་མེད་པ་དང་། བོད་པའི་རྣམ་དབྱེ་ལེགས་སྦྱར་གྱི་གཅིག་ཚིག་ལ་ཁྱད་པར་ཡོད་པ་ཙམ་མ་གཏོགས་ངོ་བོ་རྣམ་དབྱེ་དང་པོ་ལས་ལོགས་སུ་དབྱེར་མེད་ཅིང་བོད་སྐད་ལ་དང་པོའི་གཅིག་ཚིག་གི་རྗེས་མི་གསལ་ཡང་གཉིས་ཚིག་དང་མང་ཚིག་གི་རྗེས་ཆ་མཐུན་ཡོད་པར་མ་ཟད་རྣམ་དབྱེ་ཞིག་ངེས་པར་འཇུག་དགོས་ཤིང་གཉིས་པ་སོགས་གཞན་མི་འཇུག་པའི་རྒྱུ་མཚན་ལས་དོན་ཐོབ་ཀྱིས་དེ་དང་མཚུངས་པར་མིང་མཐའ་རྣམ་དབྱེ་དང་པོ་ཉིད་དུ་ངེས་པ་ལ་སླར་རྣམ་དབྱེ་སྦྱིན་མི་དགོས་པའི་ཕྱིར་རོ། ། དེས་ན་ཀྱེ་ཞེས་པ་རྣམ་དབྱེ་མ་ཡིན་པར་བོད་པ་གསལ་བྱེད་སྒྲ་ཡིན།”⑤ ཞེས་དགག་བཞག་མཛད་དེ། ཀྱེ་སོགས་ནི་བོད་པ་གསལ་བྱེད་ཀྱི་སྒྲ་ཙམ་ལས་རྣམ་དབྱེ་མ་ཡིན་པ་བསྟན་ཡོད། 
         གོང་འཕྲོས་གནད་དོན་དག་ལས་གཞིགས་ཚེ།  སྤྱིར་བོད་ལ་རྣམ་དབྱེ་བརྒྱད་དུ་ཕྱེ་བའི་བརྟེན་ཁུངས་དེ་གང་ཡིན་པ་ལ། “བོད་བྱིངས་ཀྱི་ཁ་སྐད་ལ་བརྟེན་ནས་བཟོས་པ་”⑥ཡིན་པར་བཤད་མོད། སུམ་རྟགས་ཀྱི་བརྟེན་ཁུངས་ནི་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ཡིན་པ་སྔར་གྱི་མཁས་པ་ཕལ་མོ་ཆེ་ཞལ་མཐུན་པས། བོད་ཀྱི་རྣམ་དབྱེ་སྦྱོར་སྟངས་སོགས་ལའང་ལེགས་སྦྱར་བརྡ་སྤྲོད་ཀྱི་ཤན་ཞུགས་ཡོད་པ་བསྙོན་དུ་མེད། ཡིན་ནའང་བརྡ་སྤྲོད་ཀྱི་གཞུང་དོན་བཀྲོལ་སྐབས་ལེགས་སྦྱར་གྱི་བརྡ་སྤྲོད་དང་སུམ་རྟགས་མ་ཡིན་པའི་བརྡ་སྤྲོད་བསྟན་བཅོས་ཁག་ཅིག་ལ་སྟུན་ཅི་ཐུབ་བྱས་ཏི་སུམ་རྟགས་གཉིས་ཀྱི་རྩ་བའི་གཞུང་ལ་དཔྱད་ཞིབ་བཏང་ནས་བོད་ཀྱི་རྣམ་དབྱེ་སོ་སོའི་དབྱེ་བ་སྟོན་པ་ནི་འོས་པར་མི་བསམ་མོ། །རྣམ་དབྱེའི་གོ་དོན་ཏེ་ཆོས་གང་ཞིག་གི་དོན་གྱི་ངོ་བོའམ་ཁྱད་པར་གཞན་ལས་རྣམ་པར་དབྱེ་བའི་དོན་ཅན་ནམ་ཕྲད་ཅེས་པ་ལྟར་དུ་བོད་ཀྱི་རྣམ་དབྱེའི་དབྱེ་སྟངས་ལ་དཔྱད་ཞིབ་ཅིག་བྱས་ཚེ། སྔར་གྱི་མཁས་པ་ཕལ་མོ་ཆེས་བོད་ལ་རྣམ་དབྱེ་བརྒྱད་ཅེས་གྲངས་ངེས་པར་མཛད་པ་དེ་དང་། སི་ཏུའི་རྣམ་དབྱེ་བརྒྱད་པ་བོད་པ་ཞེས་ཟེར་ཡང་རྣམ་དབྱེ་མ་ཡིན་པས་ལོགས་སུ་དབྱེ་རྒྱུ་མེད་པའི་བཞེད་ཚུལ་དག་ནི་འཐད་ལྡན་དུ་མ་མཐོང་སྟེ། སྐད་རིགས་གཞན་གྱི་ཤན་ཞུགས་སུ་མ་བཅུག་པར་བོད་སྐད་ལ་རང་ཆས་སུ་མངའ་བའི་ཁྱད་ཆོས་གཞིར་བཟུང་སྟེ་བོད་ཀྱི་རྣམ་དབྱེ་དགར་ན། “རྣམ་དབྱེ་དང་པོ་མིང་དང་བརྒྱད་པ་བོད་པ་ལ་རྣམ་དབྱེའི་ཐ་སྙད་འཇུག་དཀའ་”⑦སྟེ། བོད་ལ་རྣམ་དབྱེ་དང་པོ་མིང་ཙམ་ལས་ལོགས་སུ་ཕྲད་ཅི་ཡང་སྟོན་རྒྱུ་མེད་པ་དང་། ཀྱེ་དང་ཀྭ་ཡེ་སོགས་ནི་རྣམ་པར་འབྱེད་བྱེད་ཀྱི་ཕྲད་གང་ཡང་མིན་པར། མིང་ཚིག་གང་ཡང་རུང་བ་ཞིག་གི་ཐོག་མཐར་སྦྱར་ནས་འབོད་པ་གསལ་བྱེད་ཙམ་ལས་ཅི་ཡང་སྟོན་མི་ནུས་པས་རྣམ་དབྱེ་ལ་ངོས་འཛིན་བྱེད་དཀའ་སྙམ།   
         གསུམ། སུམ་རྟགས་ཀྱི་གཞུང་ལྟར་ཨ་ཡིག་དབྱངས་སུ་འཇོག་པ། སྔར་གྱི་མཁས་པའི་ཁྲོད་བོད་ཡིག་གི་གསལ་བྱེད་ཨ་ཡིག་གི་སྒྲ་འདོན་སྟངས་ལ་བཞེད་སྟངས་མི་མཐུན་པ་ཡོད་པའི་དབང་གིས། དབྱངས་གསལ་གཉིས་ཀྱི་རྣམ་གྲངས་འགོད་སྟངས་ཀྱང་མི་འདྲ་བ་བྱུང་ཡོད་པ་སྟེ། 《ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་》ལས། “ཨ་ནི་རང་ཉིད་བརྗོད་རུང་སྟེ།  །སེང་གེ་ལྟ་བུའི་ཨ་ཞེས་བྱ། །ཨི་ཨུ་ཨེ་ཨོ་ཡན་ལག་ཕྱིར། །ཡན་ལག་གི་ནི་ཨ་ཞེས་བྱ། །སེང་གེ་འདྲ་དང་བརྒྱ་བྱིན་མིག  །གླང་སྣ་འོད་མ་བསྒྲེང་འདྲ་དང་། །ཐང་གུག་དཔེ་ལྔས་བསྟན་པས་ན། །སྟོང་ཆེན་ཡི་གེ་ལྔ་ཞེས་གསུངས། །”⑧ཞེས་པ་དང་། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་《ཡི་གེ་བཤད་པ་མཁས་པའི་ཁ་རྒྱན་》དུ་“དེ་ལ་དང་པོར་དབྱངས་རྣམས་ནི་ལྔའོ། །ཨ་ཡིག་བོར་བ་རྣམས་ནི་འདིར་ཡན་ལག་གོ །”⑨ཞེས་པ། ཡང་《དག་ཡིག་ངག་སྒྲོན་》དུ་“དབྱངས་ལྔ་ཡ་ར་ལ་ལྦའི་འདོགས་”⑩ཞེས་དབྱངས་ལྔ་རུ་འདོད་ལ། 《སྨྲ་སྒོ་མཚོན་ཆ་》ཡི་རྗེས་སུ་འབྲངས་པ་རྣམས་ཀྱིས་དབྱངས་བདུན་དུ་བཞེད་ཅིང་། ཞ་ལུ་ལོ་ཆེན་སོགས་ཀྱིས་སུམ་རྟགས་མ་ཡིན་པའི་བསྟན་བཅོས་འདི་དག་གི་ལྟ་ཚུལ་བཀག་སྟེ་དབྱངས་བཞི་རུ་བཞེད། རྣམ་གླིང་པཎ་ཆེན་གྱིས་གོང་སྨྲས་ཀྱི་སུམ་རྟགས་མ་ཡིན་པའི་བསྟན་བཅོས་འདི་དག་གི་རྗེས་སུ་འབྲངས་ཏེ་དབྱངས་ལྔ་རུ་བཞེད་པ་ལ། སི་ཏུས་སྔ་འགྲེལ་ཁག་ཅིག་གིས་ཨ་ཡིག་དབྱངས་སུ་འདོད་ནས་དབྱངས་ལྔ་དང་གསལ་བྱེད་ཉེར་དགུར་བགྲངས་པ་དེ་ནི་སུམ་རྟགས་རྩ་བར་འགལ་ཡོད་པར་སྨྲ་ལ། བོད་ལ་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་རུ་དབྱེ་དགོས་པའི་རྒྱུ་མཚན་ནི། “ལེགས་པར་སྦྱར་བའི་སྐད་ལ་གསལ་བྱེད་སྲོག་ཅན་སྲོག་མེད་གཉིས་སུ་དབྱེ་བའི་སྲོག་དེ་ཡིན་ན་དབྱངས་ཡིན་པས་ཁྱབ་པའི་ཕྱིར་ཀྭ་ལྟ་བུ་སྲོག་མེད་རྐྱང་པ་བརྗོད་མི་བཏུབ་པ་ཡིན་ཞིང་། བོད་དུའང་། ལེགས་ཟེར་བ་ལྟ་བུ་ལ་ཡིག་ཨེ་ཞུགས་ཀྱི་རྗེས་སུ་གྲ་སྲ་སྲོག་མེད་སྦྱར་བ་སོགས་འགའ་ཞིག་ལ་རིགས་འགྲེ་ནུས་ཀྱང་། མགོ་ཅན། འཕུལ་ཅན། འདོགས་ཅན་སོགས་ཀྱི་རྣམ་གཞག་མཛད་པས་མཐའ་གཅིག་ཏུ་སྲོག་ཅན་སྲོག་མེད་ཀྱི་དབྱེ་བ་དེ་བདེ་བའང་མ་ཡིན་ཞིང་འཇུག་པར་དཀའ་བ་དང་། དགོས་པ་ལྷག་པོར་མི་ཆེ་བས་དེ་ལྟའི་རྣམ་གཞག་མ་མཛད་དོ། །དེ་བས་ན་བརྗོད་དུ་མེད་པའི་སྲོག་མེད་རྐྱང་པ་འདིར་མི་འདོད་ཅིང་ཨ་ཡིག་དེ་ཀ་ལ་སོགས་པར་ཞུགས་པའི་ཐ་སྙད་བྱར་མེད་པས་དེས་དེ་དག་ལ་ཨཱ་ལིའི་བྱ་བ་གསལ་བར་བྱེད་མ་ནུས་པའི་ཕྱིར་ཀཱ་ལིའི་སྡེ་ཚན་དུ་འདྲེན་པར་མཛད་པ་ཡིན་ནོ །”⑾ཞེས་བསྟན་ཏེ། ལེགས་སྦྱར་གྱི་ཨ་ཡིག་དང་བོད་ཀྱི་ཨ་ཡིག་གཉིས་སྒྲ་གདངས་འདྲ་ཡང་བྱེད་ལས་སོགས་མི་འདྲ་བའི་རྒྱུ་མཚན་གྱིས་བོད་ཡིག་གི་ཨ་ཡིག་དབྱངས་ཀྱི་གྲས་སུ་མི་འཇོག་པར་གསལ་བྱེད་དུ་འཇོག་དགོས་པ་དང་། བོད་ཡིག་ལ་མཚོན་ན་ཨ་ཡིག་ནི་གསལ་བྱེད་ཀྱི་ཡི་གེ་རྣམས་དང་བྱེད་ལས་མཚུངས་པས་ཨ་ཡིག་གསལ་བྱེད་ཀྱི་གྲས་སུ་འཇོག་པ་ནི་བོད་ཡིག་གི་རྣམ་གཞག་ཡིན་པ་དང་། ལེགས་སྦྱར་གྱི་སྒྲ་རིག་པའི་གཞུང་ཡོད་ཚད་དུ་ཨ་ཡིག་དབྱངས་ཀྱི་གྲས་སུ་བཞག་ཡོད་པ་ལས་གསལ་བྱེད་ཀྱི་གྲས་སུ་མི་འཇོག་པ་གསལ་ཁ་བཏོད་ཡོད།  
         དེས་ན་གོང་གི་ཨ་ཡིག་དབྱངས་སུ་བགྲངས་ཆོག་མིན་སྐོར་ལ་རང་གི་ལྟ་ཚུལ་ཅུང་ཟད་བརྗོད་ན། བོད་ཡིག་ལ་དབྱངས་ལྔ་དང་གསལ་བྱེད་ཉེར་དགུར་འདོད་མཁན་རྣམས་ནི་སུམ་རྟགས་རྩ་བའི་དགོངས་པ་དང་འགལ་ཡོད་པར་མཐོང་ལ། “ལེགས་སྦྱར་གྱི་སྒྲ་གཞུང་དང་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་གཉིས་ཁྱད་མ་ཕྱེད་པའི་དགོངས་པ་”⑿རེད་སྙམ། སྔ་འགྲེལ་མཁས་པ་རྣམས་ལེགས་སྦྱར་གྱི་རིག་པའི་གནས་ལ་རྒྱུས་མངའ་ཆེ་བ་དང་། སངས་རྒྱས་ཆོས་ལུགས་ཆ་ཚང་བ་ཞིག་ལེགས་སྦྱར་གྱི་སྐད་ཡིག་ལས་སྐད་ཡིག་གཞན་གང་གིས་ཀྱང་མཚོན་མི་ཐུབ་པས། ཆོས་ལུགས་གང་དེར་འཇུག་པའི་མུ་ལ་ལེགས་སྦྱར་གྱི་བརྡ་སྦྲོད་དང་རིག་གཞུང་སྤྱིའི་རིན་ཐང་དེ་བོད་ཀྱི་བརྡ་སྤྲོད་དང་རིག་པའི་གནས་ཀུན་ལ་ཤན་ཞུགས་སུ་བཅུག་པས་རེད་སྙམ། ལེགས་སྦྱར་ལྟར་ན་ཨ་ཡིག་དབྱངས་སུ་འགྲོ་བ་དེ་ནི་སྲོག་ཅན་སྲོག་མེད་ཀྱི་རྣམ་གཞག་ཡོད་པ་སོགས་དང་སྦྱོར་སྟངས་ཀྱི་རིག་སྒོ་འདྲ་བར།  