དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་སིལ་བུའི་དུས་སྐབས་སུ་བསྟན་པ་སྔ་དར་ལས་སངས་རྒྱས་ཆོས་ལུགས་ཆེས་ཆེར་དར་ཐུབ་པའི་རྒྱུ་མཚན་གླེང་བ།

སྤེལ་དུས 2020-08-13 ཡོང་ཁུངས། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། རྩོམ་པ་པོ། བསོད་ནམས་རྒྱལ་མཚན།
[ནང་དོན་གནད་བསྡུས།] བསྟན་པ་སྔ་དར་དང་སིལ་བུའི་སྐབས་གཉིས་ཀྱི་ལོ་པཎ་མང་ཉུང་དང་། འགྱུར་དང་རང་རྩོམ་མང་ཉུང་། ཆོས་ལུགས་སྣ་ཚོགས་བྱུང་ཡོད་མེད་བཅས་བསྡུར་བའི་སྒོ་ནས་སིལ་བུའི་སྐབས་སུ་སངས་རྒྱས་ཆོས་ལུགས་སྔར་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་། དེ་ལྟ་བུའི་འཕེལ་རྒྱས་འབྱུང་ཐུབ་པའི་རྒྱུ་མཚན་གང་ཡིན་བརྗོད་ཡོད།
[གནད་ཚིག] བསྟན་པ་སྔ་དར། བོད་སིལ་བུའི་སྐབས། སངས་རྒྱས་ཆོས་ལུགས། དར་ཐུབ་པའི་རྒྱུ་མཚན།
        བོད་དུ་སངས་རྒྱས་ཆོས་ལུགས་ཐོག་མར་གདན་འདྲེན་མཁན་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིན་ལ། རྒྱལ་པོ་འདིའི་རིང་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་གཙུག་ལག་ཁང་སྟེ། ལྷ་ས་གཙུག་ལག་ཁང་དང་ར་མོ་ཆེ་གཉིས་ཀྱིས་གཙོ་བྱས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་མང་དུ་བཞེངས་ཤིང་། ཇོ་བོ་རྣམ་གཉིས་སོགས་ཡུལ་གཞན་ནས་གདན་དྲངས་པ་དང་། རང་གིས་བཞེངས་པའི་སྐུ་རྟེན། ཐུགས་རྗེ་ཆེན་པོ་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་བཀའ་དང་བསྟན་བཅོས་དུ་མ་སྤྱན་དྲངས་ནས་བོད་སྐད་དུ་བསྒྱུར་བ་བཅས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བའི་སྲོལ་ཕྱེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསམ་ཡས་གཙུག་ལག་ཁང་བཞེངས། རབ་བྱུང་གི་སྡེ་བཙུགས། དགེ་འདུན་གྱི་འཚོ་བ་རྒྱལ་པོའི་མཛོད་ནས་སྦྱར་བ། ལོ་ཙཱའི་གླིང་བཙུགས་ཏེ་ལོ་ཙཱ་བའི་དཔུང་སྡེ་སྐྱེད་སྲིང་བྱས་ནས་བཀའ་བསྟན་འབོར་ཆེན་བསྒྱུར། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་དུ་སྔར་ཡོད་གཙུག་ལག་ཁང་ཉམས་གསོ་དང་། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་གསར་དུ་བཞེངས། ཆོས་དང་རིག་གནས་ཀྱི་གཞུང་མང་དུ་བསྒྱུར། ལོ་ཙཱའི་ལག་ལེན་ལ་མཛུབ་སྟོན་གྱི་གཞུང་ལུགས《སྒྲ་སྦྱོར་བམ་གཉིས》གཏན་ལ་ཕབ་ནས་ལོ་ཙཱའི་བྱ་བ་གོང་དུ་སྤེལ། དཀོན་མཆོག་གསུམ་བླ་མར་བསྟེན་ནས་ཆོས་བྱ་དགོས་པའི་གཙིགས་ཀྱི་ཡི་གེ་མཛད། རྒྱལ་པོ་ཁྲི་རལ་བ་ཅན་གྱིས་སངས་རྒྱས་ཆོས་ལུགས་ལ་གུས་བཀུར་ཚད་མེད་མཛད་པ་དང་། དགེ་འདུན་རེ་རེ་ལ་འབངས་མི་ཁྱིམ་བདུན་རེའི་དབང་ཆ་གནང་བ་མ་ཟད། དགོན་སྡེ་ཁག་གཅིག་ལ་ས་ཞིང་དང་། ནོར་ཕྱུགས། ལྷ་འབངས་བཅས་སྒེར་བདག་གི་དབང་ཆ་གནང་། ལྷ་ཁང་སྔར་ཡོད་ཉམས་གསོ་དང་གསར་བཞེངས་མཛད།སྔར་མ་འགྱུར་བའི་བཀའ་བསྟན་མང་པོ་བསྒྱུར་ནས་སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛད། ཁྲི་དར་མས་བསྟན་པ་བསྣུབས་པས་དབུས་གཙང་དུ་འདུལ་བའི་བསྟན་པ་ཡོངས་སུ་ཉམས་ནས་ལོ་བརྒྱ་ལྷག་སོང་། འོད་སྲུང་སྐུ་མཆེད་གཉིས་སྲིད་དབང་འཕྲོག་རྩོད་ལོ་མང་བྱས། འབངས་གྱེན་ལོག་བྱས་ནས་བོད་སིལ་བུར་ཐོར། ས་གནས་བཅད་བཟུང་གི་རྣམ་པ་ཆགས་ཤིང་ལོ་བཞི་བརྒྱའི་རིང་དུ་སིལ་བུར་གནས།
དང་པོ། བོད་སིལ་བུའི་དུས་སྐབས་ཀྱི་སངས་རྒྱས་ཆོས་ལུགས།
        བོད་སིལ་བུའི་དུས་དཀྱིལ་ནས་བོད་ཀྱི་སངས་རྒྱས་ཆོས་ལུགས་བསྐྱར་དར་བྱུང་ནས་བསྟན་པ་སྔ་དར་ལས་ཆེས་ཆེར་དར་ཐུབ་པ་བྱུང་ཡོད་དེ། སྐབས་དེར་བོད་དུ་ཕེབས་པའི་པཎྜི་ཏ་དང་། ལོ་ཙཱ་བའི་གྲངས་སྔར་ལས་ཇེ་མང་དུ་སོང་བ། སྔར་ལས་འགྱུར་མང་བ། བོད་རང་གི་མཁས་པས་མཛད་པའི་བསྟན་བཅོས་མང་པོ་ཐོན་པ། སྔར་མེད་པའི་ཆོས་ལུགས་སྣ་ཚོགས་ཤིག་བྱུང་བ་བཅས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཤར།
        1. པཎྜི་ཏའི་ཆ་ནས། 《བུ་སྟོན་ཆོས་འབྱུང》ལྟར་ན་བསྟན་པ་སྔ་དར་གྱི་སྐབས་བོད་དུ་ཕེབས་པའི་པཎྜི་ཏ་སློབ་དཔོན་ཀུ་ས་ར་ནས་རིག་བྱེད་འོད་ཟེར་བར་བསྡོམས་པའི་པཎྜི་ཏ་ཉི་ཤུ་རྩ་གཅིག་བྱུང་། སིལ་བུའི་དུས་སྐབས་སུ་པཎྜི་ཏ་ཤྲཱིདྡྷཱ་ཀ་ར་ཝརྨ་དད་བྱེད་གོ་ཆ་ནས་ཛ་ཡ་ཀ་ར་བར་བསྡོམས་པའི་པཎྜི་ཏ་དྲུག་ཅུ་རེ་དྲུག་བྱུང་བས། བསྟན་པ་སྔ་དར་ལས་ལྡབ་གཉིས་ཀྱིས་ཇེ་མང་དུ་སོང་།
