[ནང་དོན་གནད་བསྡུས།] བཙན་པོ་མེས་ཨག་ཚོམ་གྱི་བླ་སྨན་པ་བྲང་ཏི་རྒྱལ་མཉེས་མཁར་ཕུག་ནས་བཟུང་བྲང་ཏི་རྒྱལ་བཟང་དང་། བྲང་ཏི་སྲས་པོ། བྲང་ཏི་དར་མ་སྙིང་པོ། བྲང་ཏི་འཇམ་དཔལ་བཟང་པོ། བྲང་ཏི་རྒྱལ་བ་བཟང་པོ། བྲང་ཏི་དཔལ་ལྡན་འཚོ་བྱེད་བཅས་ཀྱིས་དུས་སྐབས་སོ་སོར་བླ་སྨན་གནང་སྟེ་བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་ཤུགས་རྐྱེན་རབ་ཏུ་ཆེ་བས། འདིར་ཡིག་ཚང་དཔྱད་ཞིབ་ཀྱི་ལམ་ནས་གསོ་རིག་ཁོག་འབུབས་ཁག་ཅིག་དང་། ད་དུང་གཞུང་དང་ཉམས་ཡིག་ཁག་ལ་གཞི་བཅོལ་ཏེ་བྲང་ཏིའི་གསོ་རིག་གི་ཐོག་མའི་འཕེལ་རིམ་དང་། ས་སྐྱ་སྨན་གྲོང་དུ་གསོ་རིག་གི་འཕྲིན་ལས་སྤེལ་ཚུལ། བྲང་ཏིའི་གདུང་རྒྱུད་དུ་བླ་སྨན་པ་མང་དུ་བྱོན་པ་བཅས་ཀྱི་ཆ་ནས་བྲང་ཏིའི་གསོ་རིག་མཁས་དབང་རིམ་བྱོན་གྱི་སྐོར་ལ་དཔྱད་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] བླ་སྨན། བྲང་ཏི། གདུང་རྒྱུད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214”
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-03-0176-09
བོད་ཀྱི་གསོ་རིག་ལོ་རྒྱུས་སུ་བི་ཇིའི་གདུང་རྒྱུད་དང་། བྲང་ཏིའི་གདུང་རྒྱུད། གཡུ་ཐོག་གི་གདུང་རྒྱུད། གཉའ་བའི་གདུང་རྒྱུད། དེ་མིན་བྱང་ལུགས་དང་ཟུར་ལུགས། གོང་སྨན་པའི་གདུང་སློབ་རྒྱུད་པ་སོགས་གསོ་རིག་གི་གདུང་རྒྱུད་དང་སློབ་རྒྱུད་འཛིན་པ་མང་དུ་བྱུང་སྟེ་གཞུང་དང་ལག་ལེན་གྱི་རྒྱུན་ཟམ་མ་ཆད་པར་སྤེལ་ཡོད་ཅིང་། དེ་དག་ལས་“བི་ཇི་”དང་“བྲང་ཏི་” “གཡུ་ཐོག་” “གཉའ་བ་”བཅས་ནི་བཙན་པོའི་སྐབས་ཀྱི་བླ་སྨན་ཡིན་པས་གསོ་རིག་ལོ་རྒྱུས་སུ་ཤུགས་རྐྱེན་ཅུང་ཆེ་ཞིང་། ལྷག་ཏུ་བོད་རྒྱལ་མེས་ཨག་ཚོམ་རིང་ནས་བཙན་པོའི་བརྒྱུད་ནས་རྒྱུད་ཀྱི་བླ་སྨན་དུ་དབང་བསྐུར་བའི་བྲང་ཏིའི་གདུང་རྒྱུད་འཛིན་པ་དག་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་ཏུ་མཐོང་།
དང་པོ། བྲང་ཏིའི་གསོ་རིག་གི་ཐོག་མའི་འཕེལ་རིམ།
བྲང་ཏི་ཞེས་པ་རུས་མིང་ཞིག་ཡིན་པར་①མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་གསུངས་ལ། བོད་ཀྱི་ཡུལ་དུ་གནའ་རབས་ནས་མངའ་བའི་རུས་རྒྱུད་ཆེས་རྙིང་པ་ཞིག་སྟེ། རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་བཙན་པོའི་རྒྱལ་རབས་སྐབས་སུ་སྤྱི་ཚོགས་ཧྲིལ་པོའི་ཁྲོད་གནས་བབས་ཤིན་ཏུ་གལ་ཆེན་བཟུང་བའི་མཐོ་རིམ་གྱི་རུས་རྒྱུད་ཅིག་ཡིན་པར་འདོད་མཁན་མཆིས།② ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་དང་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རུས་འདི་ལས་གྱེས་པའི་བྲང་ཏི་རྒྱལ་མཉེས་མཁར་ཕུག་དང་། བྲང་ཏི་ཛ་ཡ་རཀྵི་ཏ། བྲང་ཏི་སྲས་པོ། བྲང་ཏི་ཤི་ལ་ཝརྨ་སོགས་ཀྱིས་བཙན་པོའི་བླ་སྨན་དང་མདོ་བློན། ལོ་ཙཱ་བ། ཞལ་ལྕེ་སྨྲ་བའི་ཡིག་མཁན་བཅས་མཛད་ཡོད་པར་གཞིགས་ན་བྲང་ཏིའི་རུས་ནི་སྐབས་དེར་བཙན་པོའི་ཉེ་འཁོར་དུ་གོ་གནས་ངེས་ཅན་ཟིན་པའི་རུས་རྒྱུད་ཅིག་ཡིན་པ་རྟོགས་ཐུབ།
བྲང་ཏི་རྒྱལ་མཉེས་མཁར་ཕུག་ནི་དུས་རབས་བདུན་པའི་མཇུག་ཙམ་དུ་གཙང་གི་རོང་ངུར་སྨྲིག་ཏུ་འཁྲུངས་པ་དང་། གསོ་རིག་ལོ་རྒྱུས་ཀྱི་ཁྱབ་ཁོངས་སུ་བྲང་ཏིའི་གདུང་རྒྱུད་ཀྱི་འགོ་ཐུག་ས་དེ་ཡིན་འདུག མིང་གི་འགོད་ཚུལ་ཐད་བྲང་ཏི་རྒྱལ་མཉེས་མཁར་ཕུག་③དང་། བྲང་ཏི་རྒྱལ་བསྙེན་མཁར་ཕུག④ བྲང་ཏི་རྒྱལ་གཉེར་མཁར་ཕུག⑤ བྲང་ཏི་རྒྱལ་གཉེས་ཁ་རུ།⑥ ཐང་ཏི་རྒྱལ་མཉེས་⑦སོགས་འབྲི་ཚུལ་མང་དུ་མཆིས་ལ། གསོ་རིག་ལོ་རྒྱུས་ཀྱི་གནའ་གཞུང་ཁག་དང་། ཁོག་འབུབས་དག་ལ་གཞིགས་ན་ཁོང་གིས་ཆུང་དུས་ནས་བོད་རང་ལུགས་སུ་གྱུར་པའི་ཞང་བོད་རིག་གནས་ཀུན་དང་། ལྷག་པར་དུ་གསོ་དཔྱད་རིག་པའི་གཞུང་ལུགས་དང་ལག་ལེན་ཀུན་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་ཡོད་པ་ཞིག་ཏུ་སྣང་ཞིང་། ཆོས་ཀྱི་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་བླ་མེད་ཐུགས་དགོངས་ལ་བརྟེན་ནས་ལུགས་གཞན་གྱི་གསོ་དཔྱད་ལའང་མཁས་པར་བསླབས་ཡོད་པ་ཞིག་ཏུ་མཐོང་བས། ཕྱིས་སུ་སྐབས་དེའི་དམག་སྡེའི་སྨན་པའི་ཐོབ་ཐང་གི་སྟེང་ནས་མདོ་བློན་ནམ་སོ་ཁ་སྲུང་བར་ཕྱིན་ཡོད་པ་སོགས་འབྲེལ་ཡོད་ཡིག་ཆ་དག་ལས་མཐོང་ཐུབ།⑧ “ཆོས་རྒྱལ་མེས་ཨག་ཚོམ་གྱི་རིང་ལ། བྲང་ཏི་རྒྱལ་མཉེས་མཁར་ཕུག་བཙན་པོའི་བརྒྱུད་ནས་རྒྱུད་ཀྱི་བླ་སྨན་དུ་དབང་བསྐུར་ཞིང་། དཔྱད་ཡིག་ཅེས་པ་དང་ཕུ་དུད་དུ་བྱས་པའི་ཚིགས་ཀྱི་བཀའ་ཡིག་གནང་”⑨བ་གསལ་ལ། གཞན་ཡང་བློན་པོ་དང་བླ་སྨན་ཟུང་དུ་མཛད་པའི་ལོ་རྒྱུས་དག་《བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེའི་》གཞུང་གི་ལོ་རྒྱུས་རགས་བསྡུས་སུ་གསལ་པོར་འཁོད་ཡོད་པ་དང་། ད་དུང་“མདོ་བློན་ལོ་བཞི་བྱས་པའི་སླད་དུ་བཙན་པོས་བྱང་ཁོག་རྒྱས་པར་བཤད་པ་མ་བུ་བཅུ་བདུན་དང་། བསྡུས་པ་བེ་བུམ་སྨུག་པོ་ལུགས་གཉིས།ཤིན་ཏུ་བསྡུས་པ་ཡི་གེ་མར་ཅུང་རྩ་འགྲེལ་ཏི་ཀ་གསུམ།བྱང་ཁོག་སྟོད་ཀྱི་དམར་བྱང་གསལ་བའི་སྒྲོན་མེ། བྱང་ཁོག་སྨད་ལ་དམར་བྱང་འཕྲུལ་གྱི་མེ་ལོང་བཅས་གནང་”⑩བ་འཁོད་འདུག་ཅིང་། བཤད་ཚུལ་གཞན་དུ་“མདོ་ཁམས་ཀྱི་སོ་ཁ་ལོ་བཞི་བསྲུངས་པར་རྒྱལ་པོས་བྱ་དགའ་ལ། རྒྱུད་ཤེལ་གྱི་མེ་ལོང་། མ་བུ་བཅུ་བདུན་སོགས་རྒྱས་འབྲིང་བསྡུས་གསུམ་ཡི་གེ་དམར་ཆུང་དང་བཅས་གནང་”⑾ཞེས་འབྱུང་བས། གསོ་རིག་གི་གཞུང་རྙིང་འདི་དག་བྲང་ཏིའི་རིགས་ཀྱི་མཁས་པ་རྒྱལ་མཉེས་མཁར་ཕུག་ལ་བརྒྱུད་སྤྲོད་གནང་ཡོད་པ་ཤེས་ཐུབ། འོ་ན་སྐབས་དེར་བཙན་པོས་གནང་བའི་གཞུང་འདི་དག་གི་འབྱུང་ཁུངས་ངོ་མ་དེ་གང་ཡིན་ཞེ་ན། དོན་དུ་གཞུང་འདི་དག་ནི་སྐབས་དེར་ཁྲོམ་ནས་གདན་དྲངས་ཤིང་བཙན་པོའི་བླ་སྨན་པར་དབང་བསྐུར་བའི་བི་ཇི་ཙན་པ་ཤི་ལ་ཧ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག་སྟེ། རྗེ་ཟུར་མཁར་བའི་《ཁོག་འབུབས་》སུ། “ཁྲོམ་གྱི་ཡུལ་ནས་བི་ཇི་ཞེས་པ་མིང་དངོས་ཙན་པ་ཤི་ལ་ཧ་བ་བྱོན་ཅིང་རྒྱུད་ཤེལ་གྱི་མེ་ལོང་སོགས་བསྒྱུར་ནས་རྒྱལ་པོ་ལ་ཕུལ་ཏེ། དེ་རྣམས་ཕྱོགས་གཅིག་ཏུ་ཟ་འོག་གི་སྒྲོམ་བུར་བཞུགས་པ་ལ་《བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ་》ཞེས་ཟེར།”⑿ ཞེས་བཀོད་ཡོད་ཅིང་། དེར་བཀོད་པའི་གསོ་རིག་ཡིག་ཆའི་དཀར་ཆག་གི་ངོས་ནས་གླེང་ན། 《བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ་》ཞེས་པའི་གཞུང་ཆེན་འདིའི་ནང་དོན་ཕལ་ཆེར་ནི་རོ་བཀྲ་དང་མཚོན་རྨ་གསོ་བ་རྐྱང་པ་ལས་གནང་བ་ཞིག་ཡིན་ལ། ཆེ་ས་ནས་མ་ལག་གཅིག་ཏུ་གཏོགས་པ་དང་། མ་ལག་འདིའི་ནང་དངོས་སུ་བཀོད་པའི་ལེའུའི་གྲངས་297ཡོད་ཅིང་། དཔེ་ཚན་གྱི་གྲངས་དངོས་སུ་ཐོན་པ་46ཡོད་ལ། བམ་པོ་དུམ་བུའི་དབང་དུ་བྱས་ཚེ་རྒྱུད་ཤེལ་གྱི་མེ་ལོང་བྱང་ཁོག་སྟོད་སྨད་དང་། བྱང་ཁོག་སྟོད་སྨད་ཀྱི་དམར་བྱང་། ཡན་ལག་གི་བཅོས་ཐེམ་བྱང་བཅས་མ་གསུམ་དང་། བུ་བཅུ་བདུན་ཏེ་ཊིཀྐ་གསུམ། བླ་དཔྱད་མ་བུ་བཞི། སྙིང་ཏིག་བསྡུས་པའི་བུ་བཞི། གཅེས་པའི་བུ་དྲུག་བཅས་མ་གསུམ་དང་བུ་བཅུ་བདུན། རྨ་ནག་བཅོས་པ་རྒྱས་འབྲིང་བསྡུས་གསུམ།བདུད་རྩི་མེ་ལོང་། དོན་སྙིང་རྣམ་པ་ལྔའི་དཔྱང་ཐག་བཅས་དུམ་བུ་ཆེན་པོ་བཞིར་འདུས་པ་དང་། དེ་ཡོངས་རྫོགས་བསྡུས་ན་མ་བུ་བཅུ་བདུན་དང་རྒྱས་འབྲིང་བསྡུས་གསུམ་ཞེས་པའི་དུམ་བུ་ཆེན་པོ་གཉིས་སུ་འདུ་བས། བཙན་པོས་གནང་བའི་གཞུང་འདི་དག་ནི་བི་ཇི་ཙན་པ་ཤི་ལ་ཧའི་《བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ་》ཞེས་པའི་ཁོངས་ཀྱི་སྨན་དཔྱད་ཡིག་ཆ་དག་ཡིན་པ་ར་འཕྲོད་ཐུབ།
དེར་མ་ཟད་སྐབས་འདིའི་སྔ་རྗེས་སུ་བི་ཇི་ཙན་པ་ཤི་ལ་ཧ་དང་བྲང་ཏི་རྒྱལ་མཉེས་མཁར་ཕུག་བར་དུ་བླ་སློབ་ཀྱི་འབྲེལ་བ་ཆགས་ཤིང་གཞུང་འདི་རྣམས་བྲང་ཏི་བ་ལ་རིམ་པར་བརྒྱུད་པ་ཁོག་འབུབས་ཁག་ཏུ་གསལ་ཏེ། “ཙན་པ་ཤི་ལ་ཧ་དེས་ཕྱིས་བོད་དུ་སྲིད་བསྐྱངས། བི་ཇིའི་རྒྱུད་སྔར་བྱུང་གྲུབ་རུང་འདི་ནས་ཀྱང་འཕེལ་པར་གྲགས། སློབ་བརྒྱུད་ལ་ཞང་དང་སྟོང་དང་བྲང་ཏི་གསུམ་གྱིས་གཙོས་དུ་མར་འཕེལ།”⒀ ཞེས་དང་། “ཡང་ཁ་ཅིག་སྟོང་གཞེར་མེས་པོ་ལ་མགོ་དཔྱད། བྲང་ཏི་རྒྱལ་མཉེས་མཁར་ཕུག་ལ་བྱང་ཁོགཞང་ལྷ་མོ་གཟི་ལ་ཡན་ལག་གནང་ཞེས་ཀྱང་ཟེར་རོ། །”⒁ཞེས་གསུངས་པ་སོགས་ལས་བྲང་ཏི་རྒྱལ་མཉེས་མཁར་ཕུག་གིས་ཙན་པ་ཤི་ལ་ཧ་གསོ་རིག་སློབ་དཔོན་དུ་བསྟེན་ཏེ་བྱང་ཁོག་དང་ཡན་ལག མགོ་བཅོས་ཀྱི་གནས་ལུགས་དང་དྲ་བཅོས་ཀྱི་གཞུང་ཅུང་ཟད་རྒྱས་པ་ཞིག་ཁོང་དུ་ཆུད་ཡོད་པར་འདོད་ལ། འདི་རྣམས་ལས་《བྱང་ཁོག་སྟོད་ཀྱི་དམར་བྱང་གསལ་བའི་སྒྲོན་མེ་》ནི་ད་ལྟ་བར་དུ་དཔེ་རྒྱུན་ཉམས་མེད་པར་གནས་ཤིང་། དེར་ཤ་དང་རུས་པ། རྩ། གསང་། ས་བཅད་ཡུལ་སོགས་བྱང་ཁོག་སྟོད་ཀྱི་གནས་ལུགས་དང་། བྱང་ཁོག་བརྟོལ་བའི་རྟགས། རྣག་གི་བཙལ་ལུགས། འཚོ་འཆིའི་མཚན་ཉིད། ཟག་པ་བཅད་ཐབས། སྐེམས་སྦྱོར། རྨ་ཆས་གཞུག་ཐབས། རྗེས་གཅོད་སོགས་འདུས་པའི་སྒོ་ནས་བསྟན་ཡོད། འདི་ལ་ཆེད་དུ་ཞིབ་འཇུག་བྱས་པ་ཞིག་ལས་གཞུང་འདི་ནི་མེས་ཨག་ཚོམས་ཀྱི་སྐུ་དུས་སུ་བྱུང་བའི་གསོ་དཔྱད་ཀྱི་གཞུང་ལུགས་རྙིང་མ་ཞིག་ཡིན་པའི་⒂སྡོམ་ཚིག་འཁོད་ཡོད་ལ། ལོ་རྒྱུས་དངོས་སུའང་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་གཞུང་འདི་ཉིད་བྲང་ཏི་རྒྱལ་མཉེས་མཁར་ཕུག་ལ་གནང་བ་ནས་བཟུང་བྲང་ཏིའི་བརྒྱུད་པ་ལ་བརྟེན་ནས་འཆད་ཉན་བྱས་ཤིང་རྒྱུད་འཛིན་གནང་ཡོད་པ་ཞིག་སྟེ། དུས་རབས་བཅུ་གཉིས་ཙམ་དུ་བྱུང་བའི་《གཙང་སྟོད་ཟིན་ཐིག་》ལས། “སྤྱིར་ནི་གློ་བར་རྣག་ཞུགས་དང་། །ཁྱད་པར་བྱང་ཁོག་ཡོལ་གྲི་ནང་། །རྣག་ཁྲག་ཆུ་སེར་བབས་པའི་རྟགས། ། ་་་་ཤིན་ཏུ་ཞིབ་པར་ཤེས་འདོད་ན། ། བྲང་ཏིའི་བླ་དཔྱད་གཞུང་དུ་ལྟོས། །”⒃ཞེས་ཉམས་ཡིག་འདིའི་བྱང་ཁོག་ཡོལ་དྲིའི་རྣག་རྟགས་གསལ་བའི་མེ་ལོང་ཞེས་པ་བྲང་ཏི་བ་ལ་བརྒྱུད་པའི་བླ་དཔྱད་གཞུང་ལ་བལྟོས་ནས་མཛད་ཚུལ་གསལ་ལ། དེ་མིན་“《བྱང་ཁོག་དོན་ཊི་ཀ་》ཞེས་བྲང་ཏི་རྒྱལ་མཉེས་ཀྱིས་མཛད་པ་”⒄ཞིག་ལོ་རྒྱུས་ཡིག་ཆར་སྣང་མོད། གཞུང་དངོས་ནི་ད་ཆ་མིག་བསོད་དུ་མི་སྣང་བར་གྱུར་འདུག ཡིན་ནའང་འདིའི་མཛད་བྱང་ལ་གཞིགས་ན་བི་ཇི་ཙན་པ་ཤི་ལ་ཧའི་《བྱང་ཁོག་དམར་བྱང་》གི་ཤུགས་རྐྱེན་ཐེབས་པའི་བརྩམས་ཆོས་ཤིག་ཡིན་པར་སྙམ་པ་དང་། དེ་ནས་རིམ་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བྲང་ཏི་རྒྱལ་བཟང་ལ་བརྒྱུད་ཡོད་པ་ཞིག་སྟེ། དེས་“《བྱང་ཁོག་དོན་ཐིག་》དང་། 《ཚིག་དོན་བརྒྱ་པ》 《ཁྱད་པར་དཔྱད་བཅུ་གཉིས》 《དམར་སྒྲོམ་ཆེན་མོ་》ལ་སོགས་པ་མཛད།”⒅ ཅེས་འབྱུང་བས། གོང་གི་《བྱང་ཁོག་དོན་ཊི་ཀ་》དང་འདིའི་སྐབས་ཀྱི་《བྱང་ཁོག་དོན་ཐིག་》ཅེས་པ་གཉིས་ནི་མིང་གི་ཆ་ནས་ཀྱང་བྱང་ཁོག་སྟོད་ཀྱི་དོན་གློ་སྙིང་སོགས་ཀྱི་བརྟག་བཅོས་སྟོན་པའི་གཞུང་ཞིག་ཡིན་པར་འདོད་ཅིང་། དེ་ལྟར་ཕྱིན་ཚེ་གཞུང་འདི་གཉིས་ནི་བི་ཇི་ཙན་པ་ཤི་ལ་ཧའི་《བྱང་ཁོག་སྟོད་ཀྱི་དམར་བྱང་གསལ་བའི་སྒྲོན་མེའི་》ཤུགས་རྐྱེན་ལས་བརྩམས་པའི་གཞུང་ཞིག་གམ་ཡང་ན་དེའི་འགྲེལ་པ་ལྟ་བུ་ཞིག་ཏུའང་ཟད་པས། བྲང་ཏིའི་གདུང་རྒྱུད་འཛིན་པའི་ཁྲོད་གཞུང་འདི་དག་ནི་ཤིན་ཏུ་ཁྱབ་ཆེ་ཞིང་རྒྱུད་འཛིན་གནང་ཡོད་པ་གསལ་པོར་ཤེས་ཐུབ། “དེ་དག་གི་རྗེས་སུ་བྲང་ཏི་དར་མ་སྙིང་པོ་དང་། བྲང་ཏི་གྲགས་པ་འབུམ། བྲང་ཏི་ཇོ་བཙུན། བྲང་ཏི་དཔལ་ལྡན་འབུམ་སོགས་གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་བར་མ་ཆད་པར་བྱུང་ཞིང་”⒆གསོ་རིག་གི་རྒྱུན་སྤེལ་ཡོད་པ་ཞིག་སྟེ། 《མན་ངག་གསེར་བྲེ་མའི་སེར་སྐྱ་སྤུན་གསུམ་གྱི་སྒྲུབ་ཐབས་》བསྟན་པའི་ལེའུ་ལས།“དེས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ། དེ་ནས་གནམ་སྟེང་བཅུ་གསུམ་ཀ་གཞུའི་ནང་དུ་སྦས། དེ་བྲང་ཏི་རྒྱལ་མཉེས་མཁར་བུས་སྟོན་ནས་སྒྲུབ་པས་གྲུབ་ཅིང་རྟགས་ཐོན་པའོ། །དེ་ནས་རིམ་པར་བརྒྱུད་དེ། བྲང་ཏི་འཇམ་དཔལ་བཟང་པོ། དེས་བྲང་ཏི་དཔལ་ལྡན་འཚོ་བྱེད། དེ་ལ་དཔལ་ལྡན་རྒྱལ་མཚན་བདག་གིས་ཞུས་ནས་”⒇ཞེས་གསལ་བས། བྲང་ཏིའི་གདུང་རྒྱུད་འཛིན་པ་དག་གིས་གསོ་རིག་གི་མན་ངག་གདམས་པ་རྣམས་དུས་ཡུན་རིང་པོར་ཆིག་བརྒྱུད་དུ་སྤེལ་ཡོད་པ་གསལ་པོར་འདུག་ཅིང་། བྲང་ཏིའི་གདུང་རྒྱུད་འཛིན་པ་དག་ནི་ཆོས་རྒྱལ་རྣམས་ཀྱིས་བླ་སྨན་དུ་གནང་བ་རིགས་ནས་རིགས་སུ་བརྒྱུད་པའི་སྨན་པ་ཡིན་པས། ཕྱིས་ཀྱི་མཁས་པའི་ཁྲོད་དུའང་གནང་བ་རིགས་ཀྱི་སྨན་པ་བྲང་ཏིའི་གདུང་རྒྱུད་དུ་གཏོགས་པ་ཞེས་འབྲི་སྲོལ་སྣང་ཞིང་གྲགས་ཆེ།
མདོར་ན། དུས་རབས་བརྒྱད་པའི་སྐབས་སུ་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་བི་ཇི་ཙན་པ་ཤི་ལ་ཧ་བླ་སྨན་དུ་བཀུར་བ་ལ་བརྟེན་ནས་བྱང་ཁོག་དང་ཡན་ལག མགོ་བཅོས་ཀྱི་གནས་ལུགས་དང་དྲ་བཅོས་ཀྱི་གཞུང་ཅུང་ཟད་རྒྱས་པ་ཞིག་ཐོན་ཡོད་པར་འདོད་ལ། ཁྱད་པར་དུ་གཞུང་འདི་རྣམས་རྒྱལ་པོ་ “ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དུ་གྲགས་པ་དེའི་བློན་པོ་དང་། བླ་སྨན་གྱི་གཙོ་བོ་བྲང་ཏི་རྒྱལ་མཉེས་མཁར་ཕུག་”(21)བརྒྱུད་ནས་བྲང་ཏིའི་གདུང་རྒྱུད་ཁྲོད་རིམ་པར་འཆད་ཉན་གྱི་རྒྱུན་སྤེལ་ཡོད་ཅིང་། དེ་ནས་རིམ་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བྲང་ཏི་རྒྱལ་བཟང་དང་། བྲང་ཏི་སྲས་པོ་གཉིས་བྲང་ཏིའི་རྒྱུད་དུ་བྱོན་ཡོད་པ་དང་བཙན་པོའི་བླ་སྨན་དུ་བཀུར་བར་ཡང་གྲགས་པས་ན་སྐབས་དེའི་མཐུན་རྐྱེན་ཅི་རིགས་ཀྱི་སྒོ་ནས་བྲང་ཏིའི་གསོ་རིག་གི་རྒྱུན་མུ་ནས་མུ་རུ་སྤེལ་ཐུབ་པ་བྱུང་བ་ཞིག་རེད།
གཉིས་པ། བྲང་ཏིའི་གདུང་རྒྱུད་ཀྱིས་ས་སྐྱ་སྨན་གྲོང་དུ་གསོ་རིག་གི་འཕྲིན་ལས་སྤེལ་བ།
བྲང་ཏི་རྒྱལ་མཉེས་མཁར་ཕུག་གི་གདུང་རྒྱུད་ལས་མཆེད་པའི་གནང་བ་རིགས་ཀྱི་སྨན་པ་ཆེན་པོ་བྲང་ཏི་འཇམ་དཔལ་བཟང་པོའི་སྐུ་དུས་སུ་བྲང་ཏིའི་བརྒྱུད་པ་གཙོ་བོ་ས་སྐྱར་འཕོས་ནས་དཔལ་ལྡན་ས་སྐྱའི་གདུང་རྒྱུད་ཁུ་དབོན་རྣམས་ཀྱི་བླ་སྨན་མཛད་ཅིང་། ས་སྐྱ་གོང་མ་རྣམས་དབྱར་བཞུགས་གནང་ཡུལ་ཤབ་དགེ་སྡིངས་རྡོ་རྗེ་ཕོ་བྲང་གི་ཉེ་འགྲམ་དུ་གདན་ཆགས་ནས་བཞུགས་དགོས་པར་བཀའ་བསྩལ་བས་དེ་ནས་བཟུང་ས་སྐྱ་སྨན་གྲོང་པ་ཞེས་སུ་གྲགས།ས་སྐྱ་བའི་གྲུབ་མཐའི་སྲོལ་འབྱེད་མཁན་འཁོན་དཀོན་མཆོག་རྒྱལ་པོ་(1034-1102)ནས་ས་སྐྱ་བ་ཞེས་གྲགས་ཆེ་ཞིང་།“ཁོང་གི་སྲས་ཀུན་དགའ་སྙིང་པོ་ཆུ་ཕོ་སྤྲེལ་ཏེ་སྤྱི་ལོ་1092ལོར་འཁྲུངས་པ་དང་། དགུང་ལོ་བཅུ་གཉིས་བཞེས་པ་སྤྱི་ལོ་1103ལོར་རོང་ངུར་སྨྲིག་ཏུ་བྱོན་ཅིང་། དེར་ཡུན་རིང་ཙམ་བཞུགས་ནས་བྲང་ཏི་དར་མ་སྙིང་པོ་ལས་མངོན་པ་ཚར་གཅིག་གསན་པ་” (22)དང་། གཞན་ཡང་ “བྲང་ཏིའི་རིགས་ཀྱི་སྨན་པ་དར་མ་སྙིང་པོས་ས་ཆེན་ཀུན་དགའ་སྙིང་པོའི་བླ་སྨན་ཡང་མཛད་” (23)ཡོད་པར་གཞིགས་ན། དུས་འདི་ཙམ་ནས་བྲང་ཏིའི་རིགས་ཀྱི་སྨན་པ་དང་ས་སྐྱའི་ཁུ་དབོན་བར་ལ་འབྲེལ་བ་བྱུང་ཡོད་པར་འདོད་པ་དང་། སྐབས་འདིའི་བྲང་ཏི་དར་མ་སྙིང་པོ་ནས་དཔལ་ལྡན་འབུམ་བར་གཙོ་བོར་པོད་ཁྲ་དང་པོད་དམར་དུ་གྲགས་པའི་བྲང་ཏིའི་གསོ་རིག་གི་མན་ངག་ཆིག་བརྒྱུད་ཟབ་མོ་རྣམས་བརྒྱུད་སྤེལ་དང་འཆད་ཉན་གནང་ཡོད་པར་མངོན་ཏེ། 《དེའུ་དམར་གསོ་རིག་ཆོས་འབྱུང་》དུ། “བྲང་ཏི་རྒྱལ་མཉེས་མཁར་ཕུག་ནས་བཟུང་བྲང་ཏི་དར་མ་སྙིང་པོ། བྲང་ཏི་གྲགས་པ་འབུམ།བྲང་ཏི་ཇོ་བཙུན། བྲང་ཏི་དཔལ་ལྡན་འབུམ་སོགས་གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་བར་མ་ཆད་པར་བྱུང་ཞིང་། བདུད་རྩི་ཡུར་འདྲེན་ལ་སོགས་པ་མན་ངག་ཆིག་བརྒྱུད་ཟབ་མོ་རྣམས་རིམ་གྱིས་ཡི་གེར་བཏབ་པ་ལ་བྲང་ཏིའི་《པོད་ཁྲ་པོད་དམར་》དུ་གྲགས་” (24)ཞེས་འབྱུང་བ་ལས་ཤེས་ལ། དེའི་རྗེས་སུ་བྲང་ཏི་བསོད་ནམས་འབུམ་ཡབ་སྲས་ནས་བཟུང་《ཡན་ལག་བརྒྱད་པ་རྩ་འགྲེལ་》དང་། 《དམར་བྱང་མ་བུ》《ཨ་ཙ་རའི་གསོ་དཔྱད་སྐོར་གསུམ》 《གཡུ་ཐོག་པའི་རྒྱུད་བཞི་ཆ་ལག》 《བྱང་མོ་ཁུད་པའི་ལུགས་》སོགས་གསོ་དཔྱད་ཀྱི་གཞན་ལུགས་མང་པོ་ལ་སློབ་སྦྱོང་གནང་ཡོད་པ་སྟེ། བྲང་ཏིའི་ཁོག་འབུབས་《ཤེས་བྱ་རབ་གསལ་》ལས། “བྲང་ཏི་འཇམ་དཔལ་བཟང་པོ་ནི་ཡབ་བསོད་ནམས་འབུམ་ཞེས་པའི་སྲས་སུ་འཁྲུངས་ཤིང་། ཡབ་ལས་བསྟན་བཅོས་《བརྒྱད་པ་རྩ་འགྲེལ་》དང་། 《དམར་བྱང་མ་བུ》 《ཨ་ཙ་རའི་གསོ་དཔྱད་སྐོར་གསུམ་》ལ་སོགས་པའི་བཤད་སྐོར་མན་ངག་ཕྱག་ལེན་གསན། སྒོ་བཞི་རེ་ཐང་དུ་གཡུ་ཐོག་འཇམ་དཔལ་ཅན་བྱོན་ནས་རྒྱུད་བཞི་ཆ་ལག་དང་བཅས་པ་གསན། གཡུ་ཐོག་པའི་ཕྱག་ལེན་མན་ངག་རྣམས་གསན་ཞིང་ཐུགས་སུ་ཆུད་པར་མཛད་དེ། ཙི་བུ་བྱང་མོ་ཁུད་དུ་ལྗང་སྨན་པ་སློབ་དཔོན་ཡེ་ཤེས་བཟང་པོ་ཡུན་རིང་དུ་བསྟེན་ནས་བསྟན་བཅོས་ཡན་ལག་བརྒྱད་པ་རྒྱས་པར་གསན། མདོར་ན་བོད་དུ་གྲགས་པའི་གསོ་དཔྱད་ཕལ་མོ་ཆེ་ལ་དབང་འབྱོར་བས་མཁས་པའི་མཆོག་ཏུ་གྲགས་ལ། ས་སྐྱའི་གདན་སར་རྒྱུད་བརྒྱད་པ་ལག་ལེན་པོ་ཏི་རྣམས་མ་ཆག་པར་གསུངས་ཤིང་བརྒྱད་པའི་འཆད་ཉན་བཙུགས། རྗེས་འཇུག་ཚོའི་བློ་གྲོས་རྒྱས་པར་བྱེད་པ་ལ་སེར་སྣ་དང་། དཔེ་མཁྱུད་མེད་པར་སློབ་མ་ལ་ནན་ཏན་དུ་མཛད་པས་སྨན་པའི་སྨན་པར་གྲགས་”ཞེས་དང་། གཞན་ཡང་“བྲང་ཏི་རྒྱལ་བ་བཟང་པོས་བི་ཇི་ཇོ་བོ་དཔལ་བསྟེན་ནས་གཞུང་མན་ངག་ཕྱག་ལེན་ཐུགས་སུ་ཆུད་པར་མཛད་པ་དང་། བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་རང་གི་གཅེན་པོ་དང་ཕག་སྟོན་ཤཱཀྱ་མགོན་པོ་ཡུན་རིང་བསྟེན་ནས་རྒྱུད་བཞི་ཆ་ལག་འགྲེལ་ཊིཀ་ཕྱག་ལེན་དང་བཅས་པ་དང་། རྒྱུད་བརྒྱད་པ་ཟུང་འབྲེལ་གྱི་འཆད་ཉན་ལོ་བཅོ་ལྔ་ནས་དེང་སང་གི་བར་དུ་ཆོས་མ་ཆག་པ་ཙམ་བསྟན་པ་དང་” (25)ཞེས་འབྱུང་བས་ན་ས་སྐྱ་བའི་སྐབས་སུ་གསོ་རིག་གི་གཞུང་དང་གདམས་པ་མང་པོ་དཀྱུས་གཅིག་ཏུ་བྲང་ཏི་བ་ལ་བརྒྱུད་ཡོད་པ་རྟོགས་ནུས་ཤིང་དེ་དང་མཐུན་པར་མཚན་སྙན་ཤིན་ཏུ་རྒྱས་རྐྱེན་ས་སྐྱའི་སྲིད་དབང་གི་སྐབས་སུ་(1246-1354) བྲང་ཏི་འཇམ་དཔལ་བཟང་པོ་དང་སྲས་བྲང་ཏི་རྒྱལ་བ་བཟང་པོ། དཔལ་ལྡན་འཚོ་བྱེད་རྣམས་ས་སྐྱའི་གདུང་རྒྱུད་ཁུ་དབོན་རྣམས་ཀྱི་བླ་སྨན་དུ་བཀུར་ཡོད་པ་དང་། དཔལ་ལྡན་ས་སྐྱ་བའི་སྲིད་དབང་གི་རྒྱབ་སྐྱོར་འོག་བྲང་ཏིའི་གསོ་རིག་གི་གདུང་རྒྱུད་འཛིན་པ་རྣམས་ཀྱིས་ས་སྐྱ་སྨན་གྲོང་དཀྱིལ་སྙིང་དུ་བཟུང་སྟེ་གསོ་རིག་དར་སྤེལ་ཆེན་པོ་བྱས་པས་གཙང་ཕྱོགས་སུ་གསོ་དཔྱད་བསྟན་པ་སླར་ཡང་དར་ཞིང་རྒྱས་པར་མཛད་པར་མ་ཟད་བྲང་ཏིའི་གདུང་རྒྱུད་འཛིན་པའི་སྨན་པ་མཁས་པ་མང་པོ་ཞིག་རིམ་པར་བྱོན་ཡོད་པ་སྟེ། 