བོད་ལའང་ཨ་ཡིག་དབྱངས་སུ་བགྲངས་ན་བརྡ་སྤྲོད་རིག་པ་ཞིབ་རྒྱས་སུ་འགྲོ་བར་ཕན་པར་འདོད་དེ་ཨ་ཡིག་དབྱངས་སུ་བགྲངས་པ་ཡིན་སྲིད་མོད་ཀྱི། བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་གཞག་ལ་མགོ་འདོགས་བརྩེགས་གསུམ་གྱི་སྦྱོར་ཚུལ་སོགས་ཐུན་མིན་གྱི་ཁྱད་ཆོས་མང་པོ་ཡོད་པར་བརྟེན་ལེགས་སྦྱར་གྱི་བརྡ་སྦྲོད་ལྟར་སྲོག་ཅན་སྲོག་མེད་ཀྱི་རྣམ་གཞག་སྦྱོར་མི་རུང་སྟེ། སྦྱར་ཀྱང་དགོས་པ་ཆེན་པོ་མེད་པར་མ་ཟད་ད་དུང་བརྡ་སྤྲོད་ཀྱི་རྣམ་གཞག་གང་རྙོག་འཛིང་ཅན་དུ་འགྱུར་བར་ཉིན་ཆེའོ །  
གཉིས་པ། རྟགས་ཀྱི་འཇུག་པའི་དཀའ་གནད་གཉིས་ཀྱི་བསྐྱར་ཞིབ། 
         གཅིག  དངོས་པོ་བདག་གཞན་གྱི་གོ་དོན།  རྟགས་ཀྱི་འཇུག་པའི་གཞུང་སྦྱང་བ་ནི་བྱ་བའི་ཚིག་གི་ཚོགས་ལ་མི་རྨོངས་པར་བྱེད་པའི་ཆེད་ཡིན་ཞིང་། སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ་ནི་དེའི་དཀའ་གནད་ཡིན། དེའི་ཐད་ལ་གནའ་ནས་ད་བར་དུ་མཁས་པ་རྣམས་ཀྱིས་དཀའ་ཚེགས་ཆེན་པོའི་སྒོ་ནས་འགྲེལ་བ་གནང་ཡོད་ཀྱང་། ཞིབ་བཤད་མ་མཛད་པ་དང་དོན་ལ་མི་འབྱོར་བ་མང་པོ་ཡོད་པའི་རྐྱེན་གྱིས། ཐག་གཅོད་མ་ཐུབ་པའི་གནད་དོན་ད་དུང་ལུས་ཡོད། དཔེར་ན།  འགའ་ཤས་ཀྱིས་དངོས་པོ་བདག་ནི་བྱེད་པ་ཁོ་ན་ལ་ངོས་འཛིན་བྱེད་པ་དང་དངོས་པོ་གཞན་བྱ་བ་ཁོ་ན་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། ཡང་འགའ་ཤས་ཀྱིས་མིང་རྐྱང་རྣམས་ཀྱང་དུས་གསུམ་གྱི་དབྱེ་བའི་ཁོངས་སུ་བསྡུས་པའི་སྣང་ཚུལ་འདི་གསུམ་ལ་སི་ཏུས་རེ་རེ་བཞིན་དགག་དོན་དུ། འདོད་ཚུལ་དང་པོ་སྟེ་བྱེད་པའི་སྒྲ་ཡིན་ཚད་དངོས་པོ་བདག་ལ་ངོས་འཛིན་དགོས་པ་མི་འཐད་པའི་རྒྱུ་མཚན་ནི། དཔེར་ན་ལག་པས་མེ་ཏོག་འཐོག་ལྟ་བུ་བྱེད་ཚིག་ད་ལྟ་བ་ཡིན་ཀྱང་བདག་ལ་ངོས་འཛིན་བྱེད་མི་རུང་བ་དང་། འདོད་ཚུལ་གཉིས་པ་མི་འཐད་པའི་རྒྱུ་མཚན་ནི་བྱ་བའི་སྒྲ་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མི་འབྲེལ་གཉིས་ཡོད་པ་ལས་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་ཚིག་ལ་དངོས་པོ་གཞན་གྱི་ཐ་སྙད་ངོས་འཛིན་བྱེད་ཆོག་པ་དཔེར་ན། གཅད་བྱའི་ཤིང་ལྟ་བུ་ལས་གཅད་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བ་ཚིག་མ་འོངས་པ་ཡིན་པས་དངོས་པོ་གཞན་གྱི་ཐ་སྙད་དུ་བྱ་རུང་བ་དང་། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་ཚིག་ལ་དངོས་པོ་གཞན་གྱི་དབྱེ་བ་འབྱེད་དུ་མེད་པ་དཔེར་ན།  འགྲོ་ལྟ་བུ་བྱ་ཚིག་མ་འོངས་པ་ཡིན་ཀྱང་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཚིག་ཡིན་པས་དངོས་པོ་གཞན་གྱི་ཐ་སྙད་བྱ་མི་རུང་།  འདོད་དོན་གསུམ་པ་དེ་མི་འགྲིག་པའི་རྒྱུ་མཚན་ནི།  མིང་རྐྱང་རྣམས་དུས་གསུམ་གྱི་དབྱེ་བའི་ཁོངས་སུ་བསྡུ་བ་ནི་འཐད་ལྡན་དུ་མ་མཐོང་སྟེ།  མིང་རྐྱང་གི་སྐབས་སུ་དངོས་པོ་བདག་དང་འབྲེལ་བའི་མིང་རྐྱང་ནི་བྱེད་ཚིག་ད་ལྟ་བས་བསྒྲུབས་པ་དཔེར་ན།  གཅོད་བྱེད་སྟ་རེ་ལྟ་བུའི་གཅོད་ནི་ལས་ཚིག་ད་ལྟ་བས་བསྒྲུབས་ཀྱང་དུས་ད་ལྟ་བ་བསྟན་པས་མ་ཁྱབ།  