        2. ལོ་ཙཱ་བའི་ཆ་ནས། 《བུ་སྟོན་ཆོས་འབྱུང》ལྟར་ན་བསྟན་པ་སྔ་དར་གྱི་སྐབས་བོད་ནས་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་སློབ་སྦྱོང་བྱེད་པར་འགྲོ་མཁན་གྱི་ལོ་ཙཱ་བ་སློབ་དཔོན་ཐོན་མི་སཾ་བྷོ་ཊ་ནས་ནམ་མཁའ་སྐྱོང་གི་བར་བསྡོམས་པའི་མི་གྲངས་ལྔ་བཅུ་ང་ལྔ་བྱུང་། བོད་སིལ་བུའི་དུས་སྐབས་སུ་ལོ་ཆེན་རིན་ཆེན་བཟང་པོ་ནས་མི་མཉམ་བཟང་པོའི་བར་བསྡོམས་པའི་ལོ་ཙཱ་བ་བརྒྱ་དང་ཉེར་བདུན་བྱུང་ཡོད་པས། བསྟན་པ་སྔ་དར་ལས་ལྡབ་གཉིས་ཀྱིས་མང་། དུས་སྐབས་འདིར་ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། ལོ་ཆུང་གྲགས་འབྱོར་ཤེས་རབ། འབྲོག་མི་ཤཱཀྱ་ཡེ་ཤེས། མར་བ་ཆོས་ཀྱི་བློ་གྲོས། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རྭ་ལོ་རྡོ་རྗེ་གྲགས། རྔོག་ལེགས་པའི་ཤེས་རབ། རྔོག་བློ་ལྡན་ཤེས་རབ། ཟངས་དཀར་འཕགས་པ་ཤེས་རབ། འགོས་ཁུག་པ་ལྷས་བཙས། གྱི་ཇོ་ཟླ་བའི་འོད་ཟེར། བ་རི་རིན་ཆེན་གྲགས། པ་ཚབ་ཉི་མ་གྲགས། རྩ་མི་སངས་རྒྱས་གྲགས་པ། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་སོགས་ལོ་ཙཱ་བ་གྲགས་ཅན་མང་དུ་བྱོན་ནས་སངས་རྒྱས་ཆོས་ལུགས་དང་། བོད་ཀྱི་རིག་གནས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་ལ་མཛད་རྗེས་ཆེན་པོ་བསྐྲུན།
        3. འགྱུར་གྱི་ཆ་ནས། བསྟན་པ་སྔ་དར་ལས་བོད་སིལ་བུའི་སྐབས་འདིར་འགྱུར་གྱི་རྣམ་གྲངས་མང་བ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཅུའུས་བསྒྲིགས་པའི《གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད》དུ་བཀོད་པའི་འགྱུར་བྱང་ལྟར་ན། བསྟན་པ་སྔ་དར་སྐབས་འགྱུར་བའི་བཀའ་བསྟན་གྱི་རྣམ་གྲངས་བསྡོམས་ན་ཧ་ལམ630ཡས་མས་ཡོད། སིལ་བུའི་སྐབས་སུ་བྱོན་པའི་ལོ་ཙཱ་བ127ལས་ལོ་ཆེན་རིན་བཟང་པོས་བཀའ་བསྟན་གཉིས་ཀ་བསྡོམས་པའི་རྣམ་གྲངས198དང་། གྲགས་འབྱོར་ཤེས་རབ་ཀྱིས་བསྟན་འགྱུར་རྣམ་གྲངས12མགར་ཆོས་ཀྱི་བཟང་པོས་བཀའ་བསྟན་གཉིས་ཀ་བསྡོམས་པའི་རྣམ་གྲངས37དགེ་ཚུལ་ཁྱུང་གྲགས་ཀྱིས་བཀའ་བསྟན་གཉིས་ཀ་བསྡོམས་པའི་རྣམ་གྲངས5པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བཀའ་བསྟན་གཉིས་ཀ་བསྡོམས་པའི་རྣམ་གྲངས171ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བཀའ་བསྟན་གཉིས་ཀ་བསྡོམས་པའི་རྣམ་གྲངས130ཆོས་ཀྱི་ཤེས་རབ་ཀྱིས་བཀའ་བསྟན་གཉིས་ཀ་བསྡོམས་པའི་རྣམ་གྲངས84འགོས་ཁུག་པ་ལྷས་བཙས་ཀྱིས་བཀའ་བསྟན་གཉིས་ཀ་བསྡོམས་པའི་རྣམ་གྲངས73རྔོག་བློ་ལྡན་ཤེས་རབ་ཀྱིས་བཀའ་བསྟན་གཉིས་ཀ་བསྡོམས་པའི་རྣམ་གྲངས56བསྒྱུར་པར་མཛད་པ་སྟེ། ལོ་ཙཱ་བ་དགུས་བསྒྱུར་པའི་བཀའ་བསྟན་བསྡོམས་པའི་རྣམ་གྲངས766ལྷག་བཞུགས། བོད་སིལ་བུའི་དུས་སྐབས་ཀྱི་ལོ་ཙཱ་བའི་བརྒྱ་ཆའི་བདུན་མ་གཏོགས་ཟིན་མེད་པའི་ལོ་ཙཱ་བའི་འགྱུར་གྱི་རྣམ་གྲངས་ཀྱང་། བསྟན་པ་སྔ་དར་གྱི་ལོ་ཙཱ་བ་ཡོངས་ཀྱི་འགྱུར་གྱི་རྣམ་གྲངས་ལས་མང་བ་དེས། བོད་སིལ་བུའི་དུས་སྐབས་ཀྱི་འགྱུར་གྲངས་བསྟན་པ་སྔ་དར་ལས་ཆེས་མང་བ་གསལ་པོར་མཚོན་ཡོད། གསལ་བཤད་ཅིག་དགོས་པ་ནི། འདིར་འགྱུར་གྱི་རྣམ་གྲངས་མང་ཉུང་བཤད་པ་ཡིན་གྱི། འགྱུར་གྱི་ཤོག་ལྷེ་མང་ཉུང་བཤད་པ་མིན།
        4. བོད་རང་གི་མཁས་པས་མཛད་པའི་བསྟན་བཅོས་ཀྱི་ཆ་ནས། སྐབས་དེར་སྔར་ལས་འགྱུར་མང་བ་མ་ཟད། བོད་རང་གི་མཁས་པས་མཛད་པའི་བསྟན་བཅོས་ཀྱང་མང་བ་ཐོན་པ། དཔེར་ན། བཀའ་གདམས་པ་ལ་མཚོན་ན། འབྲོམ་སྟོན་པས་མཛད་པའི《ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས》དང་། 《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ》《གླེགས་བམ་གྱི་བཀའ་རྒྱ》《རང་རྒྱུད་ལ་བསྐུལ་མ་འདེབས་པའི་དད་པའི་ལྗོན་ཤིང་དང་སྦྱར་བ》《མི་ཆོས་གནད་ཀྱི་ཕྲེང་བ》སོགས། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་མཛད་པའི《རིན་ཆེན་བང་མཛོད》 དང་། 《ལོ་རྒྱུས་ཆེན་པོ》སོགས།པོ་ཏོ་པས་མཛད་པའི《དཔེ་ཆོས》སོགས། གྲོ་ལུང་པས་མཛད་པའི《བསྟན་རིམ་ཆེན་མོ》དང་། 《བསྟན་རིམ་ཆུང་བ》 ཇོ་བོའི་གཞུང་ཆུང་རྣམས་གཙོ་བོར་གྱུར་པའི་ཆོས་ཆུང་བརྒྱ་རྩ་ལ《དོན་ཁོག་འཆིང་བའི་ཊཱི་ཀ》སོགས། ལྕེ་སྒོམ་རྫོང་བ་ཤེས་རབ་རྡོ་རྗེས་མཛད་པའི《དཔེ་ཆོས་རིན་ཆེན་སྤུངས་པ》སོགས། ཕྱྭ་པ་ཆོས་ཀྱི་སེང་གེས་མཛད་པའི《བསྡུས་གྲྭ》དང་། 《བྱམས་ཆོས་སྡེ་ལྔའི་འགྲེལ་བ》《ཚད་མ་རྣམ་ངེས་ཀྱི་འགྲེལ་བ》《ཚད་མ་ཡིད་ཀྱི་མུན་སེལ》《ཤེས་བྱའ་གཞི་ལྔའི་རྣམ་གཞག》《དབུ་མ་བདེན་གཉིས་ཀྱི་འགྲེལ་བ》《དབུ་མ་སྣང་བའི་འགྲེལ་བ》《སྤྱོད་འཇུག་ཆེན་མོའི་འགྲེལ་བ》སོགས། ཁོང་གི་སློབ་མ་རིགས་པའི་དབང་ཕྱུག་སེང་ཆེན་བརྒྱད་ཀྱི་ནང་ནས་བྲུ་ཤ་བསོད་ནམས་སེང་གེ་དང་། གཉལ་པ་ཡོན་ཏན་སེང་གེ་གཉིས་མ་གཏོགས་དེ་མིན་ཚང་མས་ཚད་མ་དང་། དབུ་མ། ཕར་ཕྱིན་བཅས་ཀྱི་གཞུང་རྒྱས་བསྡུས་དུ་མ་མཛད་ཡོད།
ས་སྐྱ་པ་ལ་མཚོན་ན། ས་སྐྱ་ཀུན་དགའ་སྙིང་པོས་མཛད་པའི《བླ་མ་ས་ཆེན་གྱིས་མཛད་པའི་བརྟག་གཉིས་ཀྱི་དཀའ་འགྲེལ》སོགས་བརྩམས་ཆོས་བཅུ་དྲུག པོ་ཏི་གཉིས་བཞུགས། སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི《དཔལ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཊཱིཀ》སོགས་བརྩམས་ཆོས་བཅུ་དགུ། པོ་ཏི་གསུམ་བཞུགས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི《རྒྱུད་ཀྱི་མངོན་རྟོགས་རིན་པོ་ཆེའི་ལྗོན་ཤིང》སོགས་བརྩམས་ཆོས་ཞེ་        གཉིས། པོ་ཏི་བཞི་བཞུགས། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་ཞེས་བྱ་བའི་བསྟན་བཅོས》དང《སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས》《དྲི་མ་མེད་པའི་རྒྱན་ཞེས་པའི་རྒྱ་ཆེར་འགྲེལ་བ》《ཚད་མའི་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས》སོགས་བརྩམས་ཆོས་ཉེར་ལྔ། པོ་ཏི་གསུམ་བཞུགས།
