ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་སྐྲུན་གྱི་གནས་ཚུལ་རགས་བཀོད།

སྤེལ་དུས 2021-03-25 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། རྡོ་སྦིས་ཚེ་རིང་རྡོ་རྗེ།
[ནང་དོན་གནད་བསྡུས།] རྩོམ་འདིར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ལོ་རྒྱུས་དང་སྒྲིག་གཞི། མི་སྣ། རྩོམ་སྒྲིག་ལས་རིམ། དཔེ་སྐྲུན་འགྲེམས་སྤེལ།དཔེ་སྐྲུན་བྱས་ཟིན་པའི་བོད་ཡིག་དཔེ་དེབ་ཀྱི་རིགས་དང་ཁ་གྲངས་སོགས་སྐོར་མཚམས་སྦྱོར་མདོར་བསྡུས་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་གི་འཕེལ་རྒྱས་དང་གྲུབ་འབྲས་བླངས་པའི་གནས་ཚུལ་བཀོད་ནས། བོད་ལྗོངས་མ་ཟད་བོད་ཁུལ་སྤྱིའི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་ཀྱི་འཕོ་འགྱུར། དམངས་ཀྱི་འཚོ་བ་སོགས་ལ་གནམ་ས་བླ་འོག་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་པ་ཟུར་བསྟན་ལེབ་མཐོང་གིས་བསྟན་ཡོད་ལ། དེ་དང་འབྲེལ་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བགྱིས་ཡོད།
[བརྡ་ཆད་གཙོ་བོ།] དཔེ་སྐྲུན། བོད་ལྗོངས། ལོ་ངོ་བདུན་ཅུ། གྲུབ་འབྲས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G239.27
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-03-0062-09
         བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནི་1971ལོའི་ཟླ་12པར་དབུ་བརྙེས་ཤིང་། དེ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་གནས་ཡོད་པ་དང་། ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་སྐྲུན་ཁང་གཅིག་པུ་དེ་ཡིན་ལ། མིག་སྔར་བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུད་ཀྱི་ཁོངས་གཏོགས་ཡིན། དཔེ་སྐྲུན་ཁང་དེའི་ཁོངས་སུ་བོད་ཡིག་དང་རྒྱ་ཡིག སློབ་གསོ། ན་ཆུང་བྱིས་པ། ཟླ་ཕྱེད་གླེང་མོལ་སོགས་གཙོ་བྱས་པའི་རྩོམ་སྒྲིག་ཁང་དང་གཞུང་ལས་ཁང་བཅུ་གྲངས་འདུས་ཡོད་པ་དེ་དག་གིས་ཆབ་སྲིད་དང་། དཔལ་འབྱོར། ཚན་རྩལ། སློབ་གསོ། རིག་གནས། ལོ་རྒྱུས།ཆོས་ལུགས་སོགས་རིགས་ཚན་དུ་མ་དང་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་ཐོག་ནས་དཔེ་སྐྲུན་འགྲེམས་སྤེལ་གྱི་ལས་དོན་གཉེར་བཞིན་ཡོད། མིག་སྔར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དཔེ་སྐྲུན་གྱི་རྒྱ་ཁྱོན་དང་ཁ་གྲངས་མང་བས་དེ་ཚོད་ཀྱི་ལས་བྱེད་མི་སྣ་80ལྷག་ཡོད།