དངོས་པོ་གཞན་དང་འབྲེལ་བའི་མིང་རྐྱང་ནི་བྱ་ཚིག་མ་འོངས་པས་བསྒྲུབས་པ་དཔེར་ན། གཅད་བྱའི་ཤིང་ལྟ་བུ་བྱ་ཚིག་མ་འོངས་པས་བསྒྲུབས་ཀྱང་དུས་མ་འོངས་པ་བསྟན་པས་མ་ཁྱབ་སྟེ། དེ་དག་ནི་བྱ་བའི་མིང་རྐྱང་ཡིན་པའི་ཕྱིར་དུས་གསུམ་དང་འབྲེལ་བ་མེད་པར་འདོད།  སི་ཏུས་དཀའ་གནད་འདི་དག་ལ་བསྐྱར་ཞིབ་མཛད་ཅིང་། དངོས་པོ་བདག་གཞན་གཉིས་ཀྱི་མཚན་དོན་ལ་“ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང་།  དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་⒀ཞེས་གོ་བ་བསྐྱར་དུ་བླངས་ཤིང་།  རྣམ་གསལ་གྱི་དཔེར་བརྗོད་དང་བཅས་བཀོད་པ་དང་། དུས་གསུམ་གྱི་དབྱེ་བས་མི་ཚད་དངོས་པོ་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་དགོས་པའི་རྒྱུ་མཚན་སོགས་གནད་དོན་ཁ་ཤས་ཤིག་ལ་དཔྱད་པ་གནང་འདུག   
         དངོས་པོ་བདག་གཞན་ཟེར་བ་གོ་སླ་བའི་སྒོ་ནས་བཤད་ན་སྤྱིར་བཏང་གི་རང་གཞན་གཉིས་ལ་གོ་བར་མི་བྱ་ཞིང་། བྱ་བྱེད་ཐ་དད་པ་གང་ཞིག་བྱ་བའི་ཡུལ་དང་ཡུལ་གྱི་བྱ་ཚིག་དང་བཅས་པ་ལ་དངོས་པོ་གཞན་ཟེར་ལ། བྱེད་པ་པོ་དང་དེའི་ཡན་ལག་ཏུ་གྱུར་པའི་བྱེད་པ་སྟེ་ཡོ་བྱད་དང་། བྱེད་པའི་རྩོལ་བ་མཚོན་བྱེད་ཀྱི་བྱེད་ཚིག་བཅས་ལ་དངོས་པོ་བདག་ཅེས་ཟེར།  དེ་མདོར་བསྡུས་ན་དུས་ད་ལྟ་བ་སྟོན་པའི་བྱེད་ཚིག་དེ་དངོས་པོ་བདག་མཚོན་བྱེད་དང་། དུས་མ་འོངས་པ་སྟོན་པའི་བྱ་ཚིག་དེ་དངོས་པོ་གཞན་མཚོན་བྱེད་ཡིན་ནོ །   
         གཉིས།  སྒྲའི་སྐྱེ་གནས་སོགས་ལ་ཞིབ་ཏུ་གཞོལ་ནས་རྗེས་འཇུག་གི་རྟགས་དབྱེ་བ།  རྟགས་འཇུག་གི་རྩ་བ་རུ།“རྗེས་འཇུག་ཡི་གེ་བཅུ་པོ་ལ།  །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང་།  །མཚན་མེད་དག་དང་གསུམ་དུ་འདོད། །”⒁ཅེས་རྗེས་འཇུག་བཅུ་པོ་ཕོ་མོ་མ་ནིང་གསུམ་དུ་དབྱེ་ཚུལ་བསྟན་ཡོད་པ་ཙམ་ལས། དེ་དག་ཕོ་མོ་མ་ནིང་གང་ལ་གཏོགས་མིན་སྐོར་གསལ་ཆ་མཛད་མེད། དེ་བས་རྗེས་འཇུག་གི་རྟགས་ཀྱི་དབྱེ་བའི་སྐབས་སུ་མཁས་པ་སོ་སོར་བཞེད་དགོངས་མི་འདྲ་བ་བྱུང་སྟེ་ཕན་ཚུན་ཞལ་མ་མཐུན་ཞིང་། “འགའ་ཞིག་མིང་མཐའ་དང་རྣམ་དབྱེ་སོགས་འདྲེན་ཚུལ་གྱི་སྒོ་ནས་དང་། འགའ་ཞིག་སྔོན་འཇུག་བཞིན་དུ་འདས་དང་གཞན་སྒྲུབ་སོགས་ཀྱི་དོན་སྟོན་ཚུལ་གྱི་སྒོ་ནས་དང་། འགའ་ཞིག་སྒྲ་འཇུག་དྲག་ཞན་གྱི་སྒོ་ནས་ཀྱང་འབྱེད་པར་རློམ་ཞིང་དེར་ཡང་འབྱེད་ཚུལ་འདྲ་མིན་མང་དུ་བྱུང་ངོ །”⒂གནས་ཚུལ་དེར་དམིགས་ཏེ་སི་ཏུས་སྒྲའི་སྐྱེ་གནས་དང་རྐྱེན་གྱི་བྱེད་རྩོལ་སོགས་ལ་ཞིབ་ཏུ་གཞོལ་ནས།“ལེགས་སྦྱར་གྱི་ཡེ་གེའི་ལ་སྒྲའི་སྐྱེ་གནས་བརྒྱད་ཅེས་བགྲངས་པ་དེ་ཉིད་བོད་སྐད་ལ་སྐྱེ་གནས་མགྲིན་པ། རྐན། སོ། མཆུ། ལྕེ། སྣ་བཅས་དྲུག་ལས་མེད་པ་གཏན་འབེབས་གནང་། རྗེས་འཇུག་གི་ཡི་གེ་རྣམས་མིང་གཞིའི་ཡེ་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་ཀྱི་འགྱུར་ཚུལ་ཆོས་ཉིད་དང་མཐུན་པར་ངོས་འཛིན་གནང་སྟེ། ཕོ་མོ་མ་ནིང་སོགས་ཀྱི་དབྱེ་བ་གསར་དུ་ཕྱེས་ནས་ག་ད་བ་ས་བཞི་ཕོ། ང་མ་འ་གསུམ་མོ། ན་ར་ལ་གསུམ་མ་ནིང་བཅས་སྤྱིར་རྟགས་གསུམ་དུ་དབྱེ་བ་དང་།  བྱེ་བྲག་ནང་གསེས་ཀྱི་དབྱེ་བའི་སྐབས་སུ་རྗེས་འཇུག་ག་ལ་ཡང་འཇུག་ས་ཞུགས་པ་སྐྱེས་བུ་རབ་དང་།  