བཀའ་བརྒྱུད་པ་ལ་མཚོན་ན། རྗེ་མར་བ་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི《གསང་འདུས་འགྲེལ་བ》《བཀའ་ཡང་དག་པའི་ཚད་མ》《བདེ་མཆོག་རྫོགས་རིམ》《དགྱེས་རྡོར་སྤྱི་དོན》《འབུམ་ཆུང་ཉི་མ》《གུར་གྱི་མན་ངག་སྲོག་ཤིང》《ཆོས་དྲུག་བཀའ་དཔེ་མ》《རྡོ་རྗེ་གདན་བཞིའི་སྒྲུབ་ཐབས》《ལས་རྒྱའི་ཆོས་བཅོ་ལྔ》སོགས་ལས་ཕྲན་ཚེགས་ཀྱི་སྐོར། བཀའ་སྲུང་དུད་སོལ་མའི་སྒྲུབ་འཕྲིན། མགུར་དབྱངས། བསླབ་བྱ་སོགས་མང་པོ་བཞུགས། རྗེ་བཙུན་མི་ལས་མཛད་པའི《བདེ་མཆོག་གི་རྒྱུད་འགྲེལ》《བསྐྱེད་རྫོགས་ཀྱི་མན་ངག་ཟིན་བྲིས》《དབུ་མ་ཡང་དག་པར་བརྗོད་པ》སོགས་དང་། མི་དང་མི་མ་ཡིན་གྱི་སློབ་ཚོགས་ལ་གདམས་པའི་མགུར་རྗེས་རབས་པས་ཕྱོགས་བསྒྲིགས་བྱས་པའི《རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ》དང་། 《རྡོ་རྗེ་མགུར་དྲུག》སོགས། མཉམ་མེད་དྭགས་པོ་ལྷ་རྗེས་མཛད་པའི《དམ་ཆོས་ཐར་བ་རིན་པོ་ཆེའི་རྒྱན》 དང་།《ཕྱག་ཆེན་ཆེན་པོ་རྩ་བ་ངོ་སྤྲོད 》《ལམ་མཆོག་རིན་ཆེན་ཕྲེང་བ》《ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད》《ཚོགས་ཆོས་ཆེན་མོ》སོགས། སྟག་ལུང་ཐང་བ་བཀྲ་ཤིས་དཔལ་གྱིས་མཛད་པའི་སྡོམ་པ་གསུམ་དང་ལམ་རིམ་སྐོར་དང་། གསང་སྔགས་ཀྱི་སྒྲུབ་ཐབས་སྐོར། ཞལ་གདམས་དང་མགུར་མ་སྣ་ཚོགས་ཀྱི་སྐོར་སོགས་སྡེ་ཚན་བརྒྱད་དུ་ཕྱེ་བའི་པོད་ཆེ་བ་ལྔ་ཙམ་བཞུགས། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་ལ་གསུང་འབུམ་པོད་ལྔ་བཞུགས།འབབ་རོམ་པ་དར་མ་དབང་ཕྱུག་གིས་གསུངས་པའི《བཀའ་བརྒྱུད་ཀྱི་བླ་མའི་གསོལ་འདེབས》སོགས་མགུར་ཆེན་ཉི་ཤུ་རྩ་དགུའི་སྐོར་བཞུགས། གཞན་ཡང་སྐབས་དེར་བཀའ་བརྒྱུད་པའི་མཁས་གྲུབ་དེ་འདྲ་མང་པོ་བྱོན་ཡོད་པ་ལ་མགུར་སོགས་གསུང་ཆོས་མེད་པ་མི་སྲིད་པས་མང་བ་བཞུགས་ངེས།
གཅོད་ལུགས་ལ་མཚོན་ན། མ་ཅིག་ལབ་སྒྲོན་གྱིས་མཛད་པའི《གཅོད་གཞུང་བཀའ་ཚོམ་ཆེན་མོ》《ཡང་རྩོམ》《ཉིང་རྩོམ》《ལེའུ་ལག》《གནས་ཐེམ》《ཁོང་རྒོལ》《གསང་བ་བརྡ་ཆོས》《ལ་བཟླས་སྐོར་གསུམ》《གཞི་ལམ་སློང་བ》《ཁྱད་པར་གྱི་མན་ངག》སོགས་སོ། །
        5. བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་བསྟན་པ་སྤེལ་བའི་ཆ་ནས། མངའ་བདག་རྩེ་ལྡེས་རབ་བྱུང་དང་པོའི་མེ་འབྲུག་སྟེ་ཕྱི་ལོ1076ལོར་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་ཕལ་ཆེར་མངའ་རིས་སུ་འདུས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྙེན་བཀུར་དང་བདག་རྐྱེན་མཛད། དེ་ལ་མངའ་རིས་ཆོས་འཁོར་ཆེན་པོ་ཞེས་གྲགས། དུས་དེར་ཟངས་མཁར་ལོ་ཙཱ་བས《ཚད་མ་རྒྱན》བསྒྱུར། རྭ་ལོ་རྡོ་རྗེ་གྲགས། གཉན་ལོ་དར་མ་གྲགས། ཁྱུང་པོ་ཆོས་བརྩོན། བཙན་ཁ་པོ་ཆེ། རྔོག་བློ་ལྡན་ཤེས་རབ། མར་ཐུང་དད་པ་ཤེས་རབ། དྭགས་པོ་དབང་རྒྱལ་རྣམས་ཆོས་འཁོར་ལ་བསྙེགས་ཏེ་བྱོན་ནས་ལྷན་འཛོམས་བྱུང་།
        སྐབས་དེར་གསང་ཕུར་རྔོག་ལོ་ཡབ་སྲས་ཀྱིས་རིགས་ལམ་ནས་དྲངས་པའི་སྡེ་སྣོད་ཀྱི་བཤད་ཉན་ཆེན་པོ་མཛད། བཀའ་གདམས་གཞུང་བ་གླང་ཐང་པ་རྡོ་རྗེ་སེང་གེ མན་ངག་པ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས། བྱ་ཡུལ་པ་གཞོན་ནུ་འོད། རྒྱ་མ་རིན་ཆེན་སྒང་བ་རྣམས་ཀྱིས་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་བརྒྱུད་པའི་བསྟན་པ་སྤེལ། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱིས་ཐལ་འགྱུར་བའི་ལུགས་ཀྱི་དབུ་མ་དང་། ཉང་སྟོད་རྒྱ་འདུལ་འཛིན་དང་མཚོ་སྣ་པ་ཤེས་རབ་བཟང་པོས་འདུལ་བ། གཉལ་ཞིག་འཇམ་དཔལ་རྡོ་རྗེས་ཕར་ཚད། རྔོག་ཨརྱ་དེ་ཝས་འདུས་པ་འགོས་ལུགས། བྱ་སྒང་བསོད་ནམས་སེང་གེ་སོགས་འདུས་པ་མར་ལུགས། བླ་མ་རྔོག་པ་ཡབ་སྲས་ཀྱིས་མར་ལུགས་གུར་བརྟག་སམ་གསུམ། ཟུར་ཆུང་བ་དང་རྗེ་སྒྲོ་ཕུག་པ་སོགས་ཀྱིས་ལུང་གི་མདོ་བདུན། སྒྱུ་འཕྲུལ་སྡེ་བརྒྱད། སེམས་སྡེ་ཉི་ཤུའི་སྐོར། རྭ་ཆོས་རབ། རོང་བ་རྒ་ལོ། དཔྱལ་ལོ། གླ་བ་ལོ་ཙཱ་བ། འབྲོ་ལོ་ཙཱ་བ་སོགས་ཀྱིས་གཤེད་སྐོར་དང་དུས་འཁོར། ས་སྐྱ་པ་དཀར་པོ་རྣམ་གསུམ་སློབ་བརྒྱུད་དང་བཅས་པས་འབྲོག་མི་ལུགས་ཀྱི་གསུང་ངག་གུར་བརྟག་སམ་གསུམ་དང་བདེ་མཆོག་སྐོར། རྗེ་བཙུན་མི་ལ། སྒམ་པོ་བ་བསོད་ནམས་རིན་ཆེན། འབྲུག་པ་གླིང་རས་པདྨ་རྡོ་རྗེ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ། འབྲི་སྟག་སོགས་ཀྱིས་ཕྱག་རྒྱ་ཆེན་པོ་དང་ཆོས་དྲུག་གི་སྐོར། པཎ་ཆེན་ཤཱཀྱ་ཤྲཱི་སོགས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པ་སྤེལ་བར་མཛད་པས། དུས་དེར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་དར་ཞིང་རྒྱས་པའི་རྣམ་པ་གསར་བ་ཤར།
        6. ཆོས་ལུགས་མང་དུ་བྱུང་བའི་ཆ་ནས།