《དེའུ་དམར་གསོ་རིག་ཆོས་འབྱུང་》དུ། “བྲང་ཏི་དར་མ་སྙིང་པོ་དང་། བྲང་ཏི་གྲགས་པ་འབུམ། བྲང་ཏི་ཇོ་བཙུན། བྲང་ཏི་དཔལ་ལྡན་འབུམ། བྲང་ཏི་འཇམ་དཔལ་བཟང་པོ། བྲང་ཏི་རྒྱལ་བ་བཟང་པོ། བྲང་ཏི་དཔལ་ལྡན་འཚོ་བྱེད། བྲང་ཏི་དཔལ་ལྡན་རྒྱལ་མཚན། བྲང་ཏི་ཀུན་དགའ་བཟང་པོ། བྲང་ཏི་སྟག་ལ་དཔལ། བྲང་ཏི་རྡོ་རྗེ་དཔལ་བཟང་། བྲང་ཏི་དཔལ་འབྱོར་དོན་གྲུབ།བྲང་ཏི་ཞལ་ངོ་དཔལ་མགོན་རྡོ་རྗེ་དང་ཆོས་རྒྱལ་བཀྲ་ཤིས།བྲང་ཏི་ཀུན་དགའ་དོན་གྲུབ་” (26)སོགས་བྲང་ཏིའི་གདུང་རྒྱུད་འཛིན་པ་ཇི་སྙེད་ཅིག་བགྲངས་ཡོད་པ་དང་། བོད་ཀྱི་གསོ་རིག་ལོ་རྒྱུས་སུ་ཤུགས་རྐྱེན་དང་གྲགས་པ་ཆེར་རྒྱས་ལ། མཐར་“དུས་རབས་བཅུ་བདུན་ཙམ་ན་འཆད་ཉན་གྱི་རྒྱུན་ཆད་པར་སྣང་” (27)ཞེས་གསུངས་པར་གཞིགས་ན་བྲང་ཏི་ཀུན་དགའ་དོན་གྲུབ་ཀྱི་རྗེས་སུ་གསོ་རིག་གི་གདུང་རྒྱུད་འཛིན་མཁན་ཆེར་མ་བྱུང་བར་མངོན། བྲང་ཏིའི་མཁས་པ་རིམ་བྱོན་རྣམས་ལ་སློབ་མའི་ཚོགས་མང་དུ་བྱོན་ཡོད་ཀྱང་གསོ་བ་རིག་པའི་གདམས་པ་ཡོངས་སུ་རྫོགས་པ་བུམ་པ་གང་བྱོའི་ཚུལ་དུ་གཏད་པའི་སློབ་མ་ནི་གོང་སྨན་པ་ཡབ་སྲས་གཉིས་ཡིན་ཞིང་། བྲང་ཏིའི་《པོད་དམར་》དུ་གྲགས་པ་ལས། བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ངས། །ས་སྐྱའི་ཉིས་ཐོག་སྨན་གྲོང་དུ། །སྣོད་ལྡན་དཀོན་ཅོག་བདེ་ལེགས་ལ། །(28)ཞེས་གསལ་ཞིང་། གོང་སྨན་པ་ཆེན་པོ་སྡེ་སྲིད་སེང་གེ་རྩེ་བས་སྤྱན་དྲངས་སྐབས་གོང་སྨན་དཀོན་མཆོག་འཕན་དར་ཡང་ཕྱག་ཕྱིར་འབྲངས་ཏེ་བྲང་ཏི་དཔལ་མགོན་རྡོ་རྗེ་དང་བྲང་ཏི་ཆོས་རྒྱལ་བཀྲ་ཤིས་གཉིས་དང་མཇལ་ལ། ས་སྐྱ་སྨན་གྲོང་དུ་བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ལས་《ཡན་ལག་བརྒྱད་པ་》དང་། 《མན་ངག་གསེར་བྲེ》 《དངུལ་བྲེ》 《བདུད་རྩི་བུམ་ཆེན་》སོགས་ལུང་དང་མན་ངག་དུ་མ་གསན་པ་དང་། གཞན་ཡང་ཟུར་མཁར་རྣམ་གཉིས་ཀྱི་གསུང་དུའང་བྲང་ཏི་ནས་བརྒྱུད་པའི་ལོ་རྒྱུས་གསལ་བ་སྟེ། 《དཔལ་ལྡན་ཟུར་མཁར་བའི་ཁྱད་ཆོས་གློ་ནད་གསོ་བའི་ཟབ་དོན་མྱོང་གྲུབ་》ཅེས་པ་ལས། བྲང་ཏི་གཡུ་ཐོག་མགོན་པོ་སོགས། །དྲང་སྲོང་བརྒྱུད་པའི་ཞབས་ལ་འདུད། །(29)ཅེས་དང་། “ཟུར་མཁར་བློ་གྲོས་རྒྱལ་པོ་ས་སྐྱ་སྨན་གྲོང་དུ་ཕེབས་ནས་བྲང་ཏིའི་ཞལ་ངོ་ཡབ་སྲས་ལ་ཡན་ལག་བརྒྱད་པ་དང་། རང་འགྲེལ། ཟླ་ཟེར། རྒྱུད་བཞི། ཆ་ལག་བཅོ་བརྒྱད་དཀར་ཆག་གི་ནང་བཞིན། སྨན་གྲོང་བ་རང་གི་གདམས་ངག་གསེར་བྲེ་དངུལ་བྲེ་རྣམས་ཀྱི་ལུང་ཞུས་པ་” (30)སོགས་མཆིས་པ་དང་། དེ་མིན་འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོ་ཡང་བྲང་ཏི་རྒྱལ་བ་བཟང་པོ་ནས་དཔལ་ལྡན་འཚོ་བྱེད་བར་གྱི་སྨན་བརྒྱུད་ཡིན་པ་ཉིད་ཀྱི་གསུང་ལས་གསལ་(31)བ་བཅས་པ་ན། སྐབས་དེ་དག་ཏུ་བྲང་ཏིའི་གདུང་རྒྱུད་དག་ནི་གསོ་རིག་འཛིན་པ་མང་པོ་ཞིག་གི་གཞུང་དང་གདམས་པའི་ཁུངས་གཏུགས་ས་ལྟ་བུ་ཞིག་ཏུའང་གྱུར་ཡོད་པར་སྣང་།
བྲང་ཏི་རྒྱལ་མཉེས་མཁར་ཕུག་བླ་སྨན་དུ་དབང་བསྐུར་བ་ནས་བཟུང་གནང་རིགས་སྨན་པའི་གདུང་རྒྱུད་མང་དུ་བྱོན་ཡོད་པ་དང་། སྒོས་སུ་ས་སྐྱའི་སྲིད་དབང་གི་སྐབས་སུ་བྲང་ཏིའི་གདུང་རྒྱུད་འཛིན་པ་དག་གིས་ས་སྐྱ་ཁུ་དབོན་རྣམས་ཀྱི་བླ་སྨན་མཛད་པ་ལ་བརྟེན་ནས་ས་སྐྱ་སྨན་གྲོང་བ་ཞེས་གྲགས་པ་རྒྱས་ཤིང་། གསོ་བ་རིག་པའི་གཞུང་དང་ལག་ལེན་མང་པོ་འཆད་ཉན་དང་དར་སྤེལ་བྱུང་ལ། གསོ་རིག་གི་བསྟི་གནས་ཆེན་པོ་འདི་ནས་གོང་སྨན་ཡབ་སྲས་སོགས་སྔ་རབས་བོད་འདིར་གྲགས་པའི་གསོ་རིག་འཛིན་པ་མང་པོ་གསོ་སྐྱོང་གནང་སྟེ་བོད་ཀྱི་གསོ་རིག་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པའི་ཚུལ་དུ་མཐོང་།
གསུམ་པ། བྲང་ཏིའི་གདུང་རྒྱུད་དུ་བླ་སྨན་པ་མང་དུ་བྱོན་ཚུལ།