བ་ལ་ཡང་འཇུག་ས་ཞུགས་པ་སྐྱེས་བུ་འབྲིང་། དེ་རྣམས་ཡང་འཇུག་མེད་པ་མིང་གཞི་རྣམས་ལ་འཇུག་པའི་ཚེ་སྐྱེས་བུ་ཐ་མ།  རྗེས་འཇུག་མོ་ཡིག་ང་མ་གཉིས་ལ་ཡང་འཇུག་དང་བཅས་པ་མིང་གཞི་རྣམས་ལ་ཞུགས་པའི་ཚེ་མོ་ཙམ་དང་།  ང་མ་གཉིས་དང་འ་ཡིག་མཐའ་ཅན་རྣམས་ཤིན་ཏུ་མོ།  རྗེས་འཇུག་མ་ནིང་ན་ར་ལ་གསུམ་མིང་གཞི་ཕོ་ལ་ཡང་འཇུག་ཡོད་མེད་གང་ལྟར་ཞུགས་ཀྱང་སྒྲ་དྲག་པ་དང་། མིང་གཞི་མོ་ལ་ཡང་འཇུག་མེད་པར་ཞུགས་ན་སྒྲ་གདངས་ཞན་པར་འགྱུར་བས་དེ་ལ་འགྱུར་བ་མ་ནིང་།  མིང་གཞི་མོ་ལ་ཡང་འཇུག་དང་བཅས་པ་ཞུགས་ན་དྲག་ཞན་གཉིས་ཀ་ཐོན་པས་མཚན་གཉིས་མ་ནིང་།  མིང་གཞི་མ་ནིང་ལ་ཡང་འཇུག་ཡོད་མེད་གང་ལྟར་ཞུགས་ཀྱང་སྒྲ་གདངས་བར་མ་རུ་གནས་པ་མཚན་མེད་མ་ནིང་ཞེས་གཏན་ལ་ཕབ་”⒃ཡོད་པ་རེད།  
         སི་ཏུའི་རྗེས་འཇུག་གི་རྟགས་ཀྱི་དབྱེ་སྟངས་འདི་ཉིད་དེང་རབས་ཀྱི་སྐད་བརྡ་རིག་པའི་སྒྲ་རྟགས་འགོད་སྟངས་ལྟར་བྱས་ན། ལྷ་སའི་སྐད་ཀྱི་རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་ལས་རྗེས་འཇུག་ཕོ་ཡིག་གི་འཇུག་ཚུལ་དང་ཆ་མཚུངས་ཏེ། དཔེར་ན་དེ་ལས་རྗེས་འཇུག་གི་ཕོ་ཡིག་ག་[ka54]ད་[ta54]བ་[pa54]ས་[sa54]བཞི་དང་། ཡང་འཇུག་ས་[sa54]ལ་སྒྲ་གདངས་འགྱུར་བ་གཏོང་བའི་ནུས་པ་ལྡན་ཞིང་། མིང་གཞི་ཕོ་ཡིག་ལ་སྔོན་འཇུག་དང་མགོ་ཅན། འདོགས་ཅན་སྦྱར་བ་དང་མིང་གཞི་མ་ནིང་ལའང་འདོགས་ཅན་དང་སྔོན་འཇུག་གང་རུང་ལྡན་ན་ཡང་ཀ་མད་སྐབས་ལྟར་55ཅན་གྱི་སྙོམས་པའི་གདངས་སུ་ཀློག་པ་དེ་དག་ལ་གོང་གི་རྗེས་འཇུག་དང་ཡང་འཇུག་འདི་ལྔ་ཞུགས་ཚེ་སྙོམས་པའི་སྒྲ་གདངས་55ཅན་དེ་ཕབ་པའི་སྒྲ་གདངས་53ཅན་ལ་བསྒྱུར་བ་ཡིན་ལ། མིང་གཞི་ཤིན་ཏུ་མོ་ལ་མགོ་ཅན་དང་། སྔོན་འཇུག་ལྡན་པ་དཔེར་ན། རྔ་དང་མངའ། སྙ་དང་གཉའ། རྣ་དང་མནའ། རྨ་དང་དམའ་རྣམས་སྔར་གྱི་13ཅན་དེའི་འདེགས་གདངས་ཏེ་55ཅན་གྱི་སྙོམས་པའི་གདངས་ལ་གྱུར་མཐར། གོང་གི་རྗེས་འཇུག་ཕོ་དང་ཡང་འཇུག་ས་ཞུགས་པས་53ཅན་གྱི་ཕབ་པའི་གདངས་ལ་གྱུར་ཡོད་པ་དང་། ག་བ་ར་ལ་ལ་འདོགས་ལྡན་པ་དཔེར་ན། གླ། བླ། རླ་དང་། མིང་གཞི་ཡ་ལ་ག་ཡིག་སྔོན་འཇུག་ཞུགས་པ་དཔེར་ན། གཡའ་ལྟ་བུ་དང་། མིང་གཞི་བ་ལ་དའི་་སྔོན་འཇུག་ཞུགས་མཐར་འདོགས་ཅན་ཡོད་མེད་གང་རུང་སྟེ། དཔེར་ན། དབང་དང་དབྱར། དབྲ་ནི་55ཅན་གྱི་གདངས་སུ་གྱུར་མཐར་གོང་གི་རྗེས་འཇུག་ཕོ་ཡིག་དང་ཡང་འཇུག་ཞུགས་ན་53ཅན་གྱི་ཕབ་པའི་གདངས་ལ་འགྱུར་འགྲོ་བ་དང་། རྗེས་འཇུག་ག་ད་བ་ས་དང་ཡང་འཇུག་ས་ལྔ། མིང་གཞི་མོ་ཡིག་ག་ཇ་ད་བ་ཛ། ཞ་ཟ་འ་ལ་བརྩེགས་སམ་འཕུལ་ཡིག་ལྡན་པ་དང་དེ་དག་གང་ལ་ཡ་རའི་འདོགས་ཅན་ལྡན་ནའང་འདེགས་གདངས་13ཅན་ཡིན་པ་དཔེར་ན། ག་དང་གྱང་། ཇ་དང་རྗེ། ད་དང་རྡ་དྲ། ཛ་དང་མཛའ། ཞ་དང་གཞོང་། ཟ་དང་གཟུང་། འ་དང་འོང་། དེ་དག་ལ་རྗེས་འཇུག་ཕོ་དང་ཡང་འཇུག་ས་ཞུགས་ན་འདེགས་འབེབས་ཅན་གྱི་སྒྲ་གདངས་132སུ་འགྱུར་འགྲོ་བ་དང་། ང་མ་ཡང་འཇུག་ཅན་མོ་ཞེས་པའི་དོན། ཡང་འཇུག་ས་ཡི་བྱེད་ནུས་མངོན་པ་སྟེ། ང་མ་ཡང་འཇུག་ཅན་གྱི་སྒྲ་གདངས་འགྱུར་བའི་བྱེད་ནུས་དེ་རྗེས་འཇུག་ཕོ་ཡིག་དག་དང་མཚུངས་པ་དཔེར་ན། བསྐང་55དང་བསྐངས་53ལྟ་བུ་དང་།   གང་13དང་གདངས་132ལྟ་བུ། རྗེས་འཇུག་ཕོ་ལ་ཡང་འཇུག་ས་སྒྲའི་བྱེད་ནུས་ཉམས་པའི་རྒྱུ་རྐྱེན་གྱིས་སྒྲ་གདངས་ཡོད་པའི་ཡུལ་སྐད་དུ་སྐྱེས་བུ་རབ་འབྲིང་ཐ་ཡི་སྒྲ་གདངས་ལ་ཁྱད་པར་མེད་ཅིང་། རྗེས་འཇུག་ཕོ་ལ་ཡང་འཇུག་ས་སྒྲའི་བྱེད་ནུས་ཉམས་པའི་རྒྱུ་རྐྱེན་གྱིས་སྒྲ་གདངས་ཡོད་པའི་ཡུལ་སྐད་དུ་སྐྱེས་བུ་རབ་འབྲིང་ཐ་ཡི་སྒྲ་གདངས་ལ་ཁྱད་པར་མེད་ཅིང་།  