        སྐབས་འདིར་བསྟན་པ་སྔ་དར་ལས་ཆོས་བདག་མང་བ་བྱོན་ཞིང་ཆོས་ལུགས་སྣ་ཚོགས་ཤིག་དར་བ། “ཆོས་ལུགས་ཤིག་ལ་མཚོན་ན་དང་པོ་བྱུང་བའི་མཚམས་གང་ནས་འཛིན་དགོས་པའི་སྐོར་ལ་བཤད་ཚུལ་མི་འདྲ་བ་གཉིས་ཡོད་དེ། ཆོས་ལུགས་དང་པོ་སྲོལ་གཏོད་མཁན་བླ་མ་དེས་སློབ་མ་ལ་ཆོས་བཤད་ནས་ཆོས་བརྒྱུད་འཛིན་པའི་སློབ་མ་དང་པོར་བྱུང་བ་ནས་ངོས་འཛིན་པ་གཅིག་དང་། བླ་མ་དེའམ་དེའི་ཆོས་བརྒྱུད་འཛིན་པའི་སློབ་མས་དགོན་པ་སོགས་ཀྱི་གནས་གཞི་དང་པོར་བཟུང་བ་ནས་ཆོས་ལུགས་དེ་བྱུང་བར་འདོད་པའི་བཤད་ཚུལ་གཉིས་ཡོད་པས། སྐབས་རེ་དང་པོའི་དབང་དུ་བྱས་ནས་བཤད་དགོས་པ་དང་། སྐབས་རེ་གཉིས་པའི་དབང་དུ་བྱས་ནས་བཤད་དགོས་པ་ཡང་འདུག” [1]m
        དེ་ཡང་རབ་བྱུང་གོང་གི་ས་སྟག་སྟེ་སྤྱི་ལོ1002ལོ་ནས་རབ་བྱུང་གསུམ་པའི་མེ་སྟག་སྟེ་སྤྱི་ལོ1206ལོའི་བར་དུ། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་སྔ་འགྱུར་རྙིང་མའི་བསྟན་པའི་རྩ་བ་བཙུགས་པ་དང་། དེའི་རྗེས་སུ་བཀའ་གདམས་པ་དང་། ས་སྐྱ་པ།བཀའ་བརྒྱུད་པ་ཆེ་བཞི་ཆུང་བརྒྱད་སོགས་གྲུབ་མཐའ་དུ་མ་སྔ་ཕྱིར་བྱུང་།
        གཞན་ཡང་ཕ་དམ་པ་ལས་བརྒྱུད་པའི་ཞི་བྱེད་དང་གཅོད་ལུགས་གཉིས་བྱུང་། གཅོད་ལུགས་ལའང་ཡར་ལུང་སྨ་ར་སེར་པོས་སྤེལ་བའི་ཆོས་བརྒྱུད་པ་ལ་ཕོ་གཅོད་དང་། སྐྱོ་སྟོན་བསོད་ནམས་བླ་མའི་སློབ་མ་མ་ཅིག་ལབ་ཀྱི་སྒྲོན་མེས་སྤེལ་བའི་ཆོས་བརྒྱུད་ལ་མོ་གཅོད་ཅེས་གྲགས་སོ། །
གཉིས་པ། བོད་སིལ་བུའི་སྐབས་འདིར་སངས་རྒྱས་ཆོས་ལུགས་ཆེས་ཆེར་དར་ཐུབ་པའི་རྒྱུ་རྐྱེན།
        བོད་སིལ་བུའི་དུས་དཀྱིལ་ནས་བོད་ཁ་ཐོར་མཇུག་སྒྲིལ་བའི་བར་གྱི་ལོ་བརྒྱ་ལྷག་གི་རིང་དུ་བསྟན་པ་སྔ་དར་ལས་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་དར་ཐུབ་པ་ལ་གཙོ་བོ་གཤམ་གསལ་གྱི་རྒྱུ་རྐྱེན་འགའ་མཆིས་ཏེ།
        1. བཙན་པོའི་གདུང་རྒྱུད་ཕྱི་མ་དག་གིས་གཙིགས་ཆེན་གནང་བ།
        གཅིག་གྱུར་གྱི་བཙན་པོ་རྒྱལ་རབས་སིལ་བུར་ཐོར་རྗེས། རྗེ་ཚན་མང་པོ་བྱུང་ནས་ཁ་ཐོར་གྱི་རྣམ་པ་ཆགས་ཤིང་། གཅིག་འོག་ཏུ་གཅིག་མ་འདུས་པའི་དམག་འཁྲུག་ཡུན་རིང་བྱས། འོན་ཀྱང་ཆོས་ལུགས་བསྐྱར་དར་འབྱུང་བ་ལ་རྒྱལ་ཕྲན་གྱི་དབང་སྒྱུར་པ་རྣམས་དང་། ཁྱད་པར་དུ་ཁྲི་དར་མའི་གདུང་རྒྱུད་ཕྱི་མ་རྣམས་ཀྱིས་ཤུགས་ཆེན་བཏོན་ནས་སངས་རྒྱས་ཆོས་ལུགས་སྔར་ལས་ཆེས་ཆེར་དར་བར་བྱས་པ། དཔེར་ན། ཁྲི་དར་མའི་སྲས་ཡུམ་བརྟན་གྱི་རྒྱུད་པ་བསམ་ཡས་བདག་པོ་ཚ་ན་ཡེ་ཤེས་རྒྱལ་མཚན་དང་དེའི་སྲས་ཁྲི་བ་ཡབ་སྲས་གཉིས་ཀྱིས་མཐུན་རྐྱེན་སྦྱོར་བ་ལ་བརྟེན་ནས། ཀླུ་མེས་སོགས་དབུས་གཙང་གི་མི་བཅུས་ལྷ་ཁང་ཉམས་གསོ་དང་། གཙུག་ལག་ཁང་བརྩིགས་ཏེ་དགེ་འདུན་གྱི་སྡེ་སྤེལ། འདུལ་བ་གཙོ་བྱས་པའི་ཕྱི་ནང་གི་རིག་པའི་གནས་ལ་སྦྱོང་བའི་སྲོལ་དབུས་གཙང་མངའ་རིས་སོགས་སུ་ཁྱབ་པར་མཛད་པས། བསྟན་པའི་མེ་རོ་སྨད་ནས་གསོས་ནས་སྟོད་དུ་ཁྱབ་ཅེས་པའི་གྲགས་པ་དོན་དང་ལྡན་པ་དེ་བྱུང་། ཡང་དཔེར་ན། ཁྲི་དར་མའི་སྲས་འོད་སྲུང་གི་རྒྱུད་པ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མེས་པོ་སྲོང་བཙན་སྒམ་པོས་སྲོལ་བཏོད་པའི་བོད་ཕྲུག་མཛངས་པ་ཕྱི་རྒྱལ་ལ་མངགས་པ་དང་། ཕྱི་རྒྱལ་གྱི་མཁས་པ་ནང་དུ་གདན་འདྲེན་པའི་ལེགས་དགུ་འབྱུང་བའི་མཛད་བཟང་སླར་གསོ་གནང་ནས། ཁྱེའུ་བློ་རྣོ་བ་ཉེར་གཅིག་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་སློབ་པར་བརྫངས། དེ་དག་ལས་རིན་ཆེན་བཟང་པོ་དང་ལེགས་པའི་ཤེས་རབ་གཉིས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པར་བསླབས་ནས་ཕྱིར་བོད་དུ་ཕེབས། མདོ་སྔགས་ཀྱི་གཞུང་ལུགས་མང་པོ་བསྒྱུར་ཅིང་གཏན་ལ་ཕབ། འཆད་ཉན་སྤེལ་བ་བཅས་ཀྱི་སྒོ་ནས་ཆོས་དང་རིག་གནས་འཕེལ་རྒྱས་འགྲོ་བར་ཕན་ནུས་ཆེན་པོ་ཐོན་པས། བོད་ཀྱི་ལོ་རྒྱུས་ཐོག་ཏུ་རིན་ཆེན་བཟང་པོ་ལ་ལོ་ཆེན་དང་། ལེགས་པའི་ཤེས་རབ་ལ་ལོ་ཆུང་ཞེས་པའི་ཆོ་ལོ་ཕུལ། དེས་ཕྱི་ཕྱོགས་ལ་མཁས་པར་སློབ་པར་འགྲོ་བའི་མཐོ་རླབས་ཤིག་འཕྱུར་དུ་བཅུག་པས། སྐབས་དེ་དག་ཏུ་བོད་ཀྱི་ལོ་རྒྱུས་ཐོག་ཏུ་གྲགས་སྙན་འབར་བའི་ལོ་ཙཱ་བ་མང་བ་བྱོན་ཡོད། དཔེར་ན། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་སོགས་མང་དུ་བྱུང་ཡོད། དེར་མ་ཟད་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་ལ་སོགས་པའི་པཎྜི་ཏ་སྐོར་ཞིག་སྤྱན་དྲངས། བོད་དུ་བཞུགས་པའི་མདོ་རྒྱུད་དགོངས་འགྲེལ་གསུང་རབ་ཁག་ལ་དག་ཐེར་དང་། ཁ་ཤས་གསར་དུ་བསྒྱུར། བསྒྱུར་ཟིན་རྣམས་དག་བཅོས་དང་བཅས་འཆད་ཉན་གྱིས་གཏན་ལ་ཕབ་པ། འདུལ་བའི་ཕྱག་ལེན་དང་བཤད་པ་གནང་བ་སོགས་ནང་པའི་བསྟན་པ་དར་ཞིང་རྒྱས་ཕྱིར་འབད་བརྩོན་ཆེན་པོ་མཛད། ཁྱད་པར་དུ་ལྷ་བླ་མས་ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་ཨ་ཏི་ཤ་རྒྱ་གར་ནས་བོད་དུ་གདན་འདྲེན་པའི་ཆེད་དུ་རང་སྲོག་བློས་བཏང་བ་དང་། དབོན་པོ་བྱང་ཆུབ་འོད་ལ་རྒྱ་གར་ནས་ཇོ་བོ་རྗེ་གདན་འདྲེན་ཞུས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་འཕེལ་གཏོང་དགོས་པའི་བཀའ་ཆེམས་གནང་། བྱང་ཆུབ་འོད་ཀྱིས་ཀྱང་ཁུ་བོའི་བཀའ་ཆེམས་བཞིན་རྒྱ་གར་ནས་ཇོ་བོ་ཆེན་པོ་བོད་དུ་གདན་དྲངས། བོད་ཀྱི་བསྟན་པ་ལ་དག་ཐེར་མཛད་དགོས་པའི་གསོལ་བ་བཏབ་པ་བཞིན། ཇོ་བོ་ཆེན་པོས་ཀྱང་བོད་དུ་མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་པའི་རིམ་པར་དྲིལ་བའི་གཞུང《བྱང་ཆུབ་ལམ་གྱི་སྒྲོན་མ》ལ་སོགས་པ་བཀའ་རྩོམ་གནང་ནས། བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བའི་སྒོ་ནས་རྒྱས་པར་མཛད།
        2. བསྟན་པ་སྔ་དར་གྱི་གཞུང་ལུགས་དང་ཆོས་པའི་རྨང་གཞི་ཡོད་པ།
        རྒྱལ་པོ་དར་མས་བསྟན་པ་བསྣུབས་ཏེ་དབུས་གཙང་དུ་རབ་བྱུང་བ་མེད་པར་བཟོས་ནའང་། རབ་བྱུང་གི་རྟགས་མེད་པའི་གསང་སྔགས་པ་དང་ཆོས་དད་ཅན་མང་པོ་ཞིག་ཡོད་པ་དེ་རྣམས་ཀྱིས་ལྷ་ཁང་། ལྷ་སྐུ། དཔེ་ཆ་སོགས་ཐབས་ཤེས་གང་ཡོད་ཀྱིས་སྲུང་སྐྱོབ་བྱས་པས། ལྷ་སའི་གཙུག་ལག་ཁང་ལ་སོགས་ལྷ་ཁང་དང་། ཇོ་བོ་རྣམ་གཉིས་སོགས་ཀྱི་སྐུ་བརྙན་ད་ལྟ་མཆོད་པའི་ཞིང་དུ་བཞུགས་ཡོད་པ་མ་ཟད། རལ་བ་ཅན་ཡན་ཆད་དུ་འགྱུར་བའི་བཀའ་དང་བསྟན་བཅོས་ཀྱི་པོ་ཏི་རྣམས་ཕལ་ཆེ་བ་ད་ལྟ་ང་ཚོའི་ལོངས་སྤྱོད་དུ་ཡོད་པ་འདི་ལགས། གཞན་དར་མས་བོད་དབུས་གཙང་དུ་བསྟན་པ་བསྣུབས་པ་ལས་ཁམས་དང་། མདོ་སྨད་དུ་བསྟན་པ་ནམ་དར་ནས་མ་ཉམས་པར་གནས་ཤིང་། ཁྱད་པར་དུ་མདོ་སྨད་མཚོ་སྔོན་དུ་བྲོས་ཕེབས་པའི་མཁས་པ་མི་གསུམ་དང་། མདོ་སྨད་ཏུན་ཧོང་དུ་བྲོས་ཕེབས་པའི་ལོ་ཙཱ་བ་ཆེན་པོ་འགོས་ཆོས་གྲུབ་ལ་སོགས་པས་འཛིན་སྤེལ་བྱས་པས་བསྟན་པ་དར་རྒྱས་སུ་འགྲོ་བཞིན་ཡོད། དེ་དག་ཚང་མ་སངས་རྒྱས་ཆོས་ལུགས་བསྐྱར་དར་གྱི་སྐབས་འདིར་གཞི་ནས་ཉམས་གསོ་དང་དར་སྤེལ་གཏོང་བའི་རྨང་གཞིར་གྱུར་པས། བོད་སིལ་བུའི་སྐབས་འདིར་བསྟན་པ་སྔ་དར་ལས་ཀྱང་ཆེས་ཆེར་དར་ཐུབ་པ་བྱུང་བ་ཡིན།
        3. མང་ཚོགས་ཀྱི་རྨང་གཞི་མི་ཆུང་བ་ཞིག་ཡོད་པ།
        སྐབས་དེར་སངས་རྒྱས་ཆོས་ལུགས་བོད་དུ་དར་ནས་བོན་བསྟན་ལྟ་བུའི་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཟིན་མེད་ནའང་། བསྟན་པ་བསྣུབས་ནས་བསྟན་པ་ཕྱི་དར་བར་གྱི་ལོ་བརྒྱ་ལྷག་གི་རིང་དུ་སངས་རྒྱས་ཆོས་ལུགས་ལ་དད་པའི་མང་ཚོགས་མི་ཉུང་བ་ཞིག་བྱུང་ཞིང་། དེ་རྣམས་དར་མས་བསྟན་པ་བསྣུབས་པ་ལ་ན་ཟུག་སྐྱེས་ཤིང་། བསྟན་པ་ཉམས་གསོ་བྱེད་པའི་རེ་འདུན་དྲག་པོ་ཡོད། དེ་ཇི་ལྟར་ཤེས་ཟེར་ན། འདི་ལྟ་སྟེ། མངའ་བདག་འོད་སྲུང་རྒྱལ་སྲིད་ལ་དབང་བསྐུར་རྗེས“མངའ་བདག་འདི་གཉིས་སྐུ་ནར་མ་སོན་ཀྱང་། བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས་ཞུས་ཏེ། ཇོ་བོ་རྣམ་གཉིས་དང་། བྱམས་མགོན་རྣམས་ས་འོག་ནས་བཏོན་ནས། རང་རང་གི་ཁྲི་ལ་བཞུགས་ནས་མཆོད་པ་བྱས། ལྷ་ཁང་ཞིག་པ་རྣམས་སླར་གསོས”[2]ནས་ཡབ་ཀྱི་མཛད་པ་དང་མི་མཐུན་པར་གནང་བ་དང་། དེ་རྗེས་རིམ་གྱིས་རྟགས་རང་གིས་བླངས་ནས་ཤམ་ཐབས་གོང་བ་ཅན་གོན། སྐྲ་གཞན་བྲེགས་གཙུག་ཕུད་བཞག་པ་དབྱར་ཟླ་གསུམ་དབྱར་གནས་བྱེད་ཟེར་ནས་གཙུག་ལག་ཁང་དུ་བསྡད་ནས་གཏན་ཁྲིམས་ལྔ་སྲུང་། དེ་ནས་དགག་དབྱེ་བྱེད་ཟེར་ཏེ་གྲོང་དུ་ཁྱིམ་ཐབ་བྱེད། མིང་དགྲ་བཅོམ་གཙུག་ཕུད་ཅན་ཟེར་བ་མང་པོ་བྱུང་ནས་སྐྱེ་བོའི་མཆོད་གནས་སུ་གྱུར་པ་དང་། ནང་ཆོས་གསུང་རབ་སྐོར་ཞིག་དམངས་ཁྲོད་དུ་ཁྱབ་ནས་འགྲོ་དོན་བྱུང་བ། དཔེར་ན། མི་དར་མ་ཤི་ན《འབུམ》དང་། གཞོན་པ་ལ《ཉི་ཁྲི》 བྱིས་པ་ལ《བརྒྱད་སྟོང་པ》འདོན་ཀློག་བྱེད་པ་བྱུང་ཡོད་པ་དང་། སྔགས་པ་ཕལ་ཆེར་གྱིས་ཀྱང་རང་རང་གི་བུ་དང་སློབ་མ་དག་ལ་སྒྲུབ་ཐབས་འཆད་པ་བྱུང་བ་སོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། རིམ་གྱིས་སངས་རྒྱས་ཆོས་ལུགས་ལ་དགའ་ཞེན་ཆེ་བའི་མང་ཚོགས་ཇེ་མང་ནས་ཇེ་མང་དུ་སོང་བར་སྣང་སྟེ། “ཕྱིས་ཁམས་ནས་ཕྱོགས་འདིར་རབ་ཏུ་བྱུང་བ་བྱོན་པ་མཐོང་མ་ཐག་ཏུ་དགའ་ཆེས་ཏེ། གཙུག་ལག་ཁང་གི་ཕྱོགས་སུ་ཡོ་བྱད་མང་དུ་བཏང་ནས་བརྩིགས། དགེ་འདུན་གྱི་འཚོ་བ་ལེགས་པར་སྦྱར་བས་དགེ་འདུན་བགྲང་བ་ལས་འདས་པ་འཕེལ་བ་ཡིན” [3]པའི་ཕྱིར། དེ་ལས་སྐབས་དེའི་སྤྱི་ཚོགས་ཀྱི་བསམ་པའི་འཁོར་ཕྱོགས་དང་། ཆོས་ལ་དགའ་བའི་སྟོབས་ཤུགས་མི་ཆུང་བ་ཞིག་གནས་ཡོད་པ་མངོན་པར་བྱས་ཡོད། སྤྱི་ཚོགས་ཀྱི་བསམ་པའི་འཁོར་ཕྱོགས་དང་། ཆོས་ལ་དགའ་བའི་སྟོབས་ཤུགས་མི་ཆུང་བ་ཞིག་གནས་ཡོད་པ་དེ་ནི། སངས་རྒྱས་ཆོས་ལུགས་བསྐྱར་དར་འབྱུང་བའི་སྐུལ་ཤུགས་སུ་གྱུར་ཡོད།
        4. དཔལ་འབྱོར་འཕེལ་རྒྱས་ཆེ་ཙམ་བྱུང་བ།