དང་པོ། འཚོལ་ཞིབ་དང་མདུན་སྐྱོད་ཀྱི་ལམ་བུ།
         དཔེ་སྐྲུན་ནི་ཁྱབ་སྤེལ་ཞིག་སྟེ། བརྩམས་ཆོས་གང་རུང་ཞིག་གམ་དགོངས་པ་དེ་ཉིད་བྱེད་ཐབས་གང་རུང་ཞིག་ལ་བརྟེན་ནས་རྒྱ་ཁྱབ་ཏུ་སྒྲོག་པ་ཞིག་ཡིན། དེ་བས་གདོད་མའི་སྤྱི་ཚོགས་ནས་ཐོག་མར་བྲག་དང་རྡོ། ཤིང་སོགས་ལ་བརྡ་རྟགས་འགོད་པ་དང་། ཡི་གེ་བྱུང་བ་དང་རིམ་གྱིས་བྲག་རྡོ་ཤིང་དང་རས་སོགས་ངོས་སུ་ཡི་གེ་འབྲི་བ། དེ་ནས་ཤོག་བུ་ཐོན་པ་དང་ཤོག་ངོས་སུ་ལག་བྲིས་དང་། ཉེ་ཆར་ཤིང་པར་བླུགས་པའི་པར་འདེབས་ལག་རྩལ་གྱིས་བཀའ་བསྟན་སོགས་ཤོག་ངོས་སུ་དཔར་ཐུབ་པ་བཅས་ལོ་རྒྱུས་ཀྱི་དུས་ཡུན་རིང་པོ་ཞིག་བརྒྱུད་མཐར། བོད་ཀྱི་པར་སྐྲུན་ལས་རིགས་ལའང་གྲུབ་འབྲས་མི་དམན་པ་ཐོན་ཡོད།
ཤིང་དཔར་གྱི་ཐབས་ཤེས་དེ་བཅིངས་འགྲོལ་སྔོན་གྱི་ཡུན་རིང་པོར་རྒྱུན་བསྐྱངས་ཤིང་བོད་ཀྱི་པར་སྐྲུན་ལས་རིགས་ཀྱི་བྱེད་ཐབས་འབའ་ཞིག་ཏུ་གྱུར་ཡོད། འོན་ཀྱང་བཅོས་སྒྱུར་དང་གསར་གཏོད་ཀྱི་ཆ་དབེན་པས་རིམ་བཞིན་རྗེས་སུ་ལུས་ཤིང་། བོད་ཀྱི་རིག་གནས་གང་མགྱོགས་འཕེལ་རྒྱས་དང་བརྒྱུད་སྤེལ་ཕྱོགས་ལ་གེགས་རྐྱེན་བཟོས་པ་དང་། སྤྱི་ཚོགས་ལས་སྒོ་དང་མི་མང་གི་དཔེ་ཀློག་གི་རེ་འདོད་སྐོང་དཀའ་བར་གྱུར།
         བོད་ལ་བཅིངས་འགྲོལ་ཐོབ་རྗེས། ཀྲུང་གོ་གསར་པའི་འཕེལ་འགྱུར་འོག་སྤྱི་ཚོགས་ཁོར་ཡུག་དང་མིའི་བསམ་བློ་གང་ཐད་ལ་འགྱུར་བ་གཏིང་ཟབ་ཐོན་འགོ་ཚུགས་ཡོད། དེ་རིང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་དུས་སུ་ཕྱིར་ལྟ་བྱེད་སྐབས། ལོ་འདི་གའི་རིང་ལ་ཆབ་སྲིད་དཔལ་འབྱོར་དང་། རིག་གནས་བསམ་བློ་གང་ཐད་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ལྷག་པར་དུ་བོད་ཀྱི་དཔེ་སྐྲུན་ལས་དོན་དེའང་སྲོལ་རྒྱུན་གྱི་རྣམ་པ་ལས་བརྒལ་ཏེ་རྩོམ་སྒྲིག་དང་བརྩམས་ཆོས་པར་སློག་བྱས་ཏེ་སྤྱི་དམངས་ལ་འགྲེམས་སྤེལ་བྱེད་པའི་ལས་①རིམ་ཧྲིལ་པོ་ཚང་ཡོད། སྤྱི་ཚོགས་གསར་པའི་བླང་བྱ་གསར་པ་དང་མང་ཚོགས་ཀྱི་འདོད་མོས་སྣ་མང་ཅན་ལ་དེ་ཚོད་ཀྱི་ཀློག་དེབ་དགོས་པ་དང་། ཀྲུང་གོ་གསར་པའི་ཚན་རིག་ལག་རྩལ་དར་བ་དང་བསྟུན་ནས། དཔེ་སྐྲུན་ལས་རིགས་ཀྱི་ནང་དོན་དང་། རྣམ་པ། དམིགས་ཡུལ། བྱེད་ཐབས་སོགས་ལ་འཕོ་འགྱུར་ཆེན་པོ་བྱུང་བས། དེང་གི་དུས་སུ་དཔེ་སྐྲུན་ལས་རིགས་ཀྱི་གཞི་རྒྱ་ཆེ་ཞིང་ལས་སྒོ་མང་བ་དང་རྣམ་གྲངས་མང་བ་སོགས་དུས་རབས་དང་འཚམ་པའི་འཕེལ་རྒྱས་བྱུང་ཡོད།
གཉིས་པ། ལོ་ངོ་བདུན་ཅུའི་གཡུར་ཟའི་གྲུབ་འབྲས།
         བོད་རང་སྐྱོང་ལྗོངས་ཁོངས་སུ་དཔེ་སྐྲུན་ཁང་བཞི་ཡོད། དེའི་ཁྲོད་དཔེ་དེབ་དཔེ་སྐྲུན་ཁང་གཉིས་དང་སྒྲ་བརྙན་དཔེ་སྐྲུན་ཁང་གཉིས་བཅས་ཀྱིས་ལྗོངས་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སློབ་གསོ། ཚན་རིགཁྲིམས་ལུགས། རིག་གནས། ལག་རྩལ། དམངས་སྲོལ། ཆོས་ལུགས། རྩོམ་རིག་སོགས་ཐད་ཀྱི་དཔེ་སྐྲུན་བྱ་གཞག་གཉེར་བཞིན་ཡོད་ལ། ལོ་འདི་འགའི་རིང་ལོ་རེའི་དཔེ་སྐྲུན་སྣེ་རིགས་སྟོང་ཕྲག་ལ་ཉེ་བ་དང་དེབ་དང་འོད་སྡེར་སོགས་ཀྱི་གྲངས་འབོར་ཁྲི་200ལ་ཉེ་བར་དཔེ་སྐྲུན་འགྲེམས་སྤེལ་བྱེད་བཞིན་ཡོད་པས། གྲངས་འབོར་འདི་གཅིག་པུའང་སྔར་དང་བསྡུར་ན་ལྡབ་འགྱུར་གྱིས་མང་བ་ཡོད།
         བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་བཙུགས་ནས་ད་བར་ལོ་ངོ་48ཉེ་བའི་རིང་ལ་ཕྱོགས་གང་ས་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད་དེ། ཡིག་རིགས་མི་འདྲ་ཞིང་རིགས་ཚན་མི་འདྲ་བའི་དཔེ་དེབ་ཁྲི་གཅིག་ལ་ཉེ་བ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད་ལ། བསླབ་གཞི་མ་བརྩིས་པའི་དེབ་གྲངས་ཁྱོན་བསྡོམས་དུང་ཕྱུར་ལྷག་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད། ལོ་རེར་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་བཅས་ཡིག་རིགས་མི་འདྲ་ཞིང་རིགས་ཚན་མི་འདྲ་བའི་དཔེ་དེབ་400ལྷག་དང་། སློབ་གྲྭ་ཆུང་འབྲིང་གི་བསླབ་གཞི་600ལྷག ཟླ་ཕྱེད་གླེང་མོལ་དེབ་གྲངས་24བཅས་དཔེ་སྐྲུན་འགྲེམས་སྤེལ་བྱེད་ཐུབ་ཀྱི་ཡོད། དེ་དག་ལས་70%ལ་ཉེ་བ་བོད་ཡིག་ཡིན།
         མིག་སྔར་འགྲེམས་སྤེལ་བྱས་ཡོད་པའི་དཔེ་དེབ་ལས་གྲངས་འབོར་མི་ཉུང་བ་ཞིག་ལ་རིམ་པ་སོ་སོས་གཟེངས་བསྟོད་དང་དགའ་རྟགས་མི་ཉུང་བ་སྤྲད་ཡོད། 《དམངས་ཕན་བོད་རྒྱ་ཤན་སྦྱར་གྱི་པར་རིས་དཔེ་དེབ་བརྒྱ་》དང་།《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་དཀར་ཆག》《བོད་རྒྱ་འབྲེལ་བའི་སྐོར་གྱི་ཡིག་ཚང》 《བོད་ལྗོངས་ཡུལ་སྐོར་ཐད་ཀྱི་དཔེ་ཚོགས》 《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་》སོགས་ལ་སྤྱི་ཚོགས་ཀྱི་གདེང་འཇོག་དང་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་ཡོད། 《བོད་ཀྱི་ལོ་རྒྱུས་རིག་གནས་ཚིག་མཛོད་》དང་། 《སྤྱི་ལོ་1ནས་2100བར་གྱི་ལུགས་དྲུག་ཤན་སྦྱར་བོད་ཀྱི་བསྐལ་འཁོར་ལོ་ཐོ》 《དེང་རབས་བོད་སྐད་ཚིག་མཛོད》 