རྗེས་འཇུག་མ་ནིང་ན་ར་ལ་གསུམ་ལ་སྒྲ་གདངས་འགྱུར་བ་གཏོང་བའི་བྱེད་ནུས་མེད། གལ་ཏེ་བྱེད་ནུས་ཡོད་པའི་དབང་དུ་བཏང་ན་ཡང་འཇུག་ད་ཡིག་ཕོ་ཡིག་ཡིན་པའི་རྒྱུ་མཚན་གྱིས་རྗེས་འཇུག་ཕོ་དང་ཡང་འཇུག་ས་དང་བྱེད་ནུས་མཚུངས་པ་དཔེར་ན། 55ཅན་དེ་53ལ་འགྱུར་བ་དང་།13ཅན་དེ་132ལ་འགྱུར་དགོས། འོན་ཀྱང་ད་དྲག་ཉམས་པས་གོང་གི་བྱེད་ནུས་ཤོར་ཡོད་དེ།  དེང་དུས་སུ་སྒྲ་གདངས་ཡོད་པའི་ཡུལ་སྐད་དེའི་གདངས་ཀྱི་འགྱུར་ལུགས་དང་རྟགས་ཀྱི་འཇུག་པའི་སྐབས་སུ་མིང་གཞི། སྔོན་རྟེན་གྱི་རྟགས་དང་འབྲེལ་བ་གྲུབ་པའི་རྗེས་སུ་བདག་ཅག་གིས་རྗེས་འཇུག་ག་ད་བ་ས་ཕོ་རྟགས་སུ། དབྱེ་བ་སི་ཏུའི་ཡང་དག་གདམས་པ་ཉིད། ཞེས་པ་ལྟར་སི་ཏུའི་རྗེས་འཇུག་གི་རྟགས་ཀྱི་དབྱེ་སྟངས་ཉིད་ཡང་དག་ཡིན་པ་མཚོན་ཐུབ། 
གསུམ་པ། བསྟན་བཅོས་འདིའི་ཁྱད་ཆོས་འགའ་བཤད་པ།   
         གཅིག  《སྨྲ་སྒོ་མཚོན་ཆ་》ཁུངས་སུ་བརྟེན་ནས་འགྲེལ་ཚུལ། སྤྱིར་《སྨྲ་སྒོ་མཚོན་ཆ་》ཁུངས་སུ་བརྟེན་ནས་སུམ་རྟགས་ལ་འགྲེལ་བྱེད་མཛད་མཁན་ནི་སི་ཏུ་གཅིག་པུ་མིན་ཏེ། པྲ་ཏི་སོགས་སྔ་འགྲེལ་མཁས་པ་འགའ་རེས་ཀྱང་ཁུངས་སུ་བརྟེན་ཡོད། ཡིན་ནའང་ལུངས་འདྲེན་གྱི་ནང་དོན་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་སི་ཏུ་ལྟ་བུའི་ཞིབ་ཆ་ཐོན་མེད་དེ། སི་ཏུས་《སྨྲ་སྒོ་མཚོན་ཆའི་》ལྟ་བ་དག་མཚམས་རེར་སྒྲུབ་བྱེད་དུ་བཀོད་ཅིང་། སྐབས་འགའ་རེར་དགག་བྱར་འཛིན་པ་སོགས་ཅི་རིགས་སྣང་། དཔེར་ན། ལ་ན་དག་གི་འཇུག་ཚུལ་བཤད་སྐབས། “ལ་ན་དག་ནི་དོན་འདི་འདྲ་ལ་ནམ་ཡང་འཇུག་པ་མ་ཡིན་པས། སྨྲ་སྒོར་ལ་ན་དག་གི་འཇུག་པ་འཆད་པའི་སྐབས་སུ་འདིར་འཇུག་པ་མ་བཤད་པ་དང་། དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་མ་ཡིན། །ཞེས་འབྱུང་བ་ནི་ལེགས་པར་བཤད་པའོ། །”⒄ཞེས་《སྨྲ་སྒོ་》རང་གི་མཐུན་ཕྱོགས་སུ་བཀོད་པ་དང་། གཞན་《སྨྲ་སྒོ་》རུ་རྣམ་དབྱེ་གསུམ་པ་བྱེད་སྒྲའི་ཕྲད་གིས་ལ་སོགས་པ་མི་མཐུན་པའི་ཚིག་རྒྱན་ལ་འཇུག་པར་བཤད་པ་དེར་མ་འཐད་པའི་དཔེར་བརྗོད་དང་བཅས་པ་བཀོད་དེ་དགག་པའི་སྤྲོས་པ་བྱས་ཡོད། སི་ཏུས་འདི་ལྟར་སུམ་རྟགས་གཉིས་དང་《སྨྲ་སྒོ་མཚོན་ཆ་》གསུམ་ག་ཟུང་འབྲེལ་བྱས་ནས་བོད་ཀྱི་བརྡ་སྤྲོད་རིག་པའི་དཀའ་གནད་ཁག་ལ་དོགས་གཅོད་ནན་མོ་གནང་བས། བརྡ་སྤྲོད་རིག་ལམ་ཞིབ་ཅིང་རྒྱས་པར་གཏན་ལ་འབེབས་ཐུབ་པར་གྱུར་ཅིང་། བོད་ཀྱི་བརྡ་སྤྲོད་རིག་པ་གཅིག་གྱུར་ཅན་དང་འཐུས་ཚང་ཅན་དུ་འགྱུར་འགོ་ཚུགས་པ་ཡིན་ནོ །   
         གཉིས།  སུམ་རྟགས་རྩ་བའི་དགོངས་པ་དངོས་ལ་བསྟུན་པ།  སི་ཏུས་བོད་ཀྱི་བརྡ་སྤྲོད་དེ་ལེགས་སྦྱར་གྱི་བརྡ་སྤྲོད་དང་ཁ་ཁ་སོ་སོར་བྱས་ཏེ་བོད་སྐད་རང་གི་ཐུན་མོང་མ་ཡིན་པའི་འགྲོས་དང་བསྟུན་ནས་བརྡ་སྤྲོད་ཀྱི་རྣམ་གཞག་དང་འགྲོ་སྟངས་སོགས་མཚོན་དགོས་པར་དགོངས་ཏེ། རྒྱ་གར་གྱི་བརྡ་སྤྲོད་རིག་པའི་སྒྲ་གཞུང་ཀ་ཙན་དབྱངས་གསུམ་གཞུང་ལུགས་ཀྱི་རྒྱབ་རྟེན་དུ་བྱས་ཤིང་། བོད་སྟོད་སྨད་བར་གསུམ་གྱི་ཡུལ་སྐད་ལ་ཞིབ་འཇུག་ནན་ཏན་བྱས་པ་དང་། “སྔར་འགྲེལ་ཁག་གི་བཞེད་པ་མི་མཐུན་པ་དག་ལ་དཔྱད་གླེང་ཞིབ་བསྡུར་གྱིས་གོ་རིམ་མཐར་ཆགས་སུ་སུམ་རྟགས་རྩ་བའི་དགོངས་པ་དངོས་ལ་རེག་ཅི་ཐུབ་ཀྱིས། རྩ་བའི་ཚིག་གི་འབྲུ་གནོན་སྟངས་དང་། དེའི་དོན་གྱི་གནད་འབྱིན་སྟངས། གཞུང་གི་ཁོག་འབུབས་སྟངས་བཅས་ལ་སྐབས་དོན་ཕན་ཚུན་མ་འདྲེས་པར་གསལ་བར་བྱས་ཏེ།”⒅སུམ་རྟགས་ཀྱི་གཞུང་དོན་རྒྱས་པར་བཀྲལ་པ་དང་། གཞན་ཡི་གེའི་འབྱུང་གནས་དང་འབྱིན་ཐབས། བཀླག་ཐབས་ཀྱི་སྐོར་ལ་ཉམས་ཞིབ་གནད་དུ་ཐིངས་བ་བྱས་ཤིང་། རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་སོགས་ལ་རང་ལུགས་གསར་དུ་བཏོན་པ་ནས། བོད་ཀྱི་བརྡ་སྤྲོད་རིག་པའི་དཀའ་གནད་མང་པོ་ཞིག་གསེད་བཀྲོལ་བྱེད་ཐུབ་པ་བྱུང་སྟེ། བརྡ་སྤྲོད་ཞིབ་རྒྱས་གཉིས་ལྡན་ཅན་དང་འཆད་ཉན་ཆེས་ཆེར་རྒྱས་པར་བྱས་ཡོད་པ་རེད།   
         གསུམ།  གཞུང་དོན་གྱི་སྤྱི་ཁོག་དང་ནང་དོན་གསལ་བ།  སུམ་རྟགས་གཉིས་ཀྱི་གཞུང་ལ་འབྲུ་འགྲེལ་དང་ཚིག་འགྲེལ། དོན་འགྲེལ་སོགས་འགྲེལ་པ་ཤིན་ཏུ་མང་པོ་བྱུང་བ་ལས། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་འགྲེལ་པ་དང་། ཀརྨ་སི་ཏུའི་འགྲེལ་པ་གཉིས་ལ་ཕྱིས་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་མཐོང་ཆེན་བྱེད་ཀྱིན་ཡོད་ལ། དེའི་རྒྱུ་མཚན་གཅིག་ནི་མཁས་པ་འདི་གཉིས་ཀྱིས་བོད་ཀྱི་བརྡ་སྤྲོད་ཀྱི་རིགས་ལམ་རྒྱས་པར་གཏན་ལ་ཕབ་པ་དང་གཞུང་དོན་རྒྱས་པར་བཀྲལ་པ་དེ་ལ་ཐུག་ཡོད་པར་སྙམ།  ཅིག་ཤོས་ནི་གཞུང་དོན་གྱི་སྤྱི་ཁོག་ལེགས་པར་ཕུབ་ཅིང་བརྡ་སྤྲོད་ཀྱི་སྒྲོམ་གཞི་གསར་དུ་བཟོས་ནས་བརྡ་སྤྲོད་ཀྱི་གནས་བྱེ་བྲག་པ་རེ་རེ་ལ་ཉམས་ཞིབ་ཀྱིས་བོད་ཀྱི་བརྡ་སྤྲོད་རིག་པ་ཞིབ་རྒྱས་སུ་བཏང་བ་ལ་རག་ལས་སྙམ། སྤྱིར་པྲ་ཏི་རིན་ཆེན་དོན་གྲུབ་ལ་སུམ་ཅུ་པའི་འགྲེལ་པ་རྒྱས་པ་ཞིག་ཡོད་མོད་ཀྱི། རྟགས་འཇུག་གཞུང་ལ་བཤད་སྦྱར་ཚིགས་བཅད་མ་མདོར་བསྡུས་ཙམ་ལས་མེད་པས།  སུམ་ཅུ་པའི་སྤྱི་ཁོག་འབུབས་སྟངས་ནི་ཤིན་ཏུ་ལེགས་པར་མཐོང་མོད། རྟགས་འཇུག་ནི་དེ་ཙམ་མ་ཡིན་ནོ།  །ཀརྨ་སི་ཏུར་སུམ་རྟགས་གཉིས་ཆ་ལ་འགྲེལ་པ་ཞིབ་རྒྱས་ཤིག་ཡོད་ལ་འགྲེལ་པ་དེ་གཉིས་ཀྱི་སྤྱི་ཁོག་དང་ནང་དོན་ཡང་ཧ་ཅང་གསལ་བ་ཞིག་ཡིན་པས། རྗེས་བྱོན་མཁས་པ་ཕལ་མོ་ཆེས་སི་ཏུའི་འགྲེལ་བྱེད་ཀྱི་སྤྱི་ཁོག་གཞིར་བཟུང་སྟེ་སུམ་རྟགས་གཉིས་ལ་འགྲེལ་པ་མཛད་ཀྱིན་ཡོད་དོ། །        
         མཇུག་བསྡུ་བ།   
         སི་ཏུས་སུམ་རྟགས་ཀྱི་རྩ་བར་མི་གསལ་བའི་བརྡ་སྤྲོད་ཀྱི་རྣམ་གཞག་དག་《སྨྲ་སྒོ་མཚོན་ཆ་》དང་《གནས་བརྒྱད་འགྲེལ་པ་》སོགས་ལ་ཟུར་ལྟ་བྱས་ནས་མཐའ་ཆོད་པའི་སྒོ་ནས་དཔྱད་པ་མཛད་ཅིང་།  ལྟ་ཚུལ་མི་འཐད་པ་རྣམས་ལ་དགག་གཞག་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ཀྱི་རིགས་ལམ་ཞིབ་ཅིང་རྒྱས་པར་གཏན་ལ་ཕབ་པ་དང་། དེ་མིན་སྔ་འགྲེལ་ཁག་ལས་གོ་བ་ལོག་འགྲེལ་བྱས་པའི་གནད་དོན་ཁག་ཅིག་སྟེ།  སུམ་ཅུ་པའི་མཚན་དོན་དང་། ཨ་ཡིག་དབྱངས་སུ་འཇོག་མིན།  རྣམ་དབྱེའི་དབྱེ་སྟངས། དངོས་པོ་བདག་གཞན།  རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཅས་ལ་བསྐྱར་ཞིབ་གནང་ནས་སུམ་རྟགས་ཀྱི་གཞུང་དོན་རྒྱས་པར་བཀྲལ་པ་ནས་བཟུང་སྟེ། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་གཏན་ཆགས་ཅན་དུ་འགྱུར་འགོ་ཚུགས་ཤིང་།  ཕྱིས་ཀྱི་མཁས་པ་རྣམས་ཀྱིས་བརྡ་སྦྲོད་ཀྱི་གནས་བྱེ་བྲག་པ་རེ་རེ་ལ་ཞིབ་ཕྲའི་སྒོ་ནས་དཔྱད་པ་གཏོང་འགོ་བརྩམས་པ་རེད།