བཙན་པོ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་དུ་གྲགས་པའི་བློན་པོ་དང་། བླ་སྨན་ཟུང་དུ་མཛད་པ་བྲང་ཏི་རྒྱལ་མཉེས་མཁར་ཕུག་ནས་བཟུང་བྲང་ཏིའི་རྒྱུད་དུ་གསོ་རིག་མཁས་དབང་དང་ལོ་ཙཱ་བ། ཞལ་ལྕེ་སྨྲ་བའི་ཡིག་མཁན་སོགས་མང་དུ་བྱོན་མྱོང་ཡོད་པ་དང་། ལྷག་ཏུ་གསོ་རིག་ཐད་ཀྱི་ལྷ་རྗེ་མང་དུ་བྱོན་ཡོད་པས་གསོ་བ་རིག་པའི་ཁྱབ་ཁོངས་སུ་གནང་བ་རིགས་ཀྱི་སྨན་པའི་མཚན་གཞིར་གྱུར་ཡོད་པ་སྟེ། “གནང་བ་རིགས་ཀྱི་སྨན་པ་ཞེས་བྱ་བ་ནི། རྒྱལ་པོ་རྣམས་ཀྱིས་སྨན་པ་བྱེད་པར་གནང་བ་བྱིན་ནས་རིགས་རྒྱུད་དང་ལྡན་པ་སྟེ། རྒྱ་གར་ན་འཚོ་བྱེད་གཞོན་ནུ་ལྟ་བུ་དང་། བོད་ན་བྲང་ཏི་རྒྱལ་གཉེས་(མཉེས་)ཁ་རུ་ལྟ་བུ་ཡིན་སྐད།” (32) ཅེས་འབྱུང་བ་དང་། བྲང་ཏི་རྒྱལ་མཉེས་མཁར་ཕུག་བཙན་པོའི་བརྒྱུད་ནས་རྒྱུད་ཀྱི་བླ་སྨན་དུ་དབང་བསྐུར་ཞིང་། དཔྱད་ཡིག་ཅེས་པ་དང་ཕུ་དུད་དུ་བྱས་པའི་ཚིགས་ཀྱི་བཀའ་ཡིག་གནང་(33)ཡོད་པ་ནས་བཟུང་ཁོང་གི་རྒྱུད་དུ་གཏོགས་པ་བྲང་ཏི་རྒྱལ་བཟང་ནི་དུས་རབས་བརྒྱད་པར་རོང་ངུར་སྨྲིག་ཏུ་འཁྲུངས་ཤིང་། བོད་སྨན་མཁས་པ་མི་དགུའི་ཡ་གྱལ་དུ་གྱུར་བ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་བླ་སྨན་ཡིན་པ་དང་། དེ་དང་དུས་མཉམ་པ་བྲང་ཏི་སྲས་པོ་ཡང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་བླ་སྨན་པ་ཡིན་པ་(34)འཁོད་འདུག་ལ། དེ་ནས་ཅུང་ཕྱིས་ཀྱི་དུས་རབས་བཅུ་གཉིས་པའི་སྐབས་སུ་“བྲང་ཏིའི་རིགས་ཀྱི་སྨན་པ་དར་མ་སྙིང་པོས་ས་ཆེན་ཀུན་དགའ་སྙིང་པོའི་བླ་སྨན་མཛད་” (35)པ་ནས་བྲང་ཏིའི་རིགས་ཀྱི་སྨན་པ་དང་ས་སྐྱའི་ཁུ་དབོན་བར་ལ་འབྲེལ་བ་བྱུང་ཡོད་པ་དང་། ས་སྐྱའི་སྲིད་དབང་གི་སྐབས་སུ་“བྲང་ཏི་འཇམ་དཔལ་བཟང་པོ་ཉིད་ས་སྐྱའི་བདག་ཉིད་ཆེན་པོ་བཟང་པོ་དཔལ་(1262-1324)ཞུ་བ་དེས་གདན་སར་སྤྱན་དྲངས་ཤིང་། བརྒྱད་པའི་འཆད་ཉན་བཙུགས། བརྒྱ་ཚོ་ཕྱེད་ཀྱི་གོ་ས་དང་། བླ་སྨན་གྱི་མཐིལ་མཛད།” (36)ཅེས་དང་། “དེའི་སྲས་བྲང་ཏི་རྒྱལ་བ་བཟང་པོ་དང་བྲང་ཏི་དཔལ་ལྡན་འཚོ་བྱེད་སོགས་ཀྱིས་ཀྱང་ས་སྐྱའི་གདུང་རྒྱུད་ཁུ་དབོན་རྣམས་ཀྱི་བླ་སྨན་མུ་ལྟར་མཛད་” (37)དེ་ཡབ་ཀྱི་གདནས་དང་གསོ་རིག་གི་འཕྲིན་ལས་བསྐྱངས་ཡོད་པས་དུས་རབས་མང་པོར་གསོ་རིག་གི་གདུང་རྒྱུད་མ་འགྱུར་བར་རྒྱུད་འཛིན་གནང་ཐུབ་པ་བྱུང་ཡོད་ཅིང་། ཞིབ་འཇུག་ལྟར་ན་“དུས་རབས་བརྒྱད་པ་ནས་བཅུ་བདུན་བར་དུ་བོད་ཀྱི་སྤྱི་ཚོགས་སུ་བྲང་ཏིའི་རིགས་ཀྱི་མཁས་པ་རིམ་ཅན་དུ་བྱོན་ཡོད་” (38)པར་གསུངས་ལ། འདི་ལྟར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་བཙན་པོའམ་སྲིད་ཕྱོགས་ཀྱི་རྒྱབ་སྐྱོར་ངེས་ཅན་ཡོད་པ་དེའོ། །
བྲང་ཏིའི་གདུང་རྒྱུད་རྣམས་བཙན་པོའི་སྐབས་ནས་བླ་སྨན་དུ་དབང་བསྐུར་བའི་རྒྱུན་ལས་ས་སྐྱ་བའི་དུས་སུ་ས་སྐྱ་ཁུ་དབོན་རྣམས་ཀྱི་བླ་སྨན་མཛད་དེ་ཕྱག་རྗེས་ཤིན་ཏུ་ཆེ་བ་ན་ས་སྐྱ་སྨན་གྲོང་ཞེས་གྲགས་ཆེ་བ་དང་། དུས་རབས་བཅུ་བདུན་པའི་བྲང་ཏིའི་གསོ་རིག་གི་གདུང་རྒྱུད་འཛིན་པ་བྲང་ཏི་ཀུན་དགའ་དོན་གྲུབ་བར་དུ་ལོ་རྒྱུས་ཅུང་གསལ་ལ།“དེང་སྐབས་ཀྱང་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་གནས་ས་སྐྱ་རྫོང་ཁོངས་ཤབ་དགེ་སྡིངས་ཁུལ་དུ་ཤབ་ཆུའི་བར་ན་དགེ་སྡིངས་སྨན་གྲོང་པ་ཞེས་པའི་མི་ཚང་ཞིག་དང་། ཤབ་ཆུའི་སྨད་དུ་མིག་སྨན་གྲོང་པ་ཞེས་པའི་མི་ཚང་ཞིག་སྟེ་གཉིས་མཆིས་ཤིང་། དེ་དག་གི་ཡབ་མེས་རྣམས་སྨན་དཔྱད་གཉེར་མཁན་ཡིན་ཚུལ་གསུངས་པར་མ་ཟད། དེ་སྔོན་བེད་སྤྱོད་མྱོང་བའི་སྨན་གཞུང་གི་དཔེ་རྙིང་དང་སྨན་དཔྱད་ཀྱི་ཆ་བྱད་དེ། བསྡུ་ར་དང་། སྨན་ཁུག སྨན་གཞོང་། གཙགས་བུ། ཏེལ་པ། རྐྱོང་བུ། ཐུར་མ་སོགས་འཐུས་སྒོ་ཚང་བར་མཆིས་ཤིང་། དེ་དག་ད་ལྟ་དགེ་བའི་བཤེས་གཉེན་ཆེན་པོ་དབང་འདུས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་སྨན་རྩིས་རྟེན་མཛོད་ཁང་དུ་ཉར་ཚགས་གནང་ཡོད་པར་བཤད།” (39)
མཇུག་བསྡུ་བ།
དེ་ལྟར་“བྲང་ཏིའི་རྒྱུད་པ་བགྲང་ཡས་པ་རྣམས་ནི་གསོ་བ་རིག་པའི་གཞུང་གི་སྲོག་ཤིང་འཛིན་པའོ། །” (40)ཞེས་འབྱུང་བ་ལྟར་གསོ་རིག་ཐད་མཛད་འཕྲིན་དང་ཤུགས་རྐྱེན་ཆེ་བའི་ཚུལ་བསྟན་ཡོད་པ་དང་། དེ་ལས་གཞན་བྲང་ཏིའི་《སྤྱི་དོན་ཤེས་བྱ་རབ་གསལ་》དུ། “ཡོངས་གྲགས་སྨན་བླ་ལྟ་བུའི་སྨན་པ་རྣམས་ཀྱི་མཚན་ཐོ་ཞེས་པའི་སྐབས་སུ་རྒྱལ་པོ་ལྟར་གྲགས་པ་གཅིག་ནི། བྲང་ཏི་རྒྱལ་མཉེས་མཁར་ཕུག་” (41)ཅེས་དང་། སྟོབས་ལྡན་ཧོར་གྱིས་བཀུར་བའི་སྨན་པ་དྲུག་གི་གྲས་སུ་“སྣང་མཐའ་སྨན་གྲོང་གི་བྲང་ཏི་གྲགས་འབུམ་”ཞེས་དང་། བསྟན་པའི་སྲོག་ཤིང་ལྟ་བུའི་སྨན་པ་བཅུའི་ཁྲོད་དུ། “མཁྱེན་བརྩེ་ནུས་མཐུ་ལྡན་པ་ས་སྐྱའི་བྲང་ཏི་འཇམ་བཟང་།” “གཞུང་གི་གནས་ལུགས་རྟོགས་པ་གྲིལ་ཆེན་གྱི་བི་བྱི་དཔལ་མགོན། གཞུང་གདམས་ཕྱོགས་བཅུར་སྤེལ་བ་ས་སྐྱའི་གྲང་རི་རྒྱལ་བཟང་།” (42) “སྨན་པའི་སྨན་པར་གྲགས་པ་བྲང་ཏི་འཇམ་དཔལ་བཟང་པོ་” (43)ཞེས་པ་སོགས་འབྱུང་ཞིང་། ཁྱད་པར་དུ་གསོ་བཅོས་ཐུན་མིན་གྱི་མན་ངག་དང་། གདམས་པ། རྩའི་པྲ་སྒྲུབ་སོགས་སྔགས་སྨན་ཟུང་འབྲེལ་གྱི་བཅོས་ཐབས་སྐོར་ནི་བྲང་ཏིའི་ཐུན་མིན་གྱི་ཁྱད་ཆོས་སུ་བརྩི་རིགས་ཏེ། རྗེ་གཡུ་ཐོག་པས། “དེང་སང་ཁ་བ་ཅན་གྱི་ལྗོངས་འདི་ན། །སྨན་པར་རློམ་པའི་སྐྱེ་བོ་རབ་མང་ཡོད། །བྲང་ཏི་མཁས་པ་སློབ་མར་བཅས་མ་གཏོགས། །འཚོ་བྱེད་ཡིན་སྙམ་བདག་གི་སེམས་ལ་མེད། །” (44)ཅེས་ཀྱང་སྨྲའོ། །
