དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

སྙེ་མོ་བཟང་རི་ཁུལ་གྱི་གཉེན་སྲོལ་སྐོར་གླེང་བ།

སྤེལ་དུས 2021-03-09 ཡོང་ཁུངས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། རྩོམ་པ་པོ། རྨེའུ་ཚ་བསྟན་འཛིན་རྣམ་རྒྱལ།
གནད་བསྡུས། གཉེན་སྲོལ་ནི་དམངས་སྲོལ་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། མིའི་རིགས་ཀྱི་འཚོ་བ་དངོས་དང་ནམ་ཡང་ཁ་བྲལ་ཐབས་མེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཀྱང་ཡིན། དཔྱད་རྩོམ་འདིར་ཡུལ་དངོས་རྟོག་ཞིབ་དང་། མིའི་རིགས་རིག་པའི་ཐབས་ལམ་ཐོག་ནས་བོད་ལྗོངས་ལྷ་ས་གྲོང་ཁར་སྙེ་མོ་བཟང་རི་ཁུལ་གྱི་གཉེན་སྲོལ་གནད་དུ་བཟུང་ནས་ཁུལ་དེའི་བག་མ་སློང་སྐབས་ཀྱི་སློང་ཆང་དང་། གཉེན་སྟོན་གྲ་སྒྲིག་གཉེན་སྟོན་མཛད་སྒོ། མནའ་མ་སྐྱོ་ལོག་སོགས་ཀྱི་སྐོར་གང་འདུག 
གནད་ཚིག སྙེ་མོ། བཟང་རི། གཉེན་སྲོལ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]K892.22[ཡིག་ཚང་མཚོན་བྱང་།] A [རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)02-135-14
དང་པོ། སློང་ཆང་གི་སྐོར།
        དེ་ཡང་སློང་ཆང་གི་སྐོར་བརྗོད་ན། སྤྱིར་ཡུལ་གྲུ་འདིར་ཕོ་ལོ་དྲུག་སུམ་བཅོ་བརྒྱད་ལ་སླེབས་སྐབས་སུ། ཁྱིམ་གྱི་ཕ་མ་གཉིས་ཀྱིས་གཙོས་ནང་མི་གོ་ཆོད་པ་རྣམས་གཅིག་ཏུ་བསྡུས་ཏེ་བུར་མནའ་མ་བསུ་རྒྱུའི་གྲོས་བྱེད་ཀྱི་ཡོད། དེ་ནས་ཁྱིམ་ཚང་གིས་དགའ་ཉེ་སྤུན་མཆེད་གང་རུང་ལས་གཉེན་དཀར་འཇོན་ཐང་དང་ལྡན་པ་ཞིག་གཏན་འཁེལ་བྱས་ཏེ་བག་མ་སློང་བའི་སྟ་གོན་དངོས་སུ་བྱེད། བག་མ་སློང་བའི་ཆ་རྐྱེན་ཡང་ཁྱིམ་ཚང་སོ་སོའི་འདོད་བློ་ལྟར་འཚོལ་སྲོལ་ཡོད། དཔེར་ན། གྲོང་ཚོའི་ནང་གི་ཁྱིམ་ཚང་རིགས་རུས་མཐོ་ལ་དཔལ་འབྱོར་གྱི་རྨང་གཞི་ལེགས་པའི་ཁྱིམ་ཚང་ཞིག་ལ་ཆ་མཚོན་ན། གཙོ་བོ་རིགས་རུས་རང་ཁྱིམ་དང་མཉམ་པའི་རྨང་གཞིའི་ཐོག་ཆོས་སེམས་ཆེ་མིན། གཤིས་རྒྱུད་བཟང་མིན། རྒན་རབས་ལ་བྱམས་སྐྱོང་ཆེ་མིན། ལས་ཀར་འཇོན་ཐང་ཆེ་མིན་སོགས་གཙོ་བོར་འཇོག་པ་ལས། ཁྱིམ་ཚང་དེའི་དཔལ་འབྱོར་བཟང་ངན་སོགས་ལ་སྣང་བ་དེ་ཙམ་གཏོང་གི་མེད། དེ་ནས་གཉེན་དཀར་བ་འདིས་ཁྱིམ་ཚང་གི་རེ་བ་ལྟར་རང་རྫོང་དང་། དེ་བཞིན་ཆུ་ཤུར་རྫོང་། སྟོད་ལུང་རྫོང་། རིན་སྤུངས་རྫོང་། རྣམ་གླིང་རྫོང་སོགས་ཡུལ་གྲུ་མང་པོར་བསྐྱོད་དེ་མིག་བལྟ་རྒྱང་གསུམ་[1]གྱི་སྒོ་ནས་རྩད་གཅོད་ལེགས་པར་བྱེད། སྐབས་རེ་ཁྱིམ་ཚང་ཞིག་གིས་བག་མ་སློང་བར་སྔ་རྗེས་སུ་བགྲང་བྱ་མི་ལོ་གཉིས་གསུམ་འགོར་མཁན་ཡང་ཡོད། གཉེན་དཀར་བ་འདིས་བུ་མོ་མི་འདྲ་བ་བཞི་ལྔ་ཡི་མིང་ཐོ་དང་། ལོ་རྟགས་འཁྱེར་ནས་སྐམ་སློང་[2]བརྒྱབ་རྗེས་ཕ་མ་གཉིས་དང་གྲོས་བསྡུར་བྱས་ཏེ་ཐོག་མར་བླ་མ་ལ་མོ་ལུང་དང་རྩིས་པ་ལ་བག་རྩིས་སོགས་ལེགས་པར་སྐོར། གཙོ་བོ་བླ་མའི་མོ་ལུང་དང་རྩིས་པའི་ཁ་དམར་བཟང་ངན་གྱི་འབྲས་བུར་གཞིགས་ནས་བུ་མོ་འདི་དག་ལས་འཕྲོད་སྦྱོར་མཐུན་པ་ཞིག་མནའ་མར་སློང་རྒྱུར་གཏན་འཁེལ་བྱེད་ཀྱི་ཡོད། དེའི་རིང་བུའི་ཁྱིམ་ཚང་གིས་ཀྱང་སློང་ཆང་བྱ་ཆེད་དུ་དམིགས་སུ་ཆང་ཞིག་བསྙལ་ཏེ་ཁྱིམ་ཚང་གི་ཨ་མས་“ཡར་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། ད་རེས་ངས་སློང་ཆང་འདི་བསྙལ་ནས། ཆང་འདི་ལ་བརྟག་པ་དང་བརྟག་གཞི་ཡོད། སྔོན་ནས་དམིགས་པའི་བུ་མོ་འདི། བུ་མོ་སློང་སར་སྟེར་བ་ཤོག འདེབས་སར་སྨིན་པ་ཤོག མི་རྒྱུད་ཆུ་ལས་རིང་བ་ཤོག རང་གཤིས་བལ་ལས་འཇམ་པ་ཤོག ནད་མེད་ཚེ་རིང་ཡོང་བ་ཤོག”ཅེས་སྨོན་ལམ་བཏབ་ནས་རྟེན་འབྲེལ་བཟང་ངན་བརྟག་གི་ཡོད། དེ་ནས་ཚེས་ཆ་གཟའ་སྐར་ལེགས་པའི་ཉིན་ཞིག་དང་བསྟུན་ནས་བུའི་ནང་གི་ཡབ་དང་གཉེན་དཀར་བ་བཅས་བུ་མོའི་ཁྱིམ་དུ་སློང་ཆང་གཏོང་བར་བསྐྱོད། བུ་མོའི་ཁྱིམ་ཚང་ནས་ཀྱང་མཆོད་ཆང་གི་ཞལ་དཀར་ལ་དཀར་རྒྱན་སོགས་ལེགས་པར་སྒྲོན་ནས་གསོལ་ཇ་དང་མཆོད་ཆང་བཀྱག་སྟེ་བཞུགས་གྲལ་ལ་བཞུགས་རྗེས། བུའི་ཁྱིམ་བདག་གིས་དྭངས་གཙང་མཇལ་དར་དང་། ཤོག་ཆག འབྲུ་དོ་པོ་བཅས་འཕུལ་བ་དང་སྦྲགས། “ཡར་དཀོན་མཆོག་ལ་གསོལ་བ་བཏབ་ནས་མོ་ལུང་གསུང་རྟགས་ཞུས་པ་ཡིན་ལ། བར་རྩིས་པར་གཉེན་སྟོན་རྩིས་ཀྱི་ཁ་དམར་བཟང་ངན་བསྐོར་བ་ཡིན། དམའ་བ་རང་ཁྱིམ་ནས་ཀྱང་སློང་ཆང་གི་བརྟག་པ་བྱས་པ་ཡིན་པས། ངེད་ཚོའི་བུ་མོ་འདི་རང་ཁྱིམ་གྱི་མནའ་མར་མཐུན་སྦྱོར་ཤིན་ཏུ་བཟང་བ་འདུག སྔར་ནས་རེ་འདུན་ཆེན་པོ་བཅངས་ཡོད་པས་དེ་རིང་དངོས་སུ་སྐུ་བཅར་ཞུས་ཏེ་བུ་མོ་མནའ་མར་གསོལ་རས་གནང་རྒྱུའི་སྐྱབས་འཇུག་གང་དྲག་ཡོད་པ་མཁྱེན།” ཞེས་སློང་ཆང་བཀྱག་པ་དང་། བག་རྩིས་ཀྱི་འབྲས་བུ་འདི་ཡང་བུ་མོའི་ནང་མིར་སྤྱན་འབུལ་ཞུས་ཏེ་བུ་མོ་དང་བུ་རྣམས་[3]ཀྱི་ཁ་དམར་བཟང་ལུགས་ཞིབ་པར་གླེང་གི་ཡོད། གལ་སྲིད་གཙང་ཁུལ་ནས་མནའ་མ་བསུས་པ་ཡིན་ན་གོང་གི་འབུལ་ཚན་དེ་དག་གི་སྟེང་དུ་བུ་མོའི་ཨ་མར་ནུ་རིན་[4]ཞེས་པང་གདན་སྤུས་ལེགས་ཤིག་དང་ཤོག་ཆག