《དཔག་བསམ་འཁྲི་ཤིང་གི་འགྲེལ་པ》《བོད་ལྗོངས་ཤེས་རིག་ཀུན་འདུས་》སོགས་དཔེ་དེབ་300ལྷག་ལ་རྒྱལ་ཁབ་དཔེ་དེབ་རྟགས་མ་དང་། ཀྲུང་གོ་དཔེ་སྐྲུན་སྲིད་གཞུང་རྟགས་མ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་“ལྔ་བསྡུས་གཅིག་”གི་ལས་གཞིའི་རྟགས་མ་སོགས་དང་། རྒྱལ་ཁབ་རིམ་པ་དང་ས་ཕྱོགས་རིམ་པ། ཞིང་ཆེན་རིམ་པའི་གཟེངས་བསྟོད་རྟགས་མ་ཐོབ་དང་འཐོབ་མུས་དང་། སྤྱི་སྒེར་གང་རུང་ལ་རྒྱལ་ཁབ་མི་དོན་པུའུ་དང་གསར་འགྱུར་དཔེ་སྐྲུན་ཅུད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། དྲིལ་བསྒྲགས་པུའུ་སོགས་རིམ་པ་སོ་སོའི་གཟེངས་བསྟོད་རྟགས་མ་ཐེངས་མང་ཐོབ་ཡོད།
         དེ་བཞིན་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩ་དང་རྒྱལ་ཁབ་མི་རིགས་སྐད་ཡིག་དཔེ་སྐྲུན་ཆེད་སྤྱོད་མ་དངུལ་སོགས་རྒྱལ་ཁབ་རིམ་པའི་དཔེ་སྐྲུན་རྣམ་གྲངས་35ཁོངས་སུ་དཔེ་དེབ་518ལ་མ་དངུལ་ཁྲི་4000ལྷག་གིས་རོགས་སྐྱོར་ཐོབ་ཡོད་པས།《མའོ་ཙེ་ཏུང་གི་ལེགས་བཤད་》དང་། 《ཞིང་འཕྲུལ་ཉམས་བཟོ་དང་བཀོལ་སྤྱོད་ཀྱི་ལག་རྩལ》 《ཆོས་འབྱུང་མཁས་པའི་དགའ་སྟོན་》སོགས་དེབ་རྒྱུན་དཀོན་རིགས་དང་དམངས་ཕན་ལག་རྩལ་སོགས་སྐོར་གྱི་དཔེ་དེབ་རྩ་ཆེན་སྤུས་ལེགས་བཏོན་ཡོད།
གསུམ་པ། བོད་ཡིག་དཔེ་དེབ་སྐོར་གྱི་གནས་ཚུལ།
         སྤྱི་ཚོགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ཀྱི་འཕེལ་རྒྱས་ནི་དཔེ་སྐྲུན་འཕེལ་རྒྱས་ཀྱི་རྨང་གཞིར་གྱུར་ཡོད་ལ། དེ་བཞིན་དཔེ་སྐྲུན་གྱི་ཁྱབ་སྤེལ་དེས་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ལ་ཤུགས་རྐྱེན་ཐེབས་ཐུབ་པར་མ་ཟད། མིའི་བསམ་བློ་འདུ་ཤེས་ལ་ཤན་ཤུགས་ཆེན་པོ་ཐེབས་ཀྱིན་ཡོད། དེ་བས་དཔེ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་དེ་རང་རྐྱ་འཕེར་བ་ཞིག་མ་ཡིན་པར། སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པས། བོད་ཀྱི་དཔེ་སྐྲུན་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་བའི་གནས་བབས་དེས་ཀྲུང་གོའི་སྤྱི་ཚོགས་ཁྱོན་ཡོངས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་མཚོན་ཡོད། ཁྱབ་ཁོངས་དེ་རུ་འདུ་བའི་བོད་ལྗོངས་ཀྱི་དཔེ་སྐྲུན་ལས་རིགས་ལ་ཐུན་མོང་གི་ཁྱད་ཆོས་ལྡན་ཞིང་རང་ཉིད་ཀྱི་བྱེད་ཐབས་ཀྱང་མི་ཉུང་བ་ཞིག་ཡོད།
         བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དཔེ་སྐྲུན་རྩ་དོན་ནི་བོད་ཡིག་གཞིར་བཞག་ཐོག་གོ་བདེའི་དཔེ་དེབ་ཁྱབ་སྤེལ་བྱ་རྒྱུ་དང་། བོད་རྒྱ་ཡིག་རིགས་གཉིས་མཉམ་སྤེལ་གྱིས་ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས། སྤྱི་ཚོགས་གདེང་འཇོག་དང་དཔལ་འབྱོར་ཁེ་ཕན་གཉིས་ཐད་ཀྱི་དགེ་མཚན་མངོན་པ་དེ་ཡིན་པས་དེང་གི་ཆར་བོད་ཡིག་དཔེ་དེབ་ཀྱི་གྲངས་འབོར་དང་སྤུས་ཚད་གང་ཐད་ནས་གནས་བབས་བཟང་པོ་མངོན་ཡོད། དེ་སྔ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་བཙུགས་མ་ཐག་པའི་ལོ་འགའི་རིང་ལོ་རེར་དེབ་བདུན་བརྒྱད་མ་གཏོགས་དཔེ་སྐྲུན་བྱེད་ཐུབ་མེད། སྐབས་དེའི་བོད་ཀྱི་ཀློག་པ་པོ་རྣམས་སྔར་བཞིན་ཆོས་དཔེ་སྣ་རིང་ཀློག་པར་གོམས་ནས་དེང་གི་དཔེ་དེབ་ཀྱི་རྣམ་པའི་དེབ་ལ་བློ་མི་འགྲོ་བས་ཅི་ཙམ་པར་གྲངས་མང་བ་དེ་ཙམ་གྱིས་འཚོང་དཀའ་བར་ཆགས་ཡོད་པས་ལོ་རེའི་པར་གྲངས་ཤིན་ཏུ་ཉུང་། ཉེ་བའི་ལོ་འགའི་རིང་བོད་ཡིག་དཔེ་སྐྲུན་ཐད་ལ་རྒྱལ་ཁབ་ཀྱིས་དམིགས་བསལ་སྲིད་ཇུས་གང་བཟང་བཏོན་ཅིང་བོད་སྤྱིའི་ཀློག་མཁན་ཇེ་མང་དུ་ཕྱིན་པས་ང་ཚོས་ཀྱང་བབ་བསྟུན་གྱིས་རིགས་ཚན་དང་ནང་དོན་མི་འདྲ་བའི་དཔེ་དེབ་འབོར་ཆེན་སྐྲུན་བཞིན་ཡོད། ལྷག་པར་དུ་ཞིང་པའི་དཔེ་དེབ་ཁང་དང་དགོན་པའི་དཔེ་དེབ་ཁང་སོགས་དང་འཚམ་པའི་དཔེ་དེབ་སྒྲིག་སྦྱོར་བྱས་ཡོད་པ་ནི་དམངས་ལ་ཕན་ཞིང་དབུལ་སྒྲོལ་ལ་གོ་ཆོད་པས་ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད།
         1.དཔེ་དེབ་སྤུས་ལེགས་སྐོར། དཔེ་དེབ་སྤུས་ལེགས་ནི་ནང་དོན་ཐད་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སམ་དེར་གཏོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་མ་ཡལ་བར། སྤྱིའི་མཛེས་འཆོས། འཚེམ་སྦྱོར་སོགས་གང་ཐད་ནས་འབུར་དུ་ཐོན་པ་ཞིག་ཡིན། དེབ་འདི་ལྟ་བུས་སྤྱི་ཚོགས་ལ་དགེ་མཚན་འདོན་ཐུབ་པ་དང་ཚོང་རའི་ཕན་ཁེ་བཟང་བས།ནང་དོན་དང་རྣམ་པའི་ཐད་སྤུས་དག་པོ་བཟོས་ཡོད། མཛེས་འཆོས་ཐད་ནས་ཀྱང་དེབ་“ཇུས་འགོད་བྱེད་སྐབས།ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྲོད་སྤུས་དག་པའི་ཆ་བཙལ་ཏེ་དེའི་ཁྲོད་དུ་སྒྲིག་སྦྱོར་བྱས་ཡོད། ་་་་་་་དྲན་འཆར་འཚོལ་སྐབས། ་་་་་་དཔེ་ཆ་རྙིང་པ་དང་གནའ་རྫས། ཁྱིམ་གྱི་ཅ་ལག་རྙིང་པ་སོགས་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་མཛེས་ཉམས་དང་ཤེས་རབ་མཐོང་ཡོང་”②ཞེས། རྩོམ་མཁན་དང་རྩོམ་སྒྲིག་པ། མཛེས་འཆོས་ཇུས་འགོད་པ་སོགས་ཀྱི་རྩོལ་བ་ལ་བརྟེན་ནས་དུས་ཡུན་རིང་པོ་ཞིག་འདས་ཀྱང་ཀློག་རིན་དང་ཉར་ཚགས་བྱ་རིན་ཡོད་པ་ཞིག་ཡིན། འདིའི་སྐོར་ལ་དཔེ་སྐྲུན་ཁང་ཚང་མས་དོ་སྣང་དང་བརྩོན་ལེན་བྱེད་ངེས་པས་དཔེ་དེབ་ལས་རིགས་སུ་ཧ་ཅང་གལ་ཆེ་བའི་གོ་གནས་བཟུང་ཡོད།