མདོར་ན། བྲང་ཏིའི་གདུང་རྒྱུད་ཀྱི་ལྷ་རྗེ་དག་ནི་བཙན་པོ་རིམ་བྱོན་ནམ་བོད་འདིར་ཆབ་སྲིད་ཀྱི་ཁ་ལོ་བསྒྱུར་བའི་དབང་སྒྱུར་གྲལ་རིམ་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག སྤྱི་ལོའི་དུས་རབས་བརྒྱད་པ་ནས་སྤྱི་ལོའི་དུས་རབས་བཅུ་བདུན་བར་དུ་འཕེལ་རྒྱས་བྱུང་ཞིང་། དེའི་རིང་གནང་རིགས་ཀྱི་སྨན་པ་དང་གཞུང་གདམས་ལག་ལེན་ལ་ནང་བྱན་ཆུད་པའི་ལྷ་རྗེ་མང་དག་ཅིག་བྱོན་ཡོད་པས། ཕྱིས་ཀྱི་མཁས་པའི་ཉམས་ཡིག་དུ་མ་རུའང་བྲང་ཏིའི་གདམས་པ་ཁུངས་ལུང་དུ་དྲངས་པ་མང་དུ་མཐོང་དུ་ཡོད་ལ། དུས་ཡུན་རིང་པོའི་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྣེ་ཁྲིད་ཀྱི་ནུས་པ་མི་དམན་པ་འདོན་སྤེལ་བྱས་ཡོད་པ་བཅས་སོ། །
མཆན་འགྲེལ།
① དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》[Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་1502
②④རྣམ་རྒྱལ། 《གནང་བ་རིགས་ཀྱི་སྨན་པ་བྲང་ཏིའི་རྒྱུད་པ་བྱུང་འཕེལ་དང་དེའི་ཐུན་མིན་རིག་གཞུང་དགོངས་དོན་ལ་དཔྱད་པ》 [D] http://www.cnki.net/ 2014ལོ། ཤོག་ངོས་9; 35
③1.བྲང་ཏི་དཔལ་ལྡན་འཚོ་བྱེད། 《སྤྱི་དོན་ཤེས་བྱ་རབ་གསལ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་56 2.སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《 སྡེ་སྲིད་སྨན་གྱི་ཁོག་འབུབས》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས་156 3.དེའུ་དམར་བསྟན་འཛིན་ཕུན་ཚོགས། 《དེའུ་དམར་གསོ་རིག་གཅེས་བཏུས》 སྨད་ཆ།[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་1138
⑤ཇོ་བོ་ལྷུན་གྲུབ་བཀྲ་ཤིས་དང་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས། 《གཡུ་ཐོག་གསར་རྙིང་གི་རྣམ་ཐར》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་86
⑥གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ། 《ཆ་ལག་བཅོ་བརྒྱད》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005 ལོ། ཤོག་ངོས་207
⑦དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006 ལོ། ཤོག་ངོས་781
⑧⑩བི་ཇི་ཙན་པ་ཤི་ལ་ཧ། 《བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ》[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་1
⑨བྲང་ཏི་དཔལ་ལྡན་འཚོ་བྱེད། 《སྤྱི་དོན་ཤེས་བྱ་རབ་གསལ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་56-57
⑾1.ཟུར་མཁར་བློ་གྲོས་རྒྱལ་པོ། 《ཤེས་བྱ་སྤྱིའི་ཁོག་འབུབས》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་239-240 2. སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《སྡེ་སྲིད་སྨན་གྱི་ཁོག་འབུབས》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས་113
⑿⒁ཟུར་མཁར་བློ་གྲོས་རྒྱལ་པོ། 《ཤེས་བྱ་སྤྱིའི་ཁོག་འབུབས》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་239-240 ; 240
⒀སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《སྡེ་སྲིད་སྨན་གྱི་ཁོག་འབུབས》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས་113
⒂དབྱངས་དགའ། 《བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ་ལ་དཔྱད་པ་རྨོངས་མུན་སེལ་བའི་སྒྲོན་མེ》[J] ལྷ་ས། 《བོད་སྨན་སློབ་གསོ་དང་ཞིབ་འཇུག》 2015ལོའི་འདོན་ཐེངས་དང་པོ། ཤོག་ངོས་9
⒃གཙང་སྟོད་དར་མ་མགོན་པོ། 《གཙང་སྟོད་ཟིན་ཐིག་ཡང་ཐིག》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་241
⒄⒇(21)བྲང་ཏི་དཔལ་ལྡན་འཚོ་བྱེད། 《སྤྱི་དོན་ཤེས་བྱ་རབ་གསལ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་53; 3; 79
⒅བྱམས་པ་འཕྲིན་ལས། 《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་74
⒆སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《སྡེ་སྲིད་སྨན་གྱི་ཁོག་འབུབས》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས་212