         མཆན་འགྲེལ།
         ①ལྕགས་ཐར་རྒྱལ། 《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2012ལོ།  ཤོག་ངོས་9
         ②ཀརྨ་སི་ཏུ། 《སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས》[M] ཟི་ལིང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་17
         ③《དག་ཡིག་གསར་བསྒྲིགས》(དག་བཅོས་མ)[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་835
         ④ཐོན་མི་སམ་བྷོ་ཊ་དང་དངུལ་ཆུ་ཡབ་སྲས། 《སུམ་རྟགས་རྩ་འགྲེལ་སི་ཏུའི་ཞལ་ལུང》[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་6
         ⑤ཀརྨ་སི་ཏུ། 《སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས》[M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་93   
         ⑥ཚེ་ཏན་ཞབས་དྲུང་། 《ཐོན་མིའི་ཞལ་ལུང》[M] ལན་ཀྲོའུ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་116
         ⑦དོར་ཞི་གདོང་དྲུག་སྙེམས་བློ། 《བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2000ལོ།  ཤོག་ངོས་3
         ⑧ས་སྐྱ་བསོད་ནམས་རྩེ་མོ།《ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ》[M] 《དཔལ་ལྡན་ས་སྐྱ་པའི་གསུང་རབ》 པོད་གཉིས་པ།  པེ་ཅིན།  མི་རིགས་དཔེ་སྐྲུན་ཁང་།  ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་153
         ⑨ས་པཎ་ཀུན་དགའ་རྒྱལ་མཚན། 《ཡི་གེ་བཤད་པ་མཁས་པའི་ཁ་རྒྱན》[M] ས་པཎ་གསུང་འབུམ་པོད་གསུམ་པ། ལྷ་ས།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992ལོ།  ཤོག་ངོས་633
         ⑩དཔལ་སྒང་ཆོས་མཛད་ལོ་ཙཱ་བ། 《དག་ཡིག་ངག་སྒྲོན》[M] པེ་ཅིན།  མི་རིགས་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས་2
         ⑾ཀརྨ་སི་ཏུ། 《སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་36
         ⑿ཚེ་རིང་དོན་གྲུབ། 《བརྡ་སྤྲོད་རིག་པའི་རྣམ་བཤད་བློ་གསལ་འཇུག་པའི་བདེ་ལམ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་32
         ⒀ཀརྨ་སི་ཏུ། 《སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས》[M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་155
         ⒁ཐོན་མི་སམ་བྷོ་ཊ་དང་དངུལ་ཆུ་ཡབ་སྲས། 《སུམ་རྟགས་རྩ་འགྲེལ་སི་ཏུའི་ཞལ་ལུང》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་5
         ⒂ཀརྨ་སི་ཏུ། 《སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་199
         ⒃ཚེ་དབང་ལྷ་མོ། 《བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་བཤད》[M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས་32
         ⒄ཀརྨ་སི་ཏུ། 《སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས》[M] ཟི་ལིང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་73
         ⒅ཤིས་ཚང་མཁྱེན་རབ་རྒྱ་མཚོ། 《བརྡ་སྤྲོད་དཔྱད་གླེང་ལེའུ་བརྒྱད་མ》[M]ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས་148