        བསྟན་པ་སྔ་དར་གྱི་རྨང་གཞི་དང་། དད་ལྡན་མང་ཚོགས་མི་ཉུང་བ་ཞིག་གིས་རྒྱབ་སྐྱོར་ཡོད་པའི་ཁར། སྐབས་དེར་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེ་ཙམ་བྱུང་ཡོད་དེ། བོད་སིལ་བུའི་དུས་དཀྱིལ་དུ་སླེབས་སྐབས་བོད་ཀྱི་ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་ཆེ་ཙམ་བྱུང་བ་དང་ཆབས་ཅིག སྟོད་མངའ་རིས་ཀྱི་དིང་རི་དང་།གཉའ་ནང་། གཙང་གི་ལྷ་རྩེ་ཚོང་འདུས་མགུར་མོ་བཅས་སུ་ཚོང་རྭ་ཆགས་འགོ་ཚུགས་ཤིང་། སྟོད་མངའ་རིས་གུ་གེ་དང་བྱང་གི་ལོ་རྡེང་ཟེར་བའི་ས་ཆ་གཉིས་ནས་གསེར་གྱི་གཏེར་ཁ་ཐོན་པ། ལྷོ་ཁ་དང་ངམ་རིང་གཉིས་སུ་དཀར་ཡོལ་བཟོ་བའི་ལག་རྩལ་དར་བ་སོགས་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེ་ཙམ་བྱུང་། དེས་ཕྱི་ནས་ནང་དུ་མཁས་པ་གདན་འདྲེན་སྤྱད་དང་། ནང་ནས་ཕྱི་རུ་སློབ་སྦྱོང་བྱེད་པར་འགྲོ་མཁན་གྱི་ལོ་ཙཱ་བ་རྣམས་ཀྱི་སློབ་ཡོན་དང་། འགྲོ་སོང་ཁག་ཐེག་བྱས་པ་མ་ཟད། ཆོས་ལུགས་མི་འདྲ་བའི་ཆོས་གཞིས་འདེབས་པའི་ཆ་རྐྱེན་བསྐྲུན་པས། བོད་སིལ་བུའི་དུས་སྐབས་སུ་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་སློབ་པར་འགྲོ་མཁན་ལོ་ཆེན་རིན་ཆེན་བཟང་པོ་ནས་མི་མཉམ་བཟང་པོའི་བར་བསྡོམས་པའི་ལོ་ཙཱ་བ་བརྒྱ་དང་ཉེར་བདུན་བྱུང་ཡོད་པས། བསྟན་པ་སྔ་དར་ལས་ལྡབ་གཉིས་ཀྱིས་མང་ཞིང་། བོད་དུ་ཕེབས་པའི་པཎྜི་ཏ་ཤྲཱིདྡྷཱ་ཀ་ར་ཝརྨ་དད་བྱེད་གོ་ཆ་ནས་ཛ་ཡ་ཀ་ར་བར་བསྡོམས་པའི་པཎྜི་ཏ་དྲུག་ཅུ་རེ་དྲུག་བྱུང་པས། བསྟན་པ་སྔ་དར་ལས་ལྡབ་གཉིས་ཀྱིས་མང་བ་རེད།
        5. ཇོ་བོ་རྗེའི་འཕྲིན་ལས་ལ་བརྟེན་པ།
        མངའ་རིས་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཁུ་དབོན་རྣམ་གཉིས་ཀྱིས་ལུས་སྲོག་ལོངས་སྤྱོད་ལ་མ་འཛེམ་པར་མཁས་གྲུབ་ཆེན་པོ་ཇོ་བོ་ཨ་ཏི་ཤ་བོད་དུ་གདན་འདྲེན་པར་མཛད། ཇོ་བོས་ཀྱང་གདན་དྲངས་པ་ལྟར་སྤྱི་ལོ1040ལོར་བོད་དུ་ཕྱག་ཕེབས་ནས། སྤྱི་ལོ1054ལོར་སྐུ་མྱ་ངན་ལས་འདས་པའི་བར་བོད་དུ་བཞུགས་པའི་རིང་འཆད་རྩོད་རྩོམ་གསུམ་དང་། ཁྱད་པར་དུ་འཆད་རྩོམ་གཉིས་ཀྱི་སྒོ་ནས་བོད་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བ་སྟེ། འཆད་པས་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ཅིང་། རྩོམ་པས་སྔར་མ་འགྱུར་བ་གསར་དུ་བསྒྱུར་བ་དང་། འགྱུར་ཟིན་རྣམས་ལ་འགྱུར་བཅོས་མཛད་པ། རང་ཉིད་ཀྱིས《བྱང་ཆུབ་ལམ་གྱི་སྒྲོན་མ》སོགས་གསར་རྩོམ་བརྒྱ་ལྷག་ཙམ་གནང་བ་བཅས་ལ་བརྟེན་ནས། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ། བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་སྤེལ་ནས་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པར་མཛད།
        ཇོ་བོའི་འཕྲིན་ལས་ལ་བརྟེན་ནས་བཀའ་གདམས་པ་དང་། བཀའ་གདམས་པའི་ཁུ་རྔོག་འབྲོམ་གསུམ་གྱིས་གཙོ་བྱས་པའི་སྐྱེས་ཆེན་དམ་པ་མཐའ་ཡས་པ་བྱུང་ཡོད་པར་མ་ཟད། བསྟན་པ་དང་བསྟན་འཛིན་གཞན་ཡང་བྱུང་ཡོད་དེ། དཔེར་ན། བཀའ་བརྒྱུད་ཀྱི་མེས་པོ་མར་བ་ལོ་ཙཱ་བས་ཇོ་བོ་ལས་གདམས་པ་གསན་ཅིང་། ཁྱད་པར་དུ་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་བདག་མཉམ་མེད་དྭགས་པོ་ལྷ་རྗེས་ཇོ་བོའི་དངོས་སློབ་རྣལ་འབྱོར་བ་ཆེན་པོའི་སློབ་མ་རྒྱ་ཡོན་བདག་ལས་བཀའ་གདམས་གསན། དེ་བཞིན་དུ་ཕག་གྲུ་བཀའ་བརྒྱུད་པའི་ཆོས་བདག་འགྲོ་མགོན་ཕག་གྲུ་རྡོ་རྗེ་རྒྱལ་པོས་དགེ་བཤེས་དོལ་པ་དང་། འབབ་རོམ་བཀའ་བརྒྱུད་ཀྱི་ཆོས་བདག་འབབ་རོམ་དར་མ་དབང་ཕྱུག་གིས་དགེ་བཤེས་བྱ་ཡུལ་པ་དང་། པོ་ཏོ་བའི་བུ་ཆེན་གྲུ་འབུ་ལུང་པ་དང་། འབྲི་གུང་པའི་ཆོས་བདག་སྐྱོབ་པ་འཇིག་རྟེན་མགོན་པོས་གླང་ལུང་པ་དང་། སྟག་ལུང་བཀའ་བརྒྱུད་ཀྱི་ཆོས་བདག་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ལྡན་གྱིས་འཆད་ཀ་པ་དང་། ཀརྨ་བཀའ་བརྒྱུད་པའི་ཆོས་བདག་ཀརྨ་དུས་གསུམ་མཁྱེན་པས་རྔོག་ལོ་ཙཱ་བའི་སློབ་མ་མཆོག་གི་བླ་མ་སོགས་བསྟེན་ནས་བཀའ་གདམས་ཀྱི་ཆོས་སྐོར་གསན། ཕྱཱ་བ་ཆོས་ཀྱི་སེང་གེ་ལས་བྱམས་ཆོས་དང་ཚད་མ་གསན། ཤ་ར་པ་དང་རྣལ་འབྱོར་བ་ཤེས་རབ་རྡོ་རྗེ་སོགས་བཀའ་གདམས་ཀྱི་དགེ་བཤེས་མང་བ་ལས་བཀའ་གདམས་ཀྱི་གཞུང་དང་། མན་ངག་གསན་ནས། སྤྱོད་ཕྱོགས་ཀྱི་ཉམས་ལེན་ཐམས་ཅད་བཀའ་གདམས་ལུགས་བཞིན་མཛད་ཡོད། ཡང་དཔེར་ན། ས་སྐྱ་པའི་ལམ་འབྲས་ཀྱི་ཆུ་འགོ་འབྲོག་མི་ལོ་ཙཱ་བས་ཇོ་བོ་ཉིད་ལས་ཆོས་གསན་པ་དང་། ཁྱད་པར་དུ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་སྣེའུ་ཟེར་པའི་སློབ་མ་སྤྱི་བོ་ལྷས་པ་ལས་བཀའ་གདམས་གསན་ཅིང་། “ཁོང་གི་གསུང་རབ་རྣམས་སུ་ཡང་ཐེག་ཆེན་ཐུན་མོང་བའི་ལམ་གྱི་ཉམས་ལེན་ཐམས་ཅད་བཀའ་གདམས་ལུགས་ཁོ་ན་མཛད་པས། རྗེས་འབྲང་གི་ས་སྐྱ་པ་རྣམས་ཀྱང་སྲོལ་དེ་བཞིན་བྱེད་དོ། །”[4] ཡང་དཔེར་ན། དགེ་ལུགས་པའི་ཆོས་བདག་རྒྱལ་བ་ཙོང་ཁ་པ་ཆེན་པོས་མཁན་ཆེན་ནམ་མཁའ་རྒྱལ་མཚན་དང་ཆོས་སྐྱབས་བཟང་པོ་གཉིས་ལས་བཀའ་གདམས་ཀྱི་ལམ་རིམ་གསན་ནས། ལམ་རིམ་ཆེ་ཆུང་སོགས་མཛད་པས། དགེ་ལུགས་པའི་སྲོལ་ཉིད་ཀྱང་བཀའ་གདམས་པའི་རྣམ་ཐར་གཞིར་བཞག་ལ་དབུ་མའི་ལྟ་བ་དང་གསང་སྔགས་ཀྱི་བསྣོན་པ་བཏབ་པ་ལྟ་བུ་ཡིན་པས་བཀའ་གདམས་ལས་མ་འདས་སྟབས།དགེ་ལུགས་པ་ལ་བཀའ་གདམས་གསར་མ་ཞེས་གྲགས།
        གཞན་ཡང་བོད་ཀྱི་མཚན་ཉིད་ཀྱི་གཞུང་ཆེན་མོའི་བཤད་རྒྱུན་རྣམས་ཀྱང་། ཇོ་བོའི་དངོས་སློབ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་དགོན་པ་བཏབ་ནས་རིགས་ལམ་ནས་དྲངས་པའི་དབུ་ཚད་བྱམས་ཆོས་ཀྱི་འཆད་ཉན་སྲོལ་ལེགས་པར་ཕྱེ་བས། བོད་གངས་ཅན་གྱི་ལྗོངས་སུ་བཤད་གྲྭ་གཅིག་རྗེས་གཉིས་མཐུད་དུ་བྱུང་ནས་འཆད་ཉན་གྱི་རླབས་རྒྱུན་མཁའ་ལ་འཕྱོ་བའི་རྣམ་པ་གསར་བ་ཤར།