(22)རོང་པ་མིག་དམར། 《བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་གསོང་པོར་བརྗོད་པ་དྭངས་གཙང་ཆུ་བོའི་རྒྱུན་བཟང》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་253
(23)ཤར་ཡུལ་ཕུན་ཚོགས་ཚེ་རིང་། 《བོད་ཀྱི་རིག་གནས་རྣམ་བཤད》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་347
(24)དེའུ་དམར་བསྟན་འཛིན་ཕུན་ཚོགས། 《དེའུ་དམར་གསོ་རིག་གཅེས་བཏུས》 སྨད་ཆ། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་1138
(25)བྲང་ཏི་དཔལ་ལྡན་འཚོ་བྱེད། 《སྤྱི་དོན་ཤེས་བྱ་རབ་གསལ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་78-81
(26)དེའུ་དམར་བསྟན་འཛིན་ཕུན་ཚོགས། 《དེའུ་དམར་གསོ་རིག་གཅེས་བཏུས》 སྨད་ཆ། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་1138
(27)དབྱངས་དགའ། 《བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ་ལ་དཔྱད་པ་རྨོངས་མུན་སེལ་བའི་སྒྲོན་མེ》[M] ལྷ་ས། 《བོད་སྨན་སློབ་གསོ་དང་ཞིབ་འཇུག》 2015ལོའི་འདོན་ཐེངས་དང་པོ། ཤོག་ངོས་9
(28)(31)བྱམས་པ་འཕྲིན་ལས། 《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2000ལོ། ཤོག་ངོས་233; 200
(29)ཟུར་མཁར་མཉམ་ཉིད་རྡོ་རྗེ། 《མན་ངག་བྱེ་བ་རིང་བསྲེལ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་371
(30)ཟུར་མཁར་བློ་གྲོས་རྒྱལ་པོ། 《རྡོ་རིང་མཛེས་བྱེད》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་220
(32)གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ། 《འགྲེལ་པ་འབུམ་ཆུང་གསལ་སྒྲོན》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་207
(33)བྲང་ཏི་དཔལ་ལྡན་འཚོ་བྱེད། 《སྤྱི་དོན་ཤེས་བྱ་རབ་གསལ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་56-57
(34)སྤྱིར་བྲང་ཏི་སྲས་པོ་དང་བྲང་ཏི་སྲས་ཆུང་ཞེས་པ་བྲང་ཏི་དཔལ་ལྡན་འཚོ་བྱེད་དང་བྲང་ཏི་དཔལ་ལྡན་རྒྱལ་མཚན། རྗེ་ཟུར་མཁར་བ། གོང་སྨན་དཀོན་མཆོག་བདེ་ལེགས་བཅས་ཀྱི་གསུང་རྩོམ་དང་། 《གདན་རབས་ནོར་བུའི་ཕྲེང་བ་》བཅས་སུ་འབྱུང་ལ། ཆོས་རྒྱལ་སྐབས་ཀྱི་གསོ་དཔྱད་མི་སྣ་ཞིག་ཡིན་པ་གཞི་མཐུན་དུ་མཐོང་ཞིང་སྒོས་སུ་གོང་སྨན་པའི་གསུང་དུ་བྲང་ཏི་སྲས་པོས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་རྡོ་དཔྱད་བདུད་རྩི་བུམ་པ་ཞུས་ཚུལ་གསལ་ཞིང་། འདིར་ཆོས་རྒྱལ་སྐབས་ཀྱི་བླ་སྨན་ཡིན་པའི་ཚུལ་ནི་བསྟན་འཛིན་རྒྱལ་པོ་ལགས་ནས་《མན་ངག་སྙན་བརྒྱུད་ཀྱི་གདམས་པ་འཆི་མེད་དཀར་པོ་དྲུག་སྦྱོར་གྱི་ཆ་ལག་ཚང་བ་གྲངས་ཏི་(བྲང་ཏིའི་)ཁྱད་ཆོས་གོང་ཁ་བའི་སྙིང་ཏིག་》ཅེས་པའི་དཔེ་རྙིང་བྲིས་མ་ཞིག་ལ་གཞི་བྱས་ཏེ་བྲང་ཏི་སྲས་པོ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་ཡིན་པར་བསྒྲུབས་ཡོད་པ་དེར་གཞི་བཅོལ་བ་ཡིན། (བསྟན་འཛིན་རྒྱལ་པོ། 《ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་བྲང་ཏི་སྲས་པོ་དང་གཡུ་ཐོག་རྒྱ་ཚའི་སྐོར་ལ་ཅུང་ཙམ་དཔྱད་པ་མེས་པོའི་ཞལ་ལུང》 《གངས་ལྗོངས་སྨན་རྩིས》 2017ལོའི་འདོན་ཐེངས་དང་པོ། P.1-8)
(35)ཤར་ཡུལ་ཕུན་ཚོགས་ཚེ་རིང་། 《བོད་ཀྱི་རིག་གནས་རྣམ་བཤད》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ལྷ་ས། 2015ལོ། ཤོག་ངོས་347
(36)དེའུ་དམར་བསྟན་འཛིན་ཕུན་ཚོགས། 《དེའུ་དམར་གསོ་རིག་གཅེས་བཏུས》 སྨད་ཆ།[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་1139
(37)རྣམ་རྒྱལ། 《གནང་བ་རིགས་ཀྱི་སྨན་པ་བྲང་ཏིའི་རྒྱུད་པ་བྱུང་འཕེལ་དང་དེའི་ཐུན་མིན་རིག་གཞུང་དགོངས་དོན་ལ་དཔྱད་པ》 [D] http://www.cnki.net/ 2014ལོ། ཤོག་ངོས་58
(38)(41)(42)(43)བྲང་ཏི་དཔལ་ལྡན་འཚོ་བྱེད། 《སྤྱི་དོན་ཤེས་བྱ་རབ་གསལ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་73; 65; 67; 79
(39)རྣམ་རྒྱལ། 《གནང་བ་རིགས་ཀྱི་སྨན་པ་བྲང་ཏིའི་རྒྱུད་པ་བྱུང་འཕེལ་དང་དེའི་ཐུན་མིན་རིག་གཞུང་དགོངས་དོན་ལ་དཔྱད་པ》 [D] http://www.cnki.net/ 2014ལོ། ཤོག་ངོས་58
(40)དེའུ་དམར་བསྟན་འཛིན་ཕུན་ཚོགས། 《དེའུ་དམར་གསོ་རིག་གཅེས་བཏུས》 སྨད་ཆ། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་1124
(44)གཡུ་ཐོག་ཡོན་ཏན་མགོན་པོ། 《ཆ་ལག་བཅོ་བརྒྱད》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་255