དེ་བཞིན་མཇལ་དར་སོགས་འབུལ་སྲོལ་ཡོད། སྔར་སློང་ཆང་གཏོང་བའི་སྐབས་སུ་བུའི་ཁྱིམ་ནས་མཇལ་དར་ཞིག་དང་དངུལ་སྲང་ཁ་ཤས་ལས་འབུལ་སྲོལ་མེད་ཀྱང་། དེང་སྐབས་དཔལ་འབྱོར་གྱི་རྨང་གཞི་གོང་མཐོར་འཕེལ་སྟབས་མཐོ་བ་ལ་མི་དམངས་ཤོག་སྒོར་ཁྲི་གཅིག་ལྷག་ཙམ་ཡང་འབུལ་མཁན་ཡོད། དེ་ནས་བུ་མོའི་ཁྱིམ་ནས་ཀྱང་བུ་མོ་མནའ་མར་སྟེར་འདོད་ཡོད་ཀྱང་“ད་ལྟ་བུ་མོ་ལོ་ཆུང་ཆུང་ཡིན་ལ་ནང་དུའང་ངལ་རྩོལ་ནུས་ཤུགས་ཆུང་སྟབས་གནས་སྐབས་བུ་མོ་མནའ་མར་བསྟེར་རྩིས་མེད།”ཅེས་སྦོམ་གཏམ་འགའ་ཡང་བརྗོད་སྲོལ་ཡོད། བུའི་ཁྱིམ་ནས་ཀྱང་ངལ་རྩོལ་ནུས་ཤུགས་མི་འདང་བར་སྐྱོན་མེད་ལུགས་དང་། སྟོན་དཔྱིད་སོགས་ཀྱི་ཞིང་ལས་བྲེལ་དུས་བུའི་ཁྱིམ་ནས་རམ་འདེགས་ཞུ་ཐུབ་ལུགས་སོགས་བརྗོད་དེ་བུ་མོའི་ཁྱིམ་ཚང་གི་འདོད་པ་སྐོང་གང་ཐུབ་བྱེད། གལ་སྲིད་བུ་མོའི་ཁྱིམ་ཚང་གི་ནང་མི་རྣམས་འདོད་བློ་ཁེངས་ཏེ་བུ་མོ་མནའ་མར་སྟེར་འདོད་ཡོད་ན། “ད་ང་ཚོ་ནང་མི་རྒན་གཞོན་ཚང་མ་གྲོས་བསྡུར་ལེགས་པར་བྱས་པ་བརྒྱུད་བུ་མོ་མནའ་མར་སྟེར་རྒྱུར་གཏན་འཁེལ་བྱུང་སོང་། བུ་མོར་ཆ་མཚོན་ན་ཆོས་སེམས་ཆེ་ལ་བྱམས་སེམས་ལྡན་པ། གཤིས་ཀ་ལེགས་ལ་གུས་ཞབས་ཆེ་བ། ལས་ཀ་འཇོན་ལ་ཀུན་དང་མཐུན་པ་ཞིག་ཡོད། རྗེས་སུ་ཁྱིམ་དུ་འབྱོར་ནས་འབྲས་བུ་བཟང་ངན་ཇི་ལྟར་ཡོང་ལུགས་ནི་ཕྲུ་གུ་སོ་སོའི་ལས་དང་བསོད་ནམས་རེད། ཁྱེད་རྣམས་ཀྱང་རྗེས་སུ་དམིགས་སུ་བཀར་ནས་འདིར་ཕེབས་དོན་མེད་ལ། དོན་ཡོད་ཚེ་གཉེན་དཀར་དང་བཀའ་མོལ་ཞུས་ན་འགྲིག”ཅེས་བརྗོད་དེ་བུ་མོ་མནའ་མར་སྟེར་རྒྱུར་ཐག་གཅོད་ཀྱི་ཡོད། དེ་ནས་གཉེན་སྟོན་བྱེད་རྒྱུའི་དུས་ཚོད་ལ་གཞིགས་ནས་ཏིག་ཆང་ཞེས་མནའ་མ་བསུ་བའི་རྟེན་འབྲེལ་བྱེད་སྒོ་ཞིག་སྤེལ་གྱི་ཡོད། དཔེར་ན་ཁ་ཤས་ཤིག་གིས་ཏིག་ཆང་སྔོན་ལ་བཀྱག་རྗེས་བག་རྩིས་ཀྱི་ཁ་དམར་བཟང་ངན་ལྟར་ཟླ་བ་ཁ་ཤས་ཀྱི་རྗེས་སུ་གཉེན་སྟོན་བྱེད་ཀྱི་ཡོད། ཡང་ཁ་ཤས་ཀྱིས་གཉེན་སྟོན་སང་ཉིན་ཡིན་ན་མནའ་མ་བསུ་བ་དང་ཆབས་ཅིག་དེ་རིང་ཏིག་ཆང་བཀྱག་སྲོལ་ཡང་འདུག བོད་མིའི་གཏམ་དཔེར་“མནའ་མ་རྟ་ཐོག་ནས་འགྱུར།”ཞེས་སློང་ཆང་བཏང་ཚར་ཡང་མནའ་མ་འགྱུར་ལྡོག་འགྲོ་མཁན་མང་པོ་ཡོད་སྟབས་ཏིག་ཆང་ཞེས་པ་ནི་གཉེན་སྒྲིག་འདི་འགྱུར་ལྡོག་མེད་པར་དངོས་སུ་གཏན་འཁེལ་བྱུང་བའི་དོན་ཞིག་ཀྱང་ཡིན། ཏིག་ཆང་ལ་ཆ་མཚོན་ན། བུའི་ནང་ནས་ཆང་དང་མཇལ་དར། འབྲུ་དོ་པོ། གྲོ་དོ་པོ། རྩམ་པ་དོ་པོ། མར་ལྟང་། ཇ་སི་ར། དེ་བཞིན་ནང་མི་རྒན་གཞོན་ཚང་མར་གོས་སྣེ་སོགས་འབུལ་བ་དང་། སྒོ། སྐས་འཛེགས། མཆོད་ཁང་། ཀ་བ། ལུག་ཤ་འཛུགས་ཁོག བཞུགས་གྲལ། ཡབ་ཡུམ་སོགས་ལ་གཉེན་བཤད་རྒྱས་འབྲིང་སྣ་ཚོགས་རྒྱག་སྲོལ་ཡོད། ཏིག་ཆང་གི་མཛད་སྒོ་འདི་ཡང་མནའ་མ་བུའི་ཁྱིམ་དུ་བསུ་བའི་དངོས་གཞིའི་རྟེན་འབྲེལ་གྱི་མཛད་སྒོའི་གོ་རིམ་ལྟར་སྤེལ་སྲོལ་ཡོད།
གཉིས་པ། གྲ་སྒྲིག་གི་སྐོར། 
        དེ་ཡང་གཉེན་སྒྲིག་གི་གྲ་སྒྲིག་ནི། གཙོ་བོ་བུའི་ཁྱིམ་ནས་བླ་མའི་མོ་ལུང་གསུང་རྟགས་དང་བག་རྩིས་ཀྱི་བརྩི་སྒོ་ལྟར་སྐུ་རིམ་རྣམས་ཆད་མེད་ལེགས་པར་བསྒྲུབས་པ་དང་། ཚེམ་བཟོ་དབུ་ལགས་གདན་དྲངས་ནས་གཉེན་སྒྲིག་བྱེད་སྐབས་སུ་མཁོ་བའི་བུ་རྒན་གཞོན་རྣམས་ཀྱི་གོས་སྣེ་ཆ་ཚང་དང་། མནའ་མའི་གོས་སྣེ་ཆ་ཚང་།ནང་མིའི་གོས་སྣེ་སོགས་གསར་བཟོ་བྱེད་པ་དང་། ལྷ་སར་བསྐྱོད་དེ་བུ་དང་མནའ་མར་རྒྱན་ཆ་བཟོ་བ། མཆོད་ཁང་ནང་དུ་མཆོད་ཏིང་དང་མཆོད་ཀོང་ཁ་སྣོན་རྒྱག་པ། མཇལ་དར་གང་མང་། དཀར་ཡོལ་སྣ་ཚོགས། དེ་བཞིན་བྱི་རིལ་སྣ་ཚོགས་དང་། ཉི་མ་མེ་ཏོག་གི་སོན། ཤིང་ཏོག་སྣ་ཚོགས་མཁོ་སྒྲུབ་བྱེད་པ་དང་། ལྷག་པར་བག་རྩིས་ཀྱི་བབས་འབྲས་ལྟར་མནའ་མ་དང་བུ་ཡི་གོས་སྣེའི་ཁ་དོག་རྣམས་ངེས་པར་ལེགས་གྲུབ་ཡོང་བ་བྱེད། ད་དུང་ཁྱིམ་ཚང་ནང་དུ་ཆང་གང་མང་བསྙལ་བ། ཁ་བཟས་བསྲེག་པ་དང་། གདན་ཆས་ཁ་སྣོན། གྱང་ལྡེབས་དང་སྒོ། སྒེའུ་ཁུང་བཅས་ལ་སྐྲག་རྩི་བྱུགས་པ་སོགས་གྲ་སྒྲིག་ཨང་གསར་བྱེད། དེ་ནས་གཉེར་པ། མར་ཆེན། མར་གཡོགའཁྲུང་ཞུ་བ་རྣམས་གཏན་འཁེལ་བྱེད་པ་དང་། མར་ཆེན་གྱི་རེ་བ་ལྟར་གཉེན་སྟོན་སྐབས་སུ་མཁོ་བའི་ཤ་རིགས་དང་། སྨན་སྣ། ཚལ་རིགས་སོགས་གྲ་སྒྲིག་བྱེད་ཀྱི་ཡོད། མནའ་མའི་ནང་ནས་ཀྱང་ཁྱིམ་ཚང་གི་འཁོས་བབས་ལྟར་སྐལ་བ་རྣམས་གྲ་སྒྲིག་བྱེད་པ་དང་། དེ་བཞིན་བག་མའི་ཁྱིམ་ཚང་གིས་ཀྱང་ཏིག་ཆང་གི་སྟོན་མོའི་སྐབས་སུ་མཁོ་བའི་ཆང་དང་། བཟའ་རིགས། གོས་སྣེ། མཇལ་དར། ཤིང་ཏོག་དང་། གཉེར་པ། མར་ཆེན། འཁྲུང་ཞུ་བ་སོགས་གྲ་སྒྲིག་ལེགས་པར་བྱེད་ཀྱི་ཡོད།
གསུམ་པ། གཉེན་སྟོན་གྱི་སྐོར།
        གཉེན་སྟོན་གྱི་དུས་ཚོད་ཀྱང་བག་རྩིས་ཀྱི་བརྩི་སྒོ་ལྟར་གཟའ་སྐར་ཚེས་ཆ་ལེགས་པ་ཞིག་འདེམས་ཀྱི་ཡོད། དེའི་ཞོགས་པ་སྔ་པོ་ནས་སྒོ་འགྲམ་དུ་དཀར་ཐིག་རྒྱག་པ་དང་། སྒྲོག་རྩེའི་སྟེང་དུ་གྲོ་ཡིས་ཁེངས་པའི་འབོ་[5]ཞིག་དང་དེའི་འགྲམ་དུ་ལྩི་བ་སེ་ཁ་མ་ཕད་གོག་གཅིག འོ་ཟོ་དང་འཕང་བལ་དཀྲིས་ཅན། མནའ་མའི་འབེབས་གདན་གྲོ་དོ་པོ། ནས་དོ་པོ། སྲན་མ་དོ་པོ་བཅས་བརྩེགས་པའི་སྟེང་དུ་ཁ་གདན་སྤུས་ལེགས་དང་། བསང་ཁུང་ནང་དུ་བསངས་བ་ལུ་དང་བསངས་རྩམ་སོགས་གྲ་སྒྲིག་ལེགས་པར་བྱེད་ཀྱི་ཡོད། སྔ་མོ་འགྲིམ་འགྲུལ་སྟབས་བདེ་མེད་སྟབས་གལ་སྲིད་མནའ་མ་ལུང་པ་ཐག་རིང་ཞིག་ནས་བླངས་པ་ཡིན་ན། སང་ཉིན་རྟེན་འབྲེལ་གྱི་དུས་ཚོད་བདུད་རྩི་ཐུན་མཚམས་འཁེལ་བའི་ཆེད་དུ་མནའ་མ་ཕེབས་སྐྱེལ་ཞུ་མི་རྣམས་དེ་རིང་ནས་ལུང་པའི་ཉེ་འགྲམ་དུ་གུར་ཕུབ་སྟེ་ཞག་སྡོད་བྱེད་ཀྱི་ཡོད། འོན་ཏེ་དེང་སྐབས་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་པོ་དང་ཕན་ཚུན་ཁ་པར་ཐོག་ནས་འབྲེལ་གཏུག་བྱེད་བདེ་པོ་ཡོད་སྟབས། མནའ་མ་ཕེབས་སྐྱེལ་ཞུ་མི་ཐད་ཀར་ཁྱིམ་ནས་ཐོན་པ་ལས་ཞག་སྡོད་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན། མནའ་མ་བསུ་བའི་བསུ་ཆང་ལ་ཆ་མཚོན་ནའང་།ཁྱིམ་ཚང་འགའ་རེས་བསུ་ཆང་ཐེངས་གསུམ་གཏོང་གི་ཡོད། དཔེར་ན། བསུ་ཆང་དང་པོ་མནའ་མའི་ཁྱིམ་དུ་བསྐྱོད་དེ་བསུ་བ་བྱེད་པ་དང་། བསུ་ཆང་གཉིས་པ་གྲོང་ཚོའི་མདའ་རུ་འཁྲུང་ཞུ་མ་གཉིས་ཀྱིས་ཆང་ཕུད་འཁྱེར་ནས་བསུ་བ་བྱེད་པ། བསུ་ཆང་གསུམ་པ་ཁྱིམ་གྱི་སྒོ་འགྲམ་དུ་བསུ་ཆང་བྱེད། མནའ་མ་སྐྱེལ་མི་དང་བཅས་པ་ཁྱིམ་གྱི་སྒོ་འགྲམ་དུ་འབྱོར་སྐབས། ཐོག་མར་འབེབས་བཤད་ཅེས་པ་རྒྱག་སྲོལ་ཡོད། དེ་ཡང་མནའ་མའི་ནང་གི་གཉེར་པས། “བུ་མོ་བབས་པར་བྱེད་པར་འབེབས་གདན་[6]ལེགས་པོ་གྲ་སྒྲིག་བྱས་ཡོད་དམ།”ཞེས་དྲིས་པར་བུའི་ཁྱིམ་གྱི་གཉེར་པས། “ལགས་ཡོད།”ཅེས་ལན་འདེབས་པ་དང་། ཡང་བུ་མོའི་ནང་གི་གཉེར་པས། “བུ་མོ་བབས་པར་བྱེད་པར་འབེབས་གདན་གྲོ་ཁལ་བརྒྱ་ཐམ་པ་གྲ་སྒྲིག་བྱས་ཡོད་དམ།”ཞེས་དྲིས་པར་བུའི་ཁྱིམ་གྱི་གཉེར་པས། “ལགས་ཡོད།”ཅེས་ལན་འདེབས་པ། གཞན་ཡང་“བུ་མོ་བབས་པར་བྱེད་པར་འབེབས་གདན་འབྲུ་ཁལ་བརྒྱ་ཐམ་པ་གྲ་སྒྲིག་བྱས་ཡོད་དམ།”ཞེས་དྲིས་པར་ལན་དུ། “ལགས་ཡོད།”ཅེས་ལན་འདེབས་པ་དང་། “བུ་མོ་བབས་པར་བྱེད་པར་འབེབས་གདན་སྲན་མ་སྲན་ཁལ་བརྒྱ་ཐམ་པ་གྲ་སྒྲིག་བྱས་ཡོད་དམ།”ཞེས་དྲིས་པར་ལན་དུ། “ལགས་ཡོད།” ཅེས་ལན་འདེབས་པ། “ བུ་མོ་བབས་པར་བྱེད་པར་བྱང་གི་ཚ་ཁལ་བརྒྱ་ཐམ་པ་གྲ་སྒྲིག་བྱས་ཡོད་དམ།”ཞེས་འདྲི་སྐབས་ལན་དུ་“ལགས་ཡོད།”ཅེས་ལན་འདེབས་དགོས་ཀྱི་ཡོད། ཡང་“བྱང་ནས་ཐོན་པའི་མར་དང་ལྷོ་ནས་ཐོན་པའི་འབྲས། སྟག་ལྤགས་དང་གཟིག་ལྤགས་བཅས་པའི་དར་མཚོན་སྣ་ཁ་གྲ་སྒྲིག་བྱས་ཡོད་དམ།”ཞེས་དྲིས་པར་“ལགས་ཡོད།”ཅེས་ལན་བཏབ་རྗེས་གཞི་ནས་བུ་མོ་རྟ་ཐོག་གམ་འཕྲུལ་འཁོར་ནས་མར་འབེབས་ཀྱི་ཡོད། མནའ་མ་དང་བཅས་པ་སྒོ་འགྲམ་དུ་འབྱོར་སྐབས་མནའ་མའི་མགོ་སྟེང་དུ་འགའ་[7]གཡོགས་པ་དང་། འཁྲུང་ཞུ་བས་བསུ་ཆང་དང་གྲོ་སོ་ཕྱེ་མར་འབུལ་བ་དང་སྦྲགས་བུ་ཡི་ཡབ་ནས་“ཨཱོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །དེ་རིང་གནམ་ལ་སྐར་མ་ཚེས་བྱ་བཟང་ངོ་། །ས་ལ་ཉི་མ་ཡང་དྲོ། །བར་དུ་བཀྲ་ཤིས་རྒྱུ་སྐར་ཉེར་བདུན་འཛོམས། །གནམ་སྔོན་མོ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག། ས་གཡང་ཆགས་པདྨ་འདབ་བརྒྱད་ཀྱི་སྟེང་། །བར་མི་འགྱུར་མདའ་དར་བཀྲ་ཤིས་འདི་བཙུགས། །ཕྱྭ་གཡང་ནོར་བུ་འགུགས་པའི་བཀྲ་ཤིས་སྒྲིགས། །མདའ་མོ་འདི་ལ་མདའ་བཤད་འབུལ་ཙ་ན། །མདའ་སྨྱུག་ཤིན་ཏུ་འདེམས་སྒྲུག་ཡིན། །མདའ་ལ་རྩེ་ལྔ་ལྡན་པ་འདི། །མངའ་ཐང་གོང་དུ་རྒྱས་པ་ཡིན། །མདའ་ལ་རྡེའུ་གཅིག་བཀྱོན་པ་འདི། །བྲག་ལ་ལྕགས་ཕུར་བརྡེགས་པ་འདྲ། །མདའ་ལ་མཚལ་ཞིག་བྱུགས་པ་འདི། །ནོར་འཛིན་བག་མར་ཆས་པ་འདྲ། །མདའ་ལ་གཞུ་ཞིག་བསྐྱོན་པ་འདི། །ཤ་ཕོ་རྭ་རིང་མར་རིང་ཁུགས། །མདའ་ལ་སྒྲོ་ཞིག་བཏགས་པ་འདི། །ཐང་དཀར་ནམ་འཕངས་ཆོད་པ་ཡིན། །མདའ་ལ་དར་སྔོན་བཏགས་པ་འདི། །མི་རྒྱུད་ཤིང་ལྟར་ཚུགས་པའི་རྟགས། །མདའ་ལ་དར་དཀར་བཏགས་པ་འདི། །ལྷ་ངོ་གངས་ལས་དཀར་བའི་རྟགས། །མདའ་ལ་དར་དམར་བཏགས་པ་འདི། །བསོད་ནམས་མེ་ལྟར་འབར་བའི་རྟགས། །མདའ་ལ་དར་ལྗང་བཏགས་པ་འདི། །མི་རྒྱུད་ཆུ་ལས་རིང་བའི་རྟགས། །མདའ་ལ་དར་གསེར་བཏགས་པ་འདི། །མི་རྒྱུད་ས་ལྟར་འཕེལ་བའི་རྟགས། །མདའ་དར་གཡས་སུ་བཙུགས་པ་འདི། །གཡས་ཕོ་རྩལ་འཛོམས་པའི་རྟེན་འབྲེལ་ཡིན། །མདའ་དར་གཡོན་དུ་བཙུགས་པ་འདི། །གཡོན་མཛངས་མ་འཛོམས་པའི་རྟེན་འབྲེལ་ཡིན། །མདའ་དར་མདུན་དུ་བཙུགས་པ་འདི། །མདུན་ལམ་ཡངས་བའི་རྟེན་འབྲེལ་ཡིན། །དར་མཚོན་སྣ་ལྔས་བརྒྱན་པའི་མདའ་དར་འདི། །དེ་རིང་མཛེས་ལྡན་ཁྱེད་ལ་བཙུགས་པ་ཡིན། །ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།”ཞེས་མདའ་བཤད་རྒྱབ་རྗེས་མདའ་དར་འདི་མནའ་མའི་རྐེད་པར་འཛུགས། ཁྱིམ་ཚང་གྱི་ཨ་མས་སྔོན་ནས་གྲ་སྒྲིག་བྱས་ཟིན་པའི་འོ་ཟོའི་ནང་དུ་འོ་མ་ཏོག་ཙམ་བླུགས་པ་དང་འཕང་གཉིས་མནའ་མའི་ལག་ཏུ་རེག་ཏུ་བཅུག་པ་དང་། ལྕི་བ་སེ་ཁ་མ་ཕད་གོག་འདི་མནའ་མའི་ལུས་རྒྱབ་ཏུ་བསྐུར་ཙམ་བྱེད། དེའི་སྐབས་སུ་སྔགས་པས་“ཕྱི་ཡི་ལས་ལ་གྱུར་བའི་དགྲ །ནང་རྣམ་རྟོག་ལ་གྱུར་བའི་བགེགས། །གསང་བ་མ་རིག་ལས་གྱུར་བའི་བདུད། །ཁྱད་པར་དུ་ཚེ་བསོད་ནམས་དབང་ཐང་ལ། །བར་དུ་གཅོད་པའི་བགེགས་རིགས་ལོག་པ་ཐམས་ཅད་ཕྱིར་བཟློག་ཅིག །”ཅེས་སྔགས་རྒྱབ་སྟེ་བག་འདྲེ་བརྡུངས་བ་དང་སྦྲགས། མེ་རྡོ་དང་ཆུ་རྡོ་རྒྱུག་ཅེས་མེ་འཁྱེར་བ་དང་ཆུ་བཤོས་ཏེ་བག་འདྲེ་ནང་དུ་མི་ཤོར་བའི་ཚུལ་དུ་ཁྱིམ་ཚང་གི་ཕྱི་སྒོ་དམ་པོར་བསྡམས་པར་བྱེད། མནའ་མ་སྐྱེལ་མི་དང་བཅས་པ་རྒྱལ་སྒོའི་ནང་དུ་འཛུལ་རྗེས། སྒོ་ཟུར་གཉིས་སུ་ལངས་ནས་བསྡད་པའི་འཁྲུང་ཞུ་མ་གཉིས་ཀྱིས་དངུལ་ཕོར་བཏེགས་ནས་བསུ་ཆང་བཀྱག་པ་དང་སྦྲགས་གཞས་ཆེན་“ཤར་ཕྱོགས་རི་བོའི་རྩེ་ནས། །དྲོ་སྐྱིད་ཉི་མ་ཤར་བྱུང་། །ཉི་མ་ཤར་བའི་དྲིན་གྱིས། །དྲོད་འཇམ་ས་ལ་ཕོག་སོང་། །དྲོད་འཇམ་ཉི་མའི་འོད་ཀྱིས། །ལོ་ཡག་རྩ་བ་ཚུགས་སོང་། །ལོ་ཡག་ཚུགས་པའི་དྲིན་གྱིས། །བང་མཛོད་འབྲུ་ཡིས་ཁེངས་སོང་། །ཤར་ཕྱོགས་རི་བོའི་རྩེ་ནས། །དཀར་གསལ་ཟླ་བ་ཤར་བྱུང་། །ཟླ་བ་ཤར་བའི་དྲིན་གྱིས། །མ་རིག་མུན་པ་གསལ་སོང་། །མ་རིག་མུན་པ་གསལ་བས། །བློ་རིག་སྒོ་མོ་ཕྱེ་སོང་། །བློ་རིག་སྒོ་མོ་ཕྱེ་བས། །བསམ་དོན་ལྷུན་གྱིས་གྲུབ་སོང་། །རྒྱ་གར་རྡོ་རྗེ་གདན་ནས། །ནོར་བུ་གདན་འདྲེན་ཞུས་ཡོད། །རྒྱ་ནག་ཀླུ་ཡི་ཕོ་བྲང། །ནོར་བུ་ཁྲི་ལ་བྱོན་སོང་། །ནོར་བུ་ཕེབས་པའི་ལམ་ལ། །གསེར་གྱི་ཟམ་པ་བཙུགས་ཡོད། །ནོར་བུ་ཕེབས་པའི་ལམ་ལ། །གཡུ་ཡི་རྡོ་གཅལ་བཏིང་ཡོད། །མོན་ཡུལ་གཏིང་ནས་ཕེབས་པའི། ། བྱ་དེ་ཁུ་བྱུག་སྔོན་མོ། །གསུང་སྐད་བསྐྱོན་པའི་དཀྱིལ་ནས། །ཁྱེད་ལས་ལྷག་པ་མིན་འདུག །རྒྱ་གར་ཤར་ནས་ཕེབས་པའི། །རྨ་བྱ་སྔོན་མོ་ཁྱུ་གཅིག །སྒྲོ་མདོངས་ངོམས་པའི་དཀྱིལ་ནས། །ཁྱེད་ལས་ལྷག་པ་མིན་འདུག །ཡར་འབྲོག་གཞུང་ནས་ཕེབས་པའི། །གཡང་དཀར་ལུ་གུ་ཁྱུ་གཅིག །ལྷ་ལུག་ཞལ་དཀར་འདྲ་བ། །ཁྱེད་ལས་ལྷག་པ་མིན་འདུག །”ཅེས་མནའ་མ་དང་བཅས་པ་བཞུགས་གྲལ་ལ་མ་འབྱོར་བར་དུ་ཆད་མེད་གཏོང་དགོས་ཀྱི་ཡོད། དེ་ནས་མནའ་མའི་ངོ་ཚབ་[8]ཀྱིས་ལག་ཏུ་མཇལ་དར་ཐོགས་ཏེ་“ཨཱོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །སྒོ་མོ་གསེར་སྒོ་ཕུན་ཚོགས་སྒོ། །ཡས་ཐེམ་ཙན་དན་དཀར་པོས་བྱས། །མས་ཐེམ་ཙན་དན་དམར་པོས་བྱས། །དབྱེ་ཤིང་དུང་དཀར་གཡས་སུ་འཁྱིལ། །འབྱེད་མི་ཞང་ཆེན་སླེབས་ཡོད་པས། །བཀྲ་ཤིས་པའི་མཇལ་དར་འདི་འབུལ་ལོ། །ན་མོ་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །”ཞེས་སྒོ་བཤད་འཕུལ་ནས་སྒོ་ལ་མཇལ་དར་སྒྲོན་པ་དང་། མུ་མཐུད་དེ་“ཨཱོཾ་བསོ་སྟི། བདེ་ལེགས་སུ་གྱུར་ཅིག །ལྷོ་ནས་ཐོན་པའི་ཤིང་རྗེའི་འབོ། །སྔར་ཡང་འབོལ་ལ་ད་ཡང་འབོལ། །སྔར་འབོལ་ད་འབོལ་རྟེན་འབྲེལ་བྱུང་། །དེ་ཡི་ནང་དུ་བླུགས་པའི་གྲོ་དཀར་འདི། །ཞལ་དྲོ་ལ་འཇུག་པའི་གྲོ་དཀར། །དེ་སྟེང་བཞག་པའི་ཤེལ་ཚྭ་འདི། །ཐམས་ཅད་ཚགས་སུ་ཚུད་པའི་ཚྭ། །ཕྱེ་མར་གངས་དཀར་ཏི་སི་ལ། །དཀར་རྒྱན་ཚངས་པ་ལྔ་ལྡན་རྒྱབ། །དཀར་ཕྱོགས་རྒྱལ་བའི་བཀྲ་ཤིས་ཤོག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །ཨེ་མ་བག་གྲོ་སྐུ་ཁམས་བཟང་། །ཚེ་རིང་ལོ་བརྒྱ་ཐུབ་པ་ཤོག །དགའ་བདེའི་དཔལ་ལ་རོལ་བ་ཤོག །ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །”ཞེས་འབོ་ལ་བཤད་པ་རྒྱབ་སྟེ་མཇལ་དར་སྒྲོན་སྲོལ་ཡོད། སྐས་འཛེགས་འོག་ཏུ་འབྱོར་སྐབས་སུ། “ཨོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །སྐྲས་པ་[9]གསེར་སྐྲས་གཡུ་སྐྲས་ལ། །འཆང་བཟུང་རྡོ་རྗེ་ཕ་ལམ་བྱས། །སྐྲས་རྡང་བྱུ་རུའི་སྡོང་པོ་ལ། །གཡུ་ཆུང་འཇོལ་མོའི་གསུང་སྐད་སྙན། །ང་ལ་སྟག་ཤར་གཞོན་པ་ཡི། །མཇལ་ཁ་མགྱོགས་ཙམ་གནང་རོགས་གནང་། །”ཞེས་སྐས་འཛེགས་ལ་བཤད་པ་རྒྱབ་སྟེ་མཇལ་དར་སྒྲོན། དེ་ནས་རྟེན་འབྲེལ་བྱེད་ཡུལ་གྱི་བཞུགས་གྲལ་དུ་འབྱོར་སྐབས་བུ་དང་བུ་མོའི་ནང་མི་རྣམས་ལོ་རེའི་ཕྱོགས་གཙང་དུ་ཞལ་གཟིགས་ཏེ་གྲལ་ལ་འཁོད་པར་བྱེད། ཐོག་མར་བག་རྩིས་ཀྱི་འབྲས་བུ་ལྟར་མིང་བཀྲ་ལེགས་པའི་སྐྱེ་བོ་འདིས་བུ་དང་མནའ་མར་མཆོད་ཆང་གསུམ་སྒྲོན་རེ་དང་གསོལ་ཇ་བཀྱག མུ་མཐུད་དེ་གྲོ་མ་འབྲས་སིལ་དང་། གྲོ་ཐུག ཆང་སྐོལ་བཅས་བཞུགས་གྲལ་དང་དེ་བཞིན་ཕྱག་ལས་གནང་མཁན་ཚང་མར་བཀྱག་གི་ཡོད། གྲོ་ཐུག་དང་ཆང་སྐོལ་བཞེས་སྐབས་ཀྱང་རྟེན་འབྲེལ་ལ་མི་གནོད་པའི་ཆེད་དུ་ཞལ་དཀར་ལ་ལྕེ་ལག་རྒྱག་སྲོལ་མེད། གང་ཙམ་སོང་རྗེས་མི་ཚང་གི་གཉེར་པས་“ད་ལྟ་ནང་གི་རྟེན་འབྲེལ་དངོས་སུ་དབུ་འཛུགས་རྒྱུ་ཡིན་པས་ལྷན་རྒྱས་ཆབ་གསང་ལ་བྱོན་དགོས་ཡོད་ན་བྱོན་རོགས། མི་ཚང་གི་ཨ་མས་ཀྱང་མནའ་མའི་ན་བཟའ་བརྗེ་རོགས་གནང་”ཞེས་མི་ཚང་གི་ཨ་མས་མནའ་མ་དང་བག་གཡོག་འཁྲིད་དེ་ཏིག་ཆང་གི་སྐབས་སུ་འཕུལ་བའི་གོས་བསུ་[10]རྣམས་ཕར་ཕུད་དེ་སླར་ཡང་མགོའི་སྐྲ་ཤུབས་ནས་རྐང་པའི་ལྷམ་བར་དུ་གོས་གསར་པ་བརྗེ་པོ་རྒྱག་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་ལ་གཞིགས་ནས་རྒྱན་ཆ་སྣ་ཚོགས་ལེགས་པར་སྤྲས། བག་མ་ནི་སྔར་བཞིན་མགོ་བོའི་སྟེང་དུ་འགའ་ཞིག་གཡོགས་པ་དང་། དེའི་སྟེང་དུ་མྱང་ཞྭ་ཞིག་གཡོགས་ནས་བཞིན་རས་མཐོང་ཡས་མེད། དེ་ནས་མནའ་མ་དང་བག་གཡོག་བཞུགས་གྲལ་དུ་འཁྲིད་དེ་ཐོག་མར་བུ་རྒན་གཞོན་གྱི་གོ་རིམ་ལྟར་གྲལ་སྒྲིག་པ་དང་། དེའི་འགྲམ་དུ་མནའ་མ་དང་བག་གཡོག་བཅས་ལོ་རེའི་ཕྱོགས་གཙང་ལ་ཞལ་གཟིགས་ནས་བཞུགས་ཐོག་གཉེར་པས་“ཕུད་ཁ་སྟེམ།”ཞེས་བརྗོད་སྐབས་འཁྲུང་ཞུ་མ་རྣམས་ཀྱིས་འཛུགས་བན་དང་བྱ་ར་སོགས་ཁྲུང་སྣོད་ནང་དུ་ལོ་ཆང་ལེགས་པར་བཀང་གི་ཡོད། དེ་མུར་བུའི་ཡབ་དང་ཨ་ཁུ་སོགས་ལས་ཀ་བྱེད་མཁན་སྐྱེས་པ་རྣམས་ཡར་བཞེངས་ཏེ་མཇལ་དར་དང་ཁྲུང་རིན་ལག་ཏུ་ཐོགས་ནས། “གཡས་ནས་ལྕང་དཀར་བཙུགས་ཡོད། །ལྕང་དཀར་མདའ་ལས་འདྲོང་བ། །གཡོན་ན་ལྕང་སྨུག་བཙུགས་ཡོད། །ལྕང་སྨུག་སྨུག་ཁྲ་ཤིག་ཤིག །ལྕང་དཀར་ལྕང་སྨུག་བར་ལ། །ཀླུ་མོའི་ཀླུ་ཁང་བཞེངས་ཡོད། །དབྱར་ཁ་ཆར་པའི་དཀྱིལ་ལ། །ཀླུ་མོ་ཕེབས་ཀྱང་མི་དགོས། །དགུན་དུས་རླུང་པོའི་དཀྱིལ་ལ། །ཀླུ་མོ་ཕེབས་ཀྱང་མི་དགོས། །ཀླུ་མོ་ཁྱིམ་ཚང་འདི་ལ། །གཟུགས་གཞི་བདེ་བར་བཞུགས་རོགས། །”ཞེས་ཞབས་གཞས་རྒྱག་གི་ཡོད། དེ་རྗེས་བུའི་ཡབ་ཀྱིས་ཕྱག་ཏུ་མཇལ་དར་ཐོགས་ཏེ་སྐུ་གསུང་ཐུགས་རྟེན་ལ་“ཨོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །སྨྲ་བ་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས། །དབྱངས་ཅན་ལྷ་མོའི་གཙུག་ལག་བདེ་ཞིང་འཕེལ། །དཔལ་ལྡན་ཚངས་པ་སྡེ་བཞིས་བང་མཛོད་འཛིན། །བསྟན་པའི་མངའ་ཐང་ལོངས་སྤྱོད་རྒྱས་པར་མཛོད། །དེ་རིང་གནམ་ལ་སྐར་མ་བཟང་། །དེ་རིང་ས་ལ་དར་ཚེས་བརྟན། །ས་པདྨ་འདབ་བརྒྱད་ཉི་མ་དྲོ། །དེ་རིང་གཟའ་སྐར་དུས་ཚོད་ལ། །མཆོད་བཤམས་ཀུན་དགའ་རྭ་བ་ལ། གུས་པའི་ལེགས་བཤད་འབུལ་ཙ་ན། །གཙོ་བོ་ཤཱཀྱ་ཐུབ་པ་བཞུགས། །ཤཱཀྱ་ཐུབ་པའི་བསྟན་པ་དར། །གཡས་སུ་རིགས་གསུམ་མགོན་པོ་བཞུགས། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །གཡོན་དུ་ཆོས་ལུང་སྤྲུལ་གསུམ་བཞུགས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །མདུན་ཅོག་སྟེང་དུ་མཆོད་པ་སྣ་ལྔ་ཚང་། །མེ་ཏོག་བདུག་སྤོས་མར་མེ་དང་། །ཞལ་བཟས་རོལ་མོ་མཚན་ཆབ་སོགས། །མཆོད་པ་སྣ་ལྔའི་རྒྱན་གྱིས་སྤྲས། །སྟེང་འོག་གཉིས་ཀྱི་སྐུ་གསུང་ཐུགས་རྟེན་ལ། །དེ་རིང་བཀྲ་ཤིས་པའི་མཇལ་དར་འདི་འབུལ་ལོ། །ན་མོ་ཀི་ཀི་སྭོ་སྭོ་ལྷ་རྒྱལ་ལོ།”ཞེས་བཤད་པ་འཕུལ་ནས་མཆོད་བཤམས་ལ་མཇལ་དར་འབུལ། མུ་མཐུད་དེ་ཀ་བར་“ཨཽཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །ཀ་བ་འདི་ལ་ཀ་དར་སྒྲོན་པ་ལ། །གུས་ཀྱིས་བསྟོད་པ་འབུལ་ཙ་ན། །ཀ་ལ་ཀ་རབས་བཅུ་གསུམ་ཡོད། །དང་པོ་ཀ་གདན་རྡོ་དང་གཅིག །ཀ་བ་བྲེ་དང་ཕྲེང་བ་གསུམ། །གཞུ་དང་གཞུ་རིང་པད་གདུང་ཁ། །མོ་འཕྲེང་པདྨ་ཆོས་བརྩེགས་དང་། །ཕོ་ཟོག་གསེར་གྱི་ཀ་བ་ལ། །གད་ཆགས་མི་འབྱུང་གདན་ལ་བཞུགས། །ལྕམ་ཤིང་གྲལ་མ་ནོར་འཛོམས་འདི། །སྔར་ཡང་འཛོམས་ལ་ད་ཡང་འཛོམས། །འཛོམས་སུ་འགྱུར་བ་མེད་པའི་སྟེང་ལ་བཞུགས། །ཀ་བ་ནོར་བུ་མེ་འབར་ཁྱེད་ལ་འབུལ་ལོ། །”ཞེས་ཀ་བཤད་རྒྱབ་སྟེ་མཇལ་དར་སྒྲོན། འཛུགས་ཤ་[11]ལ་ “ཨོཾ་སྭ་སྟི། བདེ་ལེགས་སུ་གྱུར་ཅིག །གཡང་ལུག་མ་མོ་གྲོ་དཀར་ལ། །གུས་པས་ལེགས་བཤད་འབུལ་ཙ་ན། །རྐང་པ་མ་ཡིན་ཁེངས་པ་ཡིན། །རྒྱུ་ནོར་ལོངས་སྤྱོད་ཁེངས་པ་ཡིན། །གཞུ་གུ་མ་ཡིན་མཇུག་མ་ཡིན། །མི་རྒྱུད་ཆུ་ལས་རིང་བའི་མཇུག་མ་ཡིན། །མཚང་ར་མ་ཡིན་ཚང་པ་ཡིན། །ལོངས་སྤྱོད་ཚང་པའི་ཚང་ར་ཡིན། །ལོང་མོ་མ་ཡིན་ལྷོང་བ་ཡིན། །འདོད་ཡོན་ལམ་དུ་ལྷོང་བ་ཡིན། །ཚིག་མ་མ་ཡིན་རྩེག་པ་ཡིན། །རྒྱ་ཇའི་རྩིག་པ་བརྩིགས་པ་ཡིན། །སྐེད་པ་མ་ཡིན་སྐྱེས་པ་ཡིན། །པང་དུ་བུ་རྒྱུད་སྐྱེས་པ་ཡིན། །སོག་པ་མ་ཡིན་གསོག་པ་ཡིན། །རྒྱུ་ནོར་ལོངས་སྤྱོད་གསོག་པ་ཡིན། །ལག་པ་མ་ཡིན་ལྷག་པ་ཡིན། །བསོད་ནམས་གཞན་ལས་ལྷག་པ་ཡིན། །བྲང་བ་མ་ཡིན་དྲང་བ་ཡིན། །གཤིས་རྒྱུད་མདའ་ལས་དྲང་བ་ཡིན། །འཇིང་པ་མ་ཡིན་འགྱིངས་པ་ཡིན། །བླ་མའི་ཆོས་རྭར་འགྱིངས་པ་ཡིན། །མགོ་བོ་མ་ཡིན་འཁོར་བ་ཡིན། །དགའ་ཉེ་སྤུན་མཆེད་འཁོར་བ་ཡིན། །དཔལ་གཡང་མོ་ལུག་འདིས་གཡས་རིའི་སྟེང་ནས་རྩ་ཞིག་བཟས། །གཡོན་རིའི་སྟེང་ནས་ཆུ་ཞིག་བཏུང་། །སྤང་གཤོང་སྟེང་ལ་སྐྱིད་ཉལ་རྒྱབ། །དེ་རིང་བཞུགས་གྲལ་སྒོར་མོ་འདིར། །ཉི་ཟླ་སྐྱོངས་བར་ཕེབས་པ་ཡག་བྱུང་། །”ཞེས་འཛུགས་ཤ་འདིར་མཇལ་དར་སྒྲོན། འཛུགས་བན་[12]ལ་“ཨོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །ཁྲོམ་བཀྱག་མཚོན་བཀྲ་ལེགས་པའི་སྟེང་། །བདུད་རྩི་སྨན་ལས་སྒྲུབ་པའི་འདོད་ཡོན་འདི། །ཕྱི་ནས་བལྟས་ན་རི་བོ་འདྲ། །རི་བོ་འདྲ་ལ་ཚུགས་ཤིག་འདུག །ནང་ནས་བལྟས་ན་རྒྱ་མཚོ་འདྲ། །རྒྱ་མཚོ་འདྲ་བའི་གཏིང་ཞིག་འདུག །ཕྱི་ཡི་རི་བོ་ཙམ་ཞིག་ལ། །གད་ཆག་རྟ་རྔ་ཙམ་ཞིག་མེད། །ནང་གི་རྒྱ་མཚོ་ཙམ་ཞིག་ལ། །ཁྱོམ་ཆག་སྒོ་ང་ཙམ་ཞིག་མེད། །ཀ་ར་རྒུན་འབྲུམ་མ་འདྲེས་མངར་ཤས་ཆེ། །དར་ཚོན་སྣ་ལྔ་མ་བསྒྲིག་ཚོན་རྟགས་ལེགས། །ན་ནིང་བཙོས་པའི་ལོ་ཆང་གར་མ་ཡོད། །ད་ལོ་བཙོས་པའི་འབྲས་ཆང་སིལ་མ་ཡོད། །བདུད་རྩི་ལྟ་བུའི་བཅུད་ཅིག་ཡོད། །ཨ་རག་ལྟ་བུའི་གར་རྩི་ཡོད། །ཕོ་བརྒྱ་བརྒྱ་ཡིས་མཆོད་ཡས་ཡིན། །མོ་བརྒྱ་བརྒྱ་ཡིས་ཞུ་ཡས་ཡིན། །སྦང་མ་ཁ་ལ་འཁོར་བའི་ཇ་རོ་ཙམ། །བྱ་ཐང་དཀར་ནམ་འཕངས་གཅོད་པ་འདྲ། །སྦང་མ་གཏིང་ལ་ཐིམ་པ་ཉ་རོ་ཙམ། །ཉ་གསེར་མིག་ཚངས་ནས་མ་འབུད་ཙམ། །ཨོ་རྒྱན་མཚོ་མོ་ཁྱེད་ལ་མཇལ་དར་འདི་འབུལ་ལོ། །”ཞེས་འཛུགས་བན་ལ་མཇལ་དར་སྒྲོན། དེ་ནས་བུ་རྣམས་ལ་“ཨོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །སྨྲ་བ་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས། །དབྱངས་ཅན་ལྷ་མོའི་གཙུག་ལག་བདེ་ཞིང་འཕེལ། །དཔལ་ལྡན་ཚངས་པ་སྡེ་བཞིས་བང་མཛོད་འཛིན། །བསྟན་པའི་མངའ་ཐང་ལོངས་སྤྱོད་རྒྱས་པར་མཛོད། །གྲལ་མགོ་ཡར་ལ་བཞུགས་པའི། །སྲས་པོ་དཀར་གསལ་གྱི་ཟླ་བ་ལ། །གུས་པའི་ལེགས་བཤད་འབུལ་ཙ་ན། །ཕ་རྒྱུད་གངས་རི་དཀར་པོ་ལ། །གངས་གྲལ་གཞན་གྱི་འདྲེས་པ་མེད། །མ་རྒྱུད་གཡུ་མཚོ་སྔོན་མོ་ལ། །ཆུ་ཕྲན་གཞན་གྱི་འདྲེས་པ་མེད། །གངས་དང་ཆུ་མོ་འདྲེས་པའི་སྲས་པོ་འདིར། །རི་བོ་འདྲ་བའི་ཚུགས་ཤིག་ཡོད། །རྒྱ་མཚོ་འདྲ་བའི་ཀླད་ཅིག་ཡོད། །ཆུ་མོ་འདྲ་བའི་གཞུང་ཞིག་ཡོད། །ཉི་ཟླ་འདྲ་བའི་བཀྲག་ཅིག་ཡོད། །དེ་རིང་བཀྲ་ཤིས་པའི་མཇལ་དར་འདི་འབུལ་ལོ། །ན་མོ་ཀི་ཀི་སྭོ་སྭོ་ལྷ་རྒྱལ་ལོ།”ཞེས་བཤད་པ་འཕུལ་ནས་བུ་རྣམས་ལ་མཇལ་དར་སྒྲོན་པ་དང་། ཆང་རིན་དང་གོས་སྣེ་འབུལ། མནའ་མར་“ཨོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །སྲས་མོ་སྨིན་དྲུག་གི་རྩེ་མོ་ལ། །གུས་པས་ལེགས་བཤད་འབུལ་ཙ་ན། །ཡབ་རྒྱུད་ཤེལ་ལས་དྭངས་བ་ཡོད། །ཤེལ་དཀར་མཆོད་རྟེན་བཞེངས་འདྲ་ཡོད། །ཡུམ་རྒྱུད་མཆོང་ལས་སྨུག་པ་ཡོད། །མཆོང་ཤེལ་དཀར་འདྲེས་པའི་སྲས་མོ་འདི། །ཡར་བལྟས་ན་ལྷ་ཡི་སྲས་མོ་འདྲ། །མར་བལྟས་ན་ཀླུ་ཡི་སྲས་མོ་འདྲ། །བརྒྱ་ཡི་དཀྱིལ་ནས་སྒྲུག་པ་ཡིན། །སྟོང་གི་དཀྱིལ་ནས་བདམས་པ་ཡིན། །བརྒྱ་སྟོང་གཉིས་ཀྱི་ཁྲི་ལ་བྱོན། །ཁྱིམ་ཚང་འདི་ལ་བྱོན་ཙ་ན། །སྟེང་གི་ལྷ་རྟེན་མན་ཆད་ནས། །འོག་ཁྱི་གཞོང་ཡན་གྱི་བདག་པོ་ཡིན། །མཛངས་མའི་ཡོན་ཏན་ཀུན་སྤྱོད་གྱིས། །ཡབ་ཡུམ་གཉིས་ལ་གུས་ཞབས་མཛོད། །ཡབ་མེས་རྣམས་ལ་བྱམས་སྐྱོངས་དགོས། །བུ་སྤུན་རྣམས་ལ་སྐྱོང་དར་མཛོད། །ལས་ཀྱིས་བསྐོས་པའི་ཚེ་གང་གི་བརྟན་གྲོགས་ལ། །ཕྱི་རུ་ཕེབས་དུས་འཛུམ་གྱིས་སྐྱེལ་མ་མཛོད། །ནང་དུ་འཁོར་དུས་ཇ་ཆང་བདུད་རྩིས་བསུས། གྲོང་པ་ཁྱིམ་མཚེས་རྣམས་ལ་མཐུན་ལམ་དགོས། །དེ་རིང་བཀྲ་ཤིས་པའི་མཇལ་དར་འདི་འབུལ་ལོ། ན་མོ་ཀི་ཀི་སྭོ་སྭོ་ལྷ་རྒྱལ་ལོ།”ཞེས་བཤད་པ་འཕུལ་ནས་མཇལ་དར་སྒྲོན་པ་དང་། ཆང་རིན་དང་གོས་སྣ་འབུལ། བག་གཡོག་ལ་“ཨོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །བཞུགས་གྲལ་གྲུ་བཞིའི་སྟེང་གི། །བག་གཡོག་གཡུ་ཆུང་སྒྲོལ་མ། །ཁྱེད་རང་ཕེབས་པས་ཡག་བྱུང་། །བཞུགས་གྲལ་འོད་ཀྱིས་ཁེངས་སོང་། །”ཞེས་བཤད་པ་རྒྱབ་སྟེ་བག་གཡོག་ལ་མཇལ་དར་སྒྲོན་པ་དང་། ཆང་རིན་དང་གོས་སྣ་འབུལ། དེ་ནས་མནའ་མ་སྐྱེལ་མིར་“ཨོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །རྡོ་རྗེ་གདན་གྱི་ཡུལ་ཕྱོགས་ནས། །བྱོན་པའི་དེད་དཔོན་ཨ་ཙ་ར། །ཁྱུ་མཆོག་གླང་པོ་འདིར་འཁྲིད་ནས། །ནོར་བུ་སྐྱེལ་བར་བཀའ་དྲིན་ཆེ། །”ཞེས་བཤད་པ་རྒྱབ་སྟེ་མཇལ་དར་སྒྲོན་པ་དང་། ཆང་རིན་དང་གོས་སྣེ་འབུལ། གཉེན་དཀར་ལ་“ཨོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །ལོ་ཆེན་དགྲ་འདུལ་གཉེན་སྐྱོངས་འདི། །སྐད་གཉིས་སྨྲ་བའི་བདག་པོ་ཡིན། །ཕན་ཚུན་གཉིས་ལ་གསེར་ཟམ་བཙུགས། །སེམས་བཟང་དཀར་ཉེ་ཁྱིམ་གྱི་རྒྱན། །”ཞེས་བཤད་པ་རྒྱབ་སྟེ་མཇལ་དར་སྒྲོན་པ་དང་། ཆང་རིན་དང་གོས་སྣེ་འབུལ། དེ་ནས་འཁྲུང་ཞུ་མར་“ཨོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །སྟེང་ཕྱོགས་ལྷ་ནས་ཕེབས་པའི། །མཛེས་ལྡན་ལྷ་མོ་སྤུན་གཉིས། །གསུང་སྙན་འཇོལ་མོ་འདྲ་བས། །ཀུན་གྱི་ཡིད་དབང་འཕྲོག་སོང་། །”ཞེས་འཁྲུང་ཞུ་མ་བུ་མོ་གཉིས་ལ་མཇལ་དར་སྒྲོན་པ་དང་། ཆང་རིན་དང་གོས་སྣེ་འབུལ། དེ་ནས་རིམ་བཞིན་ཁྱིམ་དུ་ཡོད་པའི་ཨ་ཁུ། ཨ་ནེ། མ་ཆེན། མ་གཡོག ཆང་མ། རྟ་གཡོག བག་གཡོག་སོགས་ཚང་མར་མཇལ་དར་སྒྲོན་པ་དང་ཆང་རིན། གོས་སྣེ་སོགས་ཆད་ལུས་མེད་པར་འབུལ་དགོས།ནང་གི་རྟེན་འབྲེལ་གྲུབ་སྟེ་ཁྱིམ་གྱི་ཐོག་སྟེང་དུ་ཉི་མ་ཕོག་སྐབས་བུ་དང་མནའ་མ། ཡབ་ཡུམ། དེ་བཞིན་མནའ་མ་སྐྱེལ་མི་དང་བཅས་པ་ཚང་མ་ཐོག་སྟེང་དུ་བསྐྱོད་དེ་ལྷ་འདོགས་ཞེས་ལྷ་གསོལ་བ་དང་དར་ལྕོག་འཛུགས་པར་བསྐྱོད་ཀྱི་ཡོད། ཐོག་ཁར་གདན་ལྕོག་དང་གསོལ་ཇ་མཆོད་ཆང་སྒྲིག་ནས་མནའ་མ་དང་བུ་རྣམས་ལོ་རེའི་ཕྱོགས་གཙང་དུ་ཁ་བལྟས་ནས་བཞུགས་རྗེས། ཐོག་མར་དགེ་འདུན་པའམ་སྔགས་པས། “ཧྲིཿ རྒྱལ་ཀུན་ངོ་བོ་དྲན་པ་ཚེ་དབང་གཉིས། །དབྱིངས་ནས་སྐུར་བཞེངས་བདག་གི་སྤྱི་བོར་བཞུགས། །ཕྱི་ནང་གསང་བའི་མཆོད་ཚོགས་རྒྱ་མཚོ་མཆོད། །དེང་ནས་བྱང་ཆུབ་བར་དུ་རྗེས་སུ་བཟུངས། །ཀྱཻ་དགྲ་ལྷ་སྤྱན་འདྲེན་བདག་གི་ཕྲག་གཡས་བཞུགས། །སྤྲུལ་པ་དགེ་བསྙེན་མང་པོའི་ཚོགས་དང་བཅས། །གཡས་ཁུག་ར་དང་བཤོས་བུ་གཙང་མས་མཆོད། །བདག་ལ་དགྲ་བླས་མགོན་སྐྱབས་མ་གཡོལ་ཞིག །ཀྱཻ་ཞང་ལྷ་སྤྱན་འདྲེན་བདག་གི་ཕྲག་གཡོན་བཞུགས། །སྤྲུལ་པ་ཞང་བློན་མང་པོའི་ཚོགས་དང་བཅས། །ནས་དང་གསེར་གཡུ་གཡག་ལུག་གཙང་མས་མཆོད། །བདག་ལ་ཞང་ལྷས་མགོན་སྐྱབས་མ་གཡོལ་ཞིག །ཀྱེེ་སྲོག་ལྷ་སྤྱན་འདྲེན་བདག་གི་སྙིང་ལ་བཞུགས། །སྤྲུལ་པ་མི་དཀར་མང་པོའི་ཚོགས་དང་བཅས། །དཀར་གསུམ་ཕུད་དང་ར་སྐྱེས་ཁམས་པས་མཆོད། །བདག་ལ་སྲོག་ལྷས་ཚེ་རིང་དཔལ་སྐྱེད་མཛོད། །ཀྱཻ་ཡུལ་ལྷ་སྤྱན་འདྲེན་བདག་གི་མཆན་གཡས་བཞུགས། །སྤྲུལ་པ་ལྷ་གཡག་མང་པོའི་ཚོགས་དང་བཅས། །རིན་ཆེན་འབྲས་དང་ཆང་གཡག་དཀར་པོས་མཆོད། །བདག་ལ་ཡུལ་ལྷས་རྟག་ཏུ་བསྲུང་བར་མཛོད། །ཀྱཻ་མ་ལྷ་སྤྱན་འདྲེན་བདག་གི་མཆན་གཡོན་བཞུགས། །སྤྲུལ་པ་མ་སྲིང་མང་པོའི་ཚོགས་དང་བཅས། །དཀར་གསུམ་ཕུད་དང་འབྲང་རྒྱས་ཞལ་དཀར་མཆོད། །བདག་ལ་མ་ལྷས་བསྲུང་ཞིང་སྐྱབས་པར་མཛོད། །ཀྱཻ་མགོན་སྐྱབས་ལྷ་སྲུང་གཉེན་པོ་འཁོར་བཅས་རྣམས། །དཀར་མངར་མཆོད་བཞེས་བདག་ལུས་གནས་སུ་བཞུགས། །གདོན་བཅས་གཟུགས་ཕུང་དུར་ལ་མ་བོར་བར། །གཞན་ཡུལ་མ་འགྲིམ་བརྟན་པར་ཞུགས་ནས་ཀྱང་། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད། །མི་མཐུན་གནོད་པའི་ཚོགས་རྣམས་ཞི་བ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །”[13]ཞེས་ལྷ་འདོགས་ཀྱི་་གསོལ་ཁ་དང་ལྷ་བསང་གཏོང། དེ་ནས་དར་ཤིང་བུ་རྒན་པའི་ལག་ཏུ་བཟུང་ལ་བཅུག་སྟེ་དབུས་སུ་ལངས་ནས་སྡོད་པ་དང་། ནང་མི་རྒན་གཞོན་རྣམས་ཀྱིས་མཐའ་སྐོར་ནས་“རི་མགོ་བརྒྱ་ནས་ཞུས་ཡོད། །བསང་སྣ་ལྔ་བརྒྱ་ཞུས་ཡོད། །ཞིང་བཟང་བརྒྱ་ནས་ཞུས་ཡོད། །འབྲུ་སྣ་ལྔ་བརྒྱ་ཞུས་ཡོད། །ཆུ་འགོ་བརྒྱ་ནས་ཞུས་ཡོད། །ཆུ་སྣ་ལྔ་བརྒྱ་ཞུས་ཡོད། །”ཅེས་གཞས་ཆེན་གཏོང་བ་དང་། མུ་མཐུད་དེ་“གནས་ཁང་འདི་ནས་ཕུལ་བའི། །ལྷ་བསང་སྤྲིན་པ་དཀར་པོ། །ལྷ་ཀླུ་གཞི་བདག་མཉེས་ཏེ། །ང་ཚོའི་བསམ་དོན་འགྲུབས་སོ། །སངས་རྒྱས་བསྟན་པ་དར་བའི། །བཀྲ་ཤིས་དར་ལྕོག་བཙུགས་ཡོད། །བཙུགས་སོ་ལགས་དང་བཙུགས་ཡོད། །”ཅེས་ཞབས་གཞས་གྲུབ་རྗེས་བུའི་ཡབ་ཀྱིས་“ཨོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག །དེ་རིང་གནམ་ལ་སྐར་མ་བཟང་། །ས་ལ་ཉི་མ་དྲོ། །བར་དུ་རྒྱུ་སྐར་ཉེར་བདུན་འཛོམས། །ཕ་ཤིང་སྟག་པ་ནས་དྲངས་པའི་སྟག་པའི་ཤིང་། །མ་རྒྱུད་བུ་རྒྱུད་འཛིན་པའི་རྒྱ་ལྕང་ཤིང་། །དེ་ཡི་སྲས་སུ་ཙྡན་སྡོང་པོ་འཁྲུངས། །དར་ལྕོག་འདི་ལ་དར་བཤད་འབུལ་ཙ་ན། །དར་ལ་དར་སྔོན་འདོགས་པ་འདི། །པ་སངས་ཤིང་ལ་ཁ་དོག་སྔོན་པོས་རྒྱན། །དེ་ལ་བལྟས་ནས་ཁ་དོག་སྔོན་པོ་བཏགས། །དར་ལ་དར་དཀར་འདོགས་པ་འདི། །པ་སངས་ཤིང་འདི་ཤར་ཕྱོགས་ཤེལ་ལ་བལྟས། །དེ་ལ་བལྟས་ནས་ཁ་དོག་དཀར་པོ་བཏགས། །དར་ལ་དར་དམར་འདོགས་པ་འདི། །པ་སངས་ཤིང་འདི་ལྷོ་ཕྱོགས་བཻཌཱུརྱ་ལ་བལྟས། །དེ་ལ་བལྟས་ནས་དར་ལྕོག་དམར་པོ་བཏགས། །དར་ལ་དར་ལྗང་འདོགས་པ་འདི། །པ་སངས་ཤིང་འདི་ནུབ་ཕྱོགས་པདྨ་རཱ་ག་ལ་བལྟས། །དེ་ལ་བལྟས་ནས་དར་ལྕོག་ལྗང་གུ་བཏགས། །དར་ལ་དར་སེར་འདོགས་པ་འདི། །པ་སངས་ཤིང་འདི་བྱང་ཕྱོགས་ཨིནྡྲ་ནཱི་ལ་ལ་བལྟས། །དེ་ལ་བལྟས་ནས་དར་ལྕོག་སེར་པོ་བཏགས། །སྟེང་ལ་མི་དར་བའི་དར་ལྕོག །འོག་ལ་ཆུ་འཕེལ་བའི་དར་ལྕོག །བསོད་ནམས་མེ་ལྟར་འཕེལ་བའི་དར་ལྕོག །མི་བདེ་སྐྱིད་ཡོང་བའི་དར་ལྕོག །སངས་རྒྱས་བསྟན་པ་དར་བའི་དར་ལྕོག་ཡིན། །ལྷ་ཞལ་གྱི་བང་མཛོད་འདི་ཡི་སྟེང་དུ་བཙུགས། །ན་མོ་ཀི་ཀི་སྭོ་སྭོ་ལྷ་རྒྱལ་ལོ།”ཞེས་དར་ཤིང་འདི་ལྷ་རྟེན་གྱི་སྟེང་དུ་བཙུགས་པ་དང་། ནང་མི་རྒན་གཞོན་རྣམས་ཀྱིས་མུ་མཐུད་དེ་“ཏ་ལའི་ལ་མོའི་རྩེ་ནས། །བུ་ངས་ལྷ་བསང་བཏང་ཡོད། །འདབ་ཆགས་ཕོ་རོག་ནག་ཆུང་། །ཕྱེ་མར་བཞེས་པར་ཕེབས་དང་། །”ཞེས་རྣམ་ཐར་བཏང་རྗེས་ལྷ་བསང་བཏང་སྟེ་ལྷ་རྒྱལ་འཐེན་གྱི་ཡོད། དེ་ནས་ཁྱིམ་གྱི་རྟེན་འབྲེལ་མཛད་སྒོ་རྣམས་ལེགས་པར་གྲུབ་རྗེས་གཉེར་པའི་བཀོད་སྒྲིག་ལྟར་མནའ་མ་ཕེབས་སྐྱེལ་ཞུ་མི་དང་། ནང་མི་རྣམས་གཟིམ་ཆུང་ལོགས་སུ་བཞག་སྟེ་གསོལ་ཇ་དང་མཆོད་ཆང་མཆོད་དེ་ངལ་གསོ་ཅུང་ཙམ་ཞིག་རྒྱག་གི་ཡོད། །ཁུལ་འདིར་ཆ་མཚོན་ན། རྟེན་འབྲེལ་བྱེད་སྐབས་སུ་འགྱོགས་ཆེན་དང་། འགྱོགས་ཆུང་། འབུལ་ཆུང་། གྲོགས་པོ་དང་གྲོགས་མོའི་རྟེན་འབྲེལ་ཞེས་ཁྱིམ་ཚང་གི་དགའ་ཉེ་དང་སྤུན་མཆེད་ཉེ་ལོས། དེ་བཞིན་ཁྱིམ་ཚང་ལ་སྔར་གྱི་འབྲེལ་བའི་ལན་པོ་ཆེ་ཆུང་ལ་གཞིགས་ནས་འབུལ་མཚན་སྣ་ཚོགས་འབུལ་སྲོལ་མཆིས་ལ། གཉེན་སྟོན་འདི་ཡང་ཉིན་གཉིས་གསུམ་ནང་ཚུན་དུ་མཇུག་སྒྲིལ་གྱི་མེད། དཔེར་ན་དང་པོ་འགྱོགས་[14]ཆེན་ལ་ཆ་མཚོན་ན། ལུག་ཤ་མགོ་འབྱར་ཞེས་ལུག་ཤ་ཁོག་གཅིག་ལ་མགོ་དང་བྲང་ཤ་ཆ་ཚང་ལྡན་ལ། ཁོག་སྟོང་མ་ཡིན་པར་བལ་གྱིས་བཀང་བ། དེ་མིན་ཆང་འབོ་ཕྲུག་ཁ་ཤས། ཕྱེ་མར་དཀར་ཏོག