མདོར་ན་འགོས་ལོ་གཞོན་ནུ་དཔལ་གྱིས། དུས་ཕྱིས་བོད་དུ་བྱོན་པའི་དགེ་བའི་བཤེས་གཉེན་རྣམས་དང་། རྣལ་འབྱོར་བ་གྲུབ་པའི་སྤྱོད་པ་ཅན་རྣམས་ཀྱི་རྣམ་པར་ཐར་པ་ཕལ་ཆེ་བ་ན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རེ་ལ་གཏུགས་པ་ཁོ་ན་སྣང་བས། འབྲོམ་ཡང་རྒྱ་ཆེ་ཞིང་རྒྱུན་ཆགས་པའི་འཕྲིན་ལས་ཅན་ཞིག་སྟེ། དེ་དག་གིས་ནི་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་འབྲས་བུ་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ། ། [5]ཞེས་གསུངས་པ་ལྟར། གངས་ཅན་གྱི་ལྗོངས་སུ་རྣམ་པར་དག་པའི་ཆོས་ལུགས་ཇི་སྙེད་བྱུང་བ་ཐམས་ཅད་ཇོ་བོ་ཆེན་པོ་བོད་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་འབྲས་བུ་ཡིན་ནོ། །
        6. སྐབས་དེར་རྒྱ་གར་ནས་སངས་རྒྱས་ཆོས་ལུགས་ཉམས་མགོ་ཚུགས་པ་དེ་བོད་དུ་སངས་རྒྱས་ཆོས་ལུགས་སྣ་ཚོགས་འབྱུང་བའི་རྐྱེན་དུ་གྱུར་པ།
        དེ་ཡང་སྤྱི་ལོ་དུས་རབས་བརྒྱད་པ་ནས་བཟུང་། ཨ་རབ་བཙན་རྒྱལ་གྱི་སྟོབས་ཤུགས་ཨེ་ཤ་ཡ་དབུས་མར་ཁྱབ་པ་དང་། ཨེ་ཤ་ཡའི་སངས་རྒྱས་ཆོས་ལུགས་ཀྱི་རྒྱལ་ཁབ་ཚང་མ་དབྱི་སི་ལན་ཆོས་ལུགས་ལ་བསྒྱུར་པ་དང་། སྤྱི་ལོ་དུས་རབས་དགུ་པ་ནས་བཅུ་གསུམ་པར་ཨ་རབ་པ་དང་། ཏུ་རུཥྐཱས་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་གར་ལ་བཙན་འཛུལ་བྱས། སྤྱི་ལོ1175ལོ་ནས་བཟུང་། ཀླ་ཀློའི་གྷོ་རིའི་རྒྱལ་པོ་ཤིཧབུདིན་ཞེས་བྱ་བས་ཐེངས་མང་པོར་དམག་དྲངས་ཏེ། རྒྱ་གར་བྱང་ཕྱོགས་དབྱི་སི་ལན་ཆོས་ལུགས་ཀྱིས་དབང་བསྒྱུར། སྤྱི་ལོ1202ལོར་རྒྱ་གར་ཤར་ཕྱོགས་སུ་དཔུང་འཇུག་བྱས་ཤིང་། དེའི་དམག་དཔོན་ཨད་པོ་ཁི་ཞེས་པས་རྡི་ལི་རུ་མུའུ་སི་ལན་གྱི་བྲན་གཡོག་རྒྱལ་ཁབ་བཙུགས། མུའུ་སི་ལན་དབང་སྒྱུར་མཁན་གྱིས་ནང་བསྟན་དང་ཧིན་དུའི་ཆོས་ལུགས་པ་ལ་སྲེག་གསོད་འཕྲོག་གསུམ་ཚད་མེད་བྱས། ཁྱད་པར་དུ་སངས་རྒྱས་ཆོས་ལུགས་ལ་གནོད་འཚེ་ལྷག་པར་ཆེ། སྤྱི་ལོ1203ལོར་སངས་རྒྱས་ཆོས་ལུགས་ཀྱི་ཆེས་ཐ་མའི་ལྕགས་རི་ལྟ་བུའི་དགོན་པ་བི་ཀྲ་མ་ལ་ཤཱི་ལའི་དགོན་པ་ཡང་གཏོར་བས། དགེ་འདུན་མི་ཉུང་བ་ཞིག་རྒྱ་གར་ལྷོ་ཕྱོགས་དང་། བལ་ཡུལ། བོད་ཡུལ་སོགས་སུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་། བོད་དུ་ཕེབས་པའི་པཎྜི་ཏ་དེ་དག་གིས་སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་བ་ལ་ནུས་པ་མི་དམན་པ་བཏོན། དཔེར་ན། བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་འཁོར་པཎ་ཆུང་དགུ་དང་བཅས་པ་ཡང་སྐབས་དེར་བོད་དུ་བྲོས་ཕེབས་པའི་གྲས་ཞིག་ཡིན་ཅིང་། ཁོང་རྣམས་བོད་དུ་ལོ་བཅུ་ཙམ་བཞུགས་པའི་རིང་བོད་ཀྱི་རིག་པའི་གནས་བཅུའི་སྲོལ་འབྱེད་མཁན་པོ་ས་པཎ་ཀུན་དགའ་རྒྱལ་མཚན་གཙོ་བྱས་པའི་བོད་ཀྱི་མཁས་པ་མང་དུ་བསྐྱངས། པཎ་ཆེན་སྡོམ་རྒྱུན་ཞེས་པའི་སྡོམ་རྒྱུན་གསར་དུ་སྤེལ་བ་སོགས་ཀྱི་སྒོ་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་གཏོང་བར་མཛད། 
རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཉམས་པའི་གོ་སྐབས་དང་བསྟུན་ནས་བོད་དུ་སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱུང་བ་དེར། བོད་ཀྱི་ལོ་རྒྱུས་ཐོག་སངས་རྒྱས་ཀྱི་བསྟན་པ་རྒྱ་གར་ནས་བྱང་དུ་དར་བ་ཟེར་ཞིང་། དེ་རྗེས་མདོ་སྨད་བརྒྱུད་ནས་ནང་སོག་དང་། ཁལ་ཁར་དར་བའི་མགོ་ཚུགས་པ་དེར་བོད་ཀྱི་ལོ་རྒྱུས་ཐོག་བསྟན་པ་བྱང་ནས་བྱང་དུ་དར་བ་ཟེར།
        7. བོན་གྱི་གེགས་རྒྱ་ཆུང་བའམ་མེད་པ།
        སངས་རྒྱས་ཆོས་ལུགས་བསྐྱར་དར་བྱུང་བའི་སྐབས་འདིར་བསྟན་པ་སྔ་དར་སྐབས་ལྟར་བོན་གྱིས་འགོག་རྒོལ་བྱས་པའི་ཚུལ་བན་བོན་ལོ་རྒྱུས་གང་དུའང་མི་སྣང་བས། བསྟན་པ་ཉམས་གསོ་བྱེད་པ་ལ་བོན་གྱི་གེགས་རྒྱ་ཐེབས་མེད། དེ་ཡང་བསྟན་པ་སྔ་དར་དུས་སུ་བསྟན་པ་བོད་དུ་དར་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད་འཕྲད་པའི་གེགས་རྒྱ་ཆེན་པོ་ནི་བོན་ཡིན། རྒྱལ་པོ་སྲོང་བཙན་སྒམ་པོ་ནས་རྒྱལ་པོ་དར་མའི་བར་གྱི་བློན་པོའི་གྲས་སུ་བོན་ལ་དད་པའི་བློན་པོ་མང་པོ་ཡོད་ལ། དེ་དག་གིས་མངོན་ལྐོག་གང་རུང་གི་སྒོ་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་གཏོང་བར་གེགས་རྒྱ་བཟོས། དཔེར་ན། རྒྱལ་པོ་སྲོང་བཙན་རིང་དུ་མངོན་སུམ་དུ་ངོ་རྒོལ་བྱེད་པ་མ་བྱུང་ཡང་། ལྐོག་ཏུ་འགོག་རྒོལ་བྱས་པ་ལྷ་ས་གཙུག་ལག་ཁང་ཉིན་བརྩིགས་ན་མཚན་ལྷ་འདྲེས་ཞིག་པ་ལས་ཤེས་ཐུབ། སྲོང་བཙན་སྐུ་གཤེགས་ནས་མང་སྲོང་མང་བཙན་དང་། འདུས་སྲོང་མང་པོ་རྗེ། ཁྲི་ལྡེ་གཙུག་བཙན་སྐུ་ནར་མ་སོན་གྱི་བར་དུ་བོན་བློན་གྱིས་དབང་ཆ་བཟུང་བས་བསྟན་པ་སྤེལ་བའི་མཚམས་བཞག ཁྲི་ལྡེ་གཙུག་བཙན་ནར་སོན་ནས་བསྟན་པ་སྤེལ་བའི་མགོ་བརྩམས་ནའང་། བོན་བློན་གྱིས་ཐུགས་དགོངས་མ་རྫོགས་པར་བཀྲོངས། ཁྲི་སྲོང་ལྡེ་བཙན་སྐུ་ན་ཕྲ་བའི་སྐབས་དབང་ཆ་ཆེན་པོ་བཟུང་ཡོད་པའི་བློན་པོ་མ་ཞང་ཁྲོམ་པ་སྐྱེས་ཀྱིས་ཁྲིམས་བུ་ཆུང་བཟོས་ཏེ་བསྟན་པ་བསྣུབས། ཁྲི་རལ་བ་ཅན་གྱིས་སངས་རྒྱས་ཆོས་ལུགས་ལ་གུས་བཀུར་ཚད་མེད་གནང་ཞིང་རྒྱ་ཆེར་སྤེལ་བས་བོན་བློན་གྱིས་བཀྲོངས། ཁྲི་དར་མ་བོན་བློན་གྱི་དབང་དུ་སོང་བས་བསྟན་པ་བསྣུབས། དེ་ལྟ་བུ་ཐོག་མཐའ་བར་གསུམ་དུ་བོན་ལ་དད་པའི་བློན་པོ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་བོད་དུ་དར་སྤེལ་གཏོང་བ་ལ་གེགས་རྒྱ་བཟོས། ལྷ་ལུང་དཔལ་གྱི་རྡོ་རྗེས་ཁྲི་དར་མ་བཀྲོངས་པ་དང་། འབངས་གྱེན་ལོག་གིས་བོད་སིལ་བུར་གཏོར་བ་དེས། བོན་བློན་དང་བོན་པོ་རྣམས་ཀྱི་ཆོས་སྲིད་ཀྱི་དབང་ཆ་ཡོངས་སུ་ཤོར་ཞིང་། “ལྷག་པར་དུ་གླང་དར་མ་བཀྲོངས་རྗེས་ཏེ་བོད་ཡོངས་སིལ་བུར་གྱུར་རྗེས་བོན་ལུགས་པ་རྣམས་བོད་ཀྱི་ཡུལ་དབུས་ནས་མཐར་བསྐྲད་དེ་རླུང་གི་དབུས་ན་གནས་པའི་སྒྲོན་མེ་ལྟར་ཡ་ང་བའི་གནས་སུ་ལྷུངས”[6] པས། བསྟན་པ་སྔ་དར་ནང་བཞིན་གེགས་རྒྱ་བཟོ་བའི་སྟོབས་ཤུགས་བྲལ་པས། སངས་རྒྱས་ཆོས་ལུགས་བདེ་བླག་ངང་བསྐྱར་གསོ་བྱེད་ཐུབ་པ་བྱུང་། 
        གཞན་ཡང《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས། རྒྱལ་རྒྱུད་ཉམས་ཤིང་དམངས་ཁས་དྲག་པས་རྒྱལ་པོར་བྱེད་ཅིང་རྒྱལ་ཁམས་སྡིག་སྤྱོད་རྣམས་ཀྱིས་གང་བའི་དུས་རྣམས་སུ་སྤང་ལ་ཤ་མོང་རྡོལ་བ་བཞིན་དུ་བོན་རྣམས་མཐར་ནས་དར་ཏེ་འོང་བར་ལུང་ཀུན་ནས་བཤད་དོ། །[7] ཞེས་དང་།《བོད་སོག་ཆོས་འབྱུང》ལས། བོད་ཀྱི་ནང་བསྟན་ཕྱི་དར་གྱི་དུས་སུ། བོན་གྱི་བསྟན་པ་ཡང་། རྒྱལ་མོ་ཚ་བ་རོང་་དང་། ཤར་ཁ་ཕྱོགས་ནས་དབུས་གཙང་དུ་མཆེད།[8]ཅེས་སངས་རྒྱས་ཆོས་ལུགས་བསྐྱར་དར་བྱུང་བ་དང་དུས་མཚུངས་སུ་བོན་བསྟན་རང་ཉིད་ཀྱང་བསྐྱར་དར་བྱུང་བ་ཡིན་སྟབས་སངས་རྒྱས་ཆོས་ལུགས་དར་སྤེལ་བྱེད་པ་ལ་འགོག་རྒོལ་བྱེད་པའི་སྟོབས་ཤུགས་རྒྱས་མེད་པའི་ཕྱིར།
        རྒྱུ་མཚན་དེ་དག་གི་དབང་གིས་བསྟན་པ་བསྐྱར་དར་སྐབས་སུ་ཤིང་སྐམ་ལ་མེ་སྦར་བ་བཞིན་བཤད་སྒྲུབ་ཀྱི་བསྟན་པ་འཕེལ་རྒྱས་བྱུང་ཞིང་། ཆོས་ལུགས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་། བསྟན་པ་ནི་འགོག་ཐབས་བྲལ་བའི་ཤྭ་འོད་བཞིན་དུ་བོད་ཆོལ་ཁ་གསུམ་གྱི་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་བྱུང་ཞིང་དགའ་བསུ་ཐོབ། དེར་བརྟེན་བོན་གྱི་མཁས་པ་རྣམས་ཀྱིས་ཀྱང་རང་ལུགས་མཁྲེགས་འཛིན་མི་བྱེད་པར་ཆོས་དང་བསྟུན་གང་ཐུབ་བྱས་པས། བོན་གྱི་ཁྱད་ཆོས་ཡལ་ནས་བན་བོན་དབྱེ་བ་འབྱེད་མི་ཐུབ་པའི་སྣང་ཚུལ་འདི་བྱུང་བ་ཡིན་ཏེ། “ཞང་ཞུང་ནས་བྱུང་བའི་ཤེས་རིག་ཆེ་ཕྲའི་རྒྱུན་འཚོ་སྐྱོང་བྱེད་མཁན་གཙོ་བོ་བོད་ཀྱི་བོན་པོ་རྣམས་ཡིན་ནའང་བོད་དུ་དམ་ཆོས་དར་རྒྱས་སུ་ཕྱིན་པའི་དུས་སྐབས་དེ་ནས་བཟུང་། བོན་རྣལ་མའི་བསྟན་པ་ནི་སྣུམ་ཟད་པའི་མར་མེ་ལྟར་ཇེ་ཉམས་དང་ཇེ་ཞན་དུ་གྱུར་ཅིང་། དམ་པའི་ཆོས་ལ་ཆེ་བ་འདོན་པ་ཡིན་ཁུལ་གྱིས། བོད་མི་ཕལ་ཆེ་བའི་ཁྲོད་དུ་བོན་དང་བོན་པོ་རྣམས་ལ་ངན་སྨྲས་བྱེད་པའི་སྲོལ་རྒྱུན་ངན་པ་ཞིག་ཀྱང་དར་ཡོད་པ་དེ་དག་བོད་མི་ཕལ་ཆེ་བའི་གཤིས་ཁར་འཇགས་ཡོད་རྐྱེན་གྱིས་བོན་པོ་རྣམས་ནི་ཀུན་གྱིས་མཐོང་མི་འདོད་པའམ་བཙོག་ལྟ་དགོས་པ་འདྲ་ཞིག་ཏུ་ཆགས་པ་དང་། དུས་ཕྱིས་ཀྱི་བོན་པོ་རྣམས་ལའང་ཆོས་ཀྱི་ཤུགས་རྐྱེན་ཐེབས་ནས། བོན་གྱི་འབྱུང་ཁུངས་ཕྱི་ཡུལ་ལ་ངོས་འཛིན་པ་དང་། ཆོས་ལ་གང་དར་བ་དེ་ཀུན་བོན་ལའང་ཡོད་དགོས་པ་དང་། ཆོས་པའི་ཀུན་སྤྱོད་དུ་གང་ཡོད་པ་དེ་ཀུན་བོན་པོ་རྣམས་ལའང་ཡོད་དགོས་པར་ལྟ་བའི་ལུགས་ཤིག་བྱུང་བ” [9]ཡིན་ནོ། །
        ཟུར་བལྟའི་དཔྱད་གཞི།
        [1] དུང་དཀར་ཚིག་མཛོད་ཆེན་མོ། [M] ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2002:944.
        [2] ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་།[M]མི་རིགས་དཔེ་སྐྲུན་ཁང་། 2011:293.
        [3][5] འགོས་ལོ་གཞོན་ནུ་དཔལ། དེབ་སྔོན། སྟོད་ཆ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984 84-85.395-396.
        [4] ཐུའུ་བཀྭན་གྲུབ་མཐའ། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1984 :90.
        [6] ཤར་ཡུལ་ཕུན་ཚོགས་ཚེ་རིང་། ཆོས་འབྱུང་མཁས་པའི་དགོངས་རྒྱན། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011:214-215.
        [7] ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། [M] 1987 :238.
        [8] ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། བོད་སོག་ཆོས་འབྱུང་། གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག [Z] དེབ་བཅོ་བརྒྱད་པ།1992:850.
        [9] ནམ་མཁའ་ནོར་བུ། ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990:201-202.