གྲོ་དོ་པོ་ཁ་ཤས། ནས་དོ་པོ་ཁ་ཤས། ཇ་སིལ་ར་གཉིས་གསུམ། ཆང་རིན་དང་གོས་སྣེ་སོགས་ཀྱང་འགྱོགས་ཆུང་ལས་མཐོ་བ་དང་ལེགས་པ་ཞིག་འབུལ་དགོས། གཉིས་པ་འགྱོགས་ཆུང་ལ་ཆ་མཚོན་ན། ལུག་ཤ་ཕྱེད་གཤགས་གཅིག་དང་། དེ་མིན་གྱི་ཆང་འབོ་ཕྲུག་དང་། གྲོ་དོ་པོ། ནས་དོ་པོ། ཆང་རིན། གོས་སྣེ་སོགས་འབུལ་བ་འགྱོགས་ཆེན་ལས་ཅུང་ཆུང་ཙམ་འབུལ་དགོས། གསུམ་པ་འབུལ་ཆུང་ལ་ཆ་མཚོན་ན། མནའ་མའི་སྐྱེལ་མི་རྣམས་རང་ཡུལ་དུ་ལོག་རྗེས་ཁྱིམ་གྱི་བུ་དང་མནའ་མ། དེ་བཞིན་ཡབ་དང་། ཡུམ། གཉེར་པ། འཁྲུང་ཞུ་མ། ཆང་མ་སོགས་ཞབས་ཞུ་བ་རྣམས་ལ་མཇལ་དར་དང་། ཆང་རིན་འབུལ་དགོས། བཞི་པ་རྟེན་འབྲེལ་མཇུག་སྒྲིལ་ནས་མནའ་མ་དང་ཞབས་ཞུ་བ་ཚང་མ་ཁྱིམ་དུ་ལོག་རྗེས། ནས་དང་གྲོ་དུང་ཕན་གང་ཙམ། ཆང་འབོ་ཕྲུག་གཅིག་ཙམ་དང་ཇ་ཚ་དམ་གང་སོགས་འཁྱེར་ནས་མཇལ་དར་དང་ཁྲུང་རིན། བུ་དང་མནའ་མ། ཡབ་དང་ཡུམ། དེ་བཞིན་ནང་མི་སོགས་ལ་འབུལ་དགོས། ལྔ་པ་གྲོགས་པོ་དང་གྲོགས་མོའི་རྟེན་འབྲེལ་ལ་ཆ་མཚོན་ན། རྟེན་འབྲེལ་ཡོངས་སུ་མཇུག་སྒྲིལ་རྗེས་ཆང་འབོ་ཕྲུག་གང་དང་གསོལ་ཇ་ཚ་དམ་གང་འཁྱེར་ནས། བུ་དང་མནའ་མ་གཅིག་པུར་མཇལ་དར་དང་ཆང་རིན་འབུལ་སྲོལ་ཡོད། གཉེན་སྟོན་མ་བྱས་གོང་གཉེར་པ་དང་ཁྱིམ་ཚང་གི་ཡབ་གཉིས་གྲོས་བསྡུར་ལེགས་པར་བྱས་ཏེ། རྟེན་འབྲེལ་ལ་འགྱོགས་ཆེན་འབུལ་མིའི་ཐེམ་གྲངས་མང་ཉུང་ལ་གཞིགས་ནས་རྟེན་འབྲེལ་གྱི་མཛད་སྒོ་ཉིན་གྲངས་ག་ཚོད་སྤེལ་དགོས་མིན་གཏན་འཁེལ་བྱེད་ཀྱི་ཡོད། དཔེར་ན། འགྱོགས་ཆེན་འབུལ་མི་ཐེམ་གྲངས་བཞི་བཅུ་ཙམ་ཡོད་ན། ལྔ་བརྒྱད་བཞི་བཅུ་ཞེས་ཉིན་རེར་འགྱོགས་ཆེན་འབུལ་མི་ཐེམ་གྲངས་ལྔ་ཙམ་གཏན་འཁེལ་བྱེད་པ་དང་། དེའི་བར་དུ་འགྱོགས་ཆུང་ཁྱིམ་ཚང་ལྔ་དྲུག་ཙམ་བཅུག་སྟེ་མཉམ་དུ་རྟེན་འབྲེལ་བྱས་ཏེ་ཉིན་གཅིག་ལ་ཐེམ་གྲངས་བཅུ་ལྷག་ཙམ་གྱིས་གཉེན་སྟོན་བྱེད་ཀྱི་ཡོད། དེ་ལྟར་རྟེན་འབྲེལ་གྱི་མཛད་སྒོ་དངོས་ཉིན་མ་བརྒྱད་ཙམ་དུ་གཏན་འཁེལ་བྱེད་ལ། མི་ཚང་སོ་སོའི་རྟེན་འབྲེལ་བྱེད་པའི་དུས་ཚོད་ཀྱི་གོ་རིམ་ཡང་སྔོན་ནས་ཁྱིམ་ཚང་ལ་བརྡ་ཐོ་གཏོང་སྲོལ་ཡོད། དེ་ལྟར་ཁྱིམ་གྱི་རྟེན་འབྲེལ་རྣམས་མཇུག་སྒྲིལ་ནས་ཁྲི་གདུགས་ཉི་མ་ཐོག་ཁར་ཤར་བའི་སྐབས་སུ་ཕྱི་ནས་ཕེབས་པའི་དགའ་ཉེ་སྤུན་མཆེད་ཀྱིས་རྟེན་འབྲེལ་ཐེངས་དང་པོ་འདི་དབུ་འཛུགས་ཀྱི་ཡོད། ཕྱིའི་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་སྐབས་སུ་རྟེན་འབྲེལ་ཐོག་མ་འདི་ཁྱིམ་གྱི་བུའི་ཨ་ནེ་ཞིག་གིས་བྱེད་པ་དང་། རྟེན་འབྲེལ་བྱེད་མཁན་གྱི་ཁྱིམ་ཚང་གོ་རིམ་ཡང་གཉེར་པས་བཀོད་སྒྲིག་ལེགས་པར་བྱེད་པ་དང་། གཉེན་སྟོན་མཇུག་མ་སྒྲིལ་བར་དུ་སྒོ་ནང་གི་སྒྲོག་རྩེའི་སྟེང་དུ་ཕྱེ་མ་འབོ་འདི་བརྟན་བཞག་བྱེད། ཕྱི་ཡི་རྟེན་འབྲེལ་ཡང་ནང་གི་རྟེན་འབྲེལ་གྱི་གོ་རིམ་ཇི་བཞིན་བཤད་པ། གོས་སྣེ། ཆང་རིན་སོགས་ཆད་ལུས་མེད་པར་འབུལ་དགོས། རྟེན་འབྲེལ་མཛད་སྒོ་མཇུག་སྒྲིལ་རྗེས་མནའ་མ་སྐྱེལ་མི་རྣམས་ཡུལ་དུ་ལོག་རྒྱུའི་གྲ་སྒྲིག་བྱེད་པ་དང་། དེ་ཉིན་གཉེར་པས་ཞལ་ལག་ཀྱང་ཅུང་གྲ་རྒྱས་པ་ཞིག་བཟོས་ཏེ་མནའ་མ་སྐྱེལ་མི་ཚོར་ཕེབས་རྫོངས་ཞུ་བ་དང་། ཐོན་ཁར་བུའི་ཁྱིམ་ནས་སྐྱེལ་མི་ཚོར་ཐུགས་རྗེ་ལེགས་སྐྱེས་སུ་ལུག་ཤ་ལྡེབས་རེ་གཉིས་དང་། གོས་སྣེ། ཆང་རིན་སོགས་འབུལ་བ་དང་། ཉིན་ཆས་སུ་ཆང་དང་། ཤ་བཙོས་མ། མར་གཟན། ཁ་བཟས་སོགས་གྱ་ནོམ་པ་ཞིག་བསྐུར་གྱི་ཡོད། ཕྱི་དྲོ་སྒོ་འགྲམ་གྱི་སྒྲོག་རྩེའི་སྒང་ལ་ཆང་དང་ཕྱེ་མར་བསྒྲིགས་པ་དང་། བསང་བཏང་སྟེ་ཕན་ཚུན་མཇལ་དར་ལེགས་པར་བསྒྲོན་ནས་མནའ་མ་སྐྱེལ་མི་ཚོས་“བཀྲ་ཤིས་ལུང་པའི་ཕུ་ལ། །གངས་རི་དཀར་པོས་བརྒྱན་ཡོད། །ཆུ་མོ་རྒྱུན་ཆད་མེད་པས། །ཉ་མོ་གནས་བཟོད་བདེ་བ། །བཀྲ་ཤིས་ལུང་པའི་བར་ལ། །སྤང་རི་སྔོན་པོས་བརྒྱན་ཡོད། །སྨན་རྩྭ་རྒྱུན་ཆད་མེད་པས། །ཤྭ་བ་གནས་བཟོད་བདེ་བ། །བཀྲ་ཤིས་ལུང་པའི་མདའ་ལ། །འབྲས་ལྡན་ཤིང་བཟང་བརྒྱན་ཡོད། །འབྲས་ལོ་རྒྱུན་ཆད་མེད་པས། །བྱིའུ་ཆུང་གནས་བཟོད་བདེ་བ། །ནམ་མཁའ་མཁའ་ཞེང་ཆེ་ལ། །སྐར་མ་སྐར་གྲལ་སྒྲིག་པ། །ཉི་ཟླ་བསམ་དོན་འགྲུབ་སོང་། །གླིང་བཞི་སྐོར་ནས་ལོག་འགྲོ། །མཚོ་མོ་མཁའ་ཞེང་ཆེ་བ། །ཉ་མོ་གནས་བཟོད་བདེ་བ། །གསེར་བྱའི་བསམ་དོན་འགྲུབ་སོང་། །མཚོ་མཐའ་སྐོར་ནས་ལོག་འགྲོ། །”ཞེས་གཞས་ཆེན་གཏོང་བ་དང་མུ་མཐུད་དེ་“བཞུགས་གྲལ་མཁའ་ཞེང་ཆེ་ལ། །ཇ་ཆང་འདོད་རྒུ་འཛོམས་པ། །གཞོན་པའི་བསམ་དོན་འགྲུབ་སོང་། །གླུ་གཞས་ངོམས་ནས་ལོག་འགྲོ། །”ཞེས་ཞབས་གཞས་རྒྱབ་སྟེ་རང་ཡུལ་ཕྱོགས་སུ་ཐོན་གྱི་ཡོད། མནའ་མ་སྐྱེལ་མི་རང་ཡུལ་དུ་ལོག་རྗེས་མནའ་མའི་གནས་བབས་ལ་གཞིགས་ནས་བག་གཡོག་འགའ་ཞིག་ནི་ཉིན་བཅུ་ཙམ་དང་། ཡང་འགའ་ཞིག་ནི་ཉིན་ཉི་ཤུ་ལྷག་ཙམ་མནའ་མའི་སྐྱོ་རོགས་སུ་མཇུག་ཏུ་སྡོད་ཀྱི་ཡོད། རྟེན་འབྲེལ་རྒྱས་པ་མཇུག་སྒྲིལ་རྗེས་ཁྱིམ་ཚང་གིས་ཡབ་ཀྱི་གྲོགས་པོ་དང་ཡུམ་གྱི་གྲོགས་མོ་རྣམས་ཁྱིམ་ཚང་དུ་མགྲོན་དུ་བོས་ནས་གསོལ་ཚིགས་འགྱོག་པ་དང་། སྐུ་མགྲོན་དེ་དག་གིས་ཀྱང་བུ་དང་མནའ་མ་གཉིས་ལ་མཇལ་དར་སྒྲོན་པ་དང་ཆང་རིན་འབུལ་སྲོལ་ཡོད། མནའ་མ་སྐྱེལ་མི་རྣམས་རང་ཡུལ་དུ་ལོག་ཕེབས་རྗེས་འབུལ་ཆུང་རྣམས་རྟེན་འབྲེལ་ལ་བཅར་ནས་ཁྱིམ་གྱི་བུ་དང་མནའ་མ། དེ་བཞིན་ཡབ། ཡུམ། གཉེར་པ། འཁྲུང་ཞུ་མ། མར་ཆེན། ཆང་མ་སོགས་ཞབས་ཞུ་བ་རྣམས་ལ་མཇལ་དར་དང་། ཆང་རིན་སོགས་འབུལ་གྱི་ཡོད། དེ་ནས་གཟིམ་ཆུང་རྟེན་འབྲེལ་ཞེས་ཁྱིམ་ཚང་གིས་ཞབས་ཞུ་བ་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཆེད་དུ་གཉེར་པ།མར་ཆེན། མར་གཡོག འཁྲུང་ཞུ་མ། ཆང་མ་སོགས་ལ་གསོལ་ཚིགས་འགྱོག་གི་ཡོད། དེ་ཉིན་ནང་མི་དང་ཞབས་ཞུ་བ་ཚང་མ་མནའ་མའི་གཟིམ་ཆུང་དུ་བསྐྱོད་དེ་གླུ་དང་གར་ལ་རོལ་ཏེ་མནའ་མ་འདི་གཟིམ་ཆུང་ལས་གོར་སར་གདན་འདྲེན་ཞུ་ཐབས་བྱེད་ཀྱི་ཡོད། རྟེན་འབྲེལ་མཇུག་སྒྲིལ་རྗེས་ཁྱིམ་ཚང་གིས་གཉེན་སྟོན་རིང་གི་ཞབས་ཞུ་བ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ། གཉེར་པར་མཇལ་དར་དང་ཤ་ཁོག་གཅིག ཆང་རིན།གོས་སྣེ་སོགས་འབུལ་བ་དང་། དེ་བཞིན་མར་ཆེན། འཁྲུང་ཞུ་མ། ཆང་མ་སོགས་ཞབས་ཞུ་བ་ཚང་མར་མཇལ་དར་དང་ལུག་ཤ་ལྡེབས་གཉིས། ཆང་རིན། གོས་སྣེ་སོགས་འབུལ་གྱི་ཡོད། ཡང་རྟེན་འབྲེལ་ཞུ་མི་ཁག་གཅིག་མནའ་མ་སྐྱེལ་མི་དང་ཞབས་ཞུ་བ་ཚང་མ་ཁྱིམ་དུ་ལོག་གྲུབ་རྗེས། ལུག་ཤ་ལྡེབས་གཅིག་ཙམ་དང་། ནས་དུང་ཕན་གང་། ཆང་འབོ་ཕྲུག་གང་། གསོལ་ཇ་ཚ་དམ་གང་བཅས་འཁྱེར་ནས། བུ་དང་མནའ་མ། ཡབ་དང་ཡུམ། དེ་བཞིན་ནང་མི་རྣམས་ལ་མཇལ་དར་དང་ཆང་རིན་འབུལ་གྱི་ཡོད། མཇུག་ཏུ་གྲོགས་པོ་དང་གྲོགས་མོའི་རྟེན་འབྲེལ་ཞེས་མི་ཚང་གི་བུའི་གྲོགས་པོའམ་བུ་མོའི་གྲོགས་མོ། ཨ་ཁུའི་གྲོགས་པོའམ་ཨ་ནེའི་གྲོགས་མོ་ཞེས་མི་གཅིག་གིས་ཆང་འབོ་ཕྲུག་གང་དང་ཇ་ཚ་དམ་གང་འཁྱེར་ནས། མཇལ་དར་དང་ཁྲུང་རིན་འདི་བུ་དང་མནའ་མར་གཅིག་པོར་འབུལ། དེ་ལྟར་ཁྱིམ་ཚང་ཞིག་གི་རྟེན་འབྲེལ་གྱི་གྲ་རྒྱས་ལོས་དང་ཉིན་གྲངས་མང་ལོས་ནི། ཁྱིམ་ཚང་འདིའི་སྤུན་རྒྱ་ཆེ་ཆུང་དང་དགའ་ཉེ་མང་ལོས། དེ་བཞིན་སྔར་གྱི་ལན་པོ་མང་ཉུང་སོགས་ལ་རག་ལུས་ཀྱི་ཡོད།
བཞི་པ། སྐྱོ་ལོག་གི་སྐོར།
        སྐྱོ་ལོག་ནི་བུ་མོ་མནའ་མར་སྟེར་ནས་རང་ཁྱིམ་དུ་ཐེངས་དང་པོ་གཉེན་འཕྲད་དུ་ཡོང་བར་གྲགས། དེ་ཡང་ལུང་པ་སོ་སོའི་ཁྱད་ཆོས་དང་ཁྱིམ་ཚང་སོ་སོའི་ཆ་རྐྱེན་ལ་གཞིགས་ནས་གཏོང་གི་ཡོད། བོད་མིའི་གཏམ་དཔེར“མ་སྟེར་བུ་མོ་རང་དབང་ཆེ། །སྟེར་ནས་བུ་མོ་མི་དབང་ཆེ། །”ཞེས་པ་ལྟར། དུས་ཚོད་ག་དུས་གཏོང་མིན། ཡུན་རིང་ཐུང་ག་ཚོད་སྡོད་ཆོག་མིན་སོགས་ནི་བུའི་ཁྱིམ་ཚང་གིས་གཏན་འཁེལ་བྱེད་ཀྱི་ཡོད། སྤྱིར་བཏང་། བུ་མོ་མནའ་མར་སླེབས་ནས་ལོ་གཅིག་ཙམ་སོང་རྗེས་མནའ་མ་སྐྱོ་ལོག་ཏུ་གཏོང་སྲོལ་ཡོད། ཡང་ཡུལ་གྲུ་འགའ་ཤས་ལ་གཉེན་འཕྲད་ཅེས་ཀྱང་འབོད་སྲོལ་འདུག སྐྱོ་ལོག་ཏུ་འགྲོ་སྐབས་སུ། རབ་བྱུང་ན་མནའ་མའི་ཟླ་བོ་རྒན་པ་མཉམ་དུ་འགྲོ་སྲོལ་ཡོད་ལ། ཁྱིམ་ཚང་ནས་ཀྱང་བུ་མོའི་ནང་མིར་ལག་རྟགས་གྱ་ནོམ་པ་ཞིག་བསྐུར་སྲོལ་ཡོད། ཟླ་བོ་འདི་བུ་མོའི་ཁྱིམ་དུ་ཉིན་བཞི་ལྔ་བསྡད་རྗེས་སྔོན་ལ་ལོག་འགྲོ་བ་དང་། བུ་མོ་འདི་བུའི་ཁྱིམ་གྱིས་བཀོད་སྒྲིག་བྱས་པ་ལྟར་སྤྱིར་ན་ཟླ་བ་གཅིག་ཡས་མས་ཤིག་སྡོད་ཀྱི་ཡོད། དེ་ནས་རྩ་བའི་ཆ་ནས་གཉེན་སྟོན་གྱི་བྱ་བའི་དངོས་གཞི་དང་ཉེ་བའི་ལས་དོན་ཚང་མ་མཇུག་སྒྲིལ་བའི་ཁུལ་ཡིན་ནོ། །
        མདོར་ན། དམངས་སྲོལ་ནི་མི་རིགས་གང་རུང་ཞིག་གིས་ཡུན་རིང་འཚོ་བའི་ནང་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ནང་རིམ་གྱིས་ཆགས་ཤིང་། མཐར་མི་རིགས་དེའི་ཐུན་མིན་ཁྱད་ཆོས་སུ་གྲུབ་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན། དེར་མི་རིགས་རིག་གནས་ཀྱི་ཁྱད་ཆོས་དང་། ས་ཁོངས་ཀྱི་ཁྱད་ཆོས་དམིགས་བསལ་དོད་པོ་ཡོད་ཁར། སྤྱི་ཚོགས་ཀྱི་ཁྱད་ཆོས་དང་དཔལ་འབྱོར་གྱི་ཁྱད་ཆོས་ཀྱང་ངེས་ཅན་ལྡན་ཡོད། དམངས་སྲོལ་རིག་གནས་ཁྲོད་འཇིག་རྟེན་མཐུན་འཇུག་གི་གཉེན་སྲོལ་ནི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ལ།དེའི་ཐོག་ནས་མི་རིགས་གང་རུང་ཞིག་གི་རིག་གནས་ཀྱི་ཁྱད་ཆོས་མང་པོ་ཤེས་རྟོགས་ཐུབ་ཀྱི་ཡོད། དཔྱད་རྩོམ་འདིར་ཁོ་བོས་ལོ་མང་རིང་བརྟག་དཔྱད་བྱས་པའི་འབྲས་བུ་དང་། སྒོས་སུ་ས་ཡུལ་དངོས་ཀྱི་རྒན་རྒོན་མཁྱེན་ལྡན་པ་མང་པོར་བཅར་འདྲི་ཞུས་པའི་དཔྱད་ཡིག་གིས་ཟུར་བརྒྱན་ཏེ་རང་ནུས་གང་ཐུབ་ཀྱིས་གླེང་ཁུལ་ཡིན་མོད། ད་དུང་འདིའི་ནང་མ་འདུས་པའི་ཕྱོགས་དང་། འཁྲུལ་བའི་ཕྱོགས་ཀྱང་ཡོད་སྲིད་པས་མཁྱེན་ལྡན་རྣམས་ནས་སྙིགས་དོར་བཅུད་ལེན་ཡོད་པ་ཞུའོ། །
        མཆན་འགྲེལ།
        [1] མིག་ལྟ་རྒྱང་གསུམ་ནི་རང་གིས་ལྟས་ནས་རྒྱུས་ལེན་པ་དང་ཆབས་ཅིག་གཞན་ལ་སྐད་ཆ་དྲིས་ནས་རྒྱུས་ལེན་པའི་དོན།
        [2] སྐམ་སློང་ནི་མནའ་མ་སྟེར་རོགས་ཞེས་ཁ་ནས་སློང་བ་ཙམ་ལས་དངོས་སུ་གཏན་མི་འཁེལ་བའི་དོན།
        [3] བུ་རྣམས་ནི་ཁུལ་འདིར་བུ་སྤུན་ཤུག་གཅིག་གི་གཉེན་སྲོལ་ཡིན་པས་བུ་གཅིག་ནས་གསུམ་བར་ཡོད།
        [4] ནུ་རིན་ནི་འོ་མ་སྟེར་བའི་དོད་ཀྱི་དོན།
        [5] འབོ་ནི་འབྲུ་རིགས་ཚད་འཇལ་བྱེད་ཤིང་བཟོས་ལྕགས་ཤན་ཅན་ཞིག་ཡིན།
        [6] འབེབས་བཤད་ནི་མནའ་མ་ཐོག་མར་རྟ་ཐོག་གམ་འཕྲུལ་འཁོར་ནས་བབས་བྱེད་གདན་གྱི་བཤད་པའི་དོན།
        [7] འགའ་ནི་ཚོན་མདོག་དམར་ཁྲ་དང་ལྡན་པའི་རས་མཐུག་པོ་ཞིག་ཡིན།
        [8] ངོ་ཚབ་ནི་མནའ་མ་སྐྱེལ་སྐབས་ཀྱི་གཙོ་བྱེད་མི་སྣའི་དོན།
        [9] སྐྲས་པ་ནི་སྙེ་མོ་ཁུལ་གྱི་ཡུལ་སྐད་དེ་སྐས་འཛེགས་ཀྱི་དོན།
        [10] གོས་བསུ་ནི་བུའི་ནང་ནས་ཏིག་ཆང་འགྱོག་སྐབས་སུ་མནའ་མར་འཕུལ་བའི་གོས་སྐལ་ཞིག་ཡིན།
        [11] འཛུགས་ཤ་ནི་བལ་གྱིས་དཀྲིས་པའི་ལུག་ཤ་མགོ་འབྱར་ཤ་ཁོག་ཆ་ཚང་ཞིག་གི་དོན།
        [12] འཛུགས་བན་ནི་ཆང་སྣོད་ཅིག་གི་དོན།
        [13] 《ལྷ་འདོགས》 བྲིས་མ།
        [14] འགྱོགས་ནི་རྟེན་འབྲེལ་གྱི་འབུལ་བའི་དོན།