         འདིའི་སྐོར་གྱི་བོད་ཡིག་དཔེ་དེབ་ཅུང་མང་བ་སྟེ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་སྲིད་ཇུས། དམངས་ཕན། དབུལ་སྒྲོལ་སོགས་འདུ་བ་མ་ཟད། རིག་གནས་ལོ་རྒྱུས་དང་ཆོས་ལུགས་དམངས་སྲོལ། རྩོམ་རིག་སྒྱུ་རྩལ་སོགས་འདུས་ཡོད། དཔེར་ན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》(སྟོད་ཆ། སྨད་ཆ།)དང་།《ཀྲུང་གོའི་ཕུགས་འདུན་ལས་བོད་ལྗོངས་ཀྱི་གཏམ་རྒྱུད》《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》(དེབ་30) 《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ》(སྟོད་ཆ། སྨད་ཆ།) 《རྒྱུད་བཞི་སྨན་གྱི་ཞལ་ཐང་ཆེན་མོ》 《བོད་ཀྱི་ལོ་རྒྱུས་ཡིག་ཚགས་དཔེ་ཚོགས》《དཔག་བསམ་འཁྲི་ཤིང་གི་འགྲེལ་པ》 《དཔལ་ལྡན་རྒྱུད་བཞི》 《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས》 《གངས་ཅན་བོད་ཟས》 《གངས་ཅན་གཙུག་ལག་རིན་ཆེན་ཕྲེང་བ》《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས》 《བོད་རང་སྐྱོང་ལྗོངས་ཀྱི་དམངས་གཞས། དམངས་སྒྲུང་། གཏམ་དཔེ་ལེགས་བསྡུས》 《གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ》 《ཉིང་ཁྲིའི་ས་ཁོངས་ཀྱི་རིག་གནས་དཔེ་ཚོགས》 《མངའ་རིས་ཀྱི་ཏི་སེ་ཤེས་རིག་དཔེ་ཚོགས》 《ནག་ཆུའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་འདེམས་བསྒྲིགས》 《ཆབ་མདོའི་དམངས་ཁྲོད་གླུ་གཞས》 《གཞིས་རྩེའི་དམངས་ཁྲོད་སྒྲུང་གཏམ》《གངས་ལྗོངས་ཀྱི་གླུ་གཅེས་བསྒྲིགས་བཀྲ་ཤིས་དཔལ་འདྲེན》《གཙུག་གཡུ》 《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》《མི་ལ་རས་པའི་རྣམ་ཐར》 《རོ་སྒྲུང》 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》 《བོད་ཀྱི་གནའ་ཤུལ་གནས་མཆོག་དཔེ་ཚོགས》《ཆུ་ངོགས་གཏམ་རྒྱུད》(དེབ་1-4) 《གླིང་གེ་སར་རྒྱལ་པོའི་སྒྲུང》 《དེང་རབས་བོད་སྐད་ཚིག་མཛོད》 《ནང་དོན་རིག་པའི་ཚིག་མཛོད》 《རྒྱ་བོད་ཤན་སྦྱར་གྱི་དངུལ་རྩའི་ཐ་སྙད་ཚིག་མཛོད》 《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》 《དཔལ་ས་སྐྱའི་གདན་རབས》 《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས》《བོན་གྱི་ཤེས་རིག་ཚིག་མཛོད》 《སྐད་ཡིག་ལམ་བཟང་བོད་དབྱིན་ཀློག་དེབ》(1-5)སོགས་ཡོད།
དེབ་སྤུས་ལེགས་ཀྱི་དཔེ་སྐྲུན་འགྲོ་སོང་མཐོ་བས་རིན་གོང་མཐོ་བ་དང་ལག་ཏུ་འཁྱེར་བར་སྟབས་མི་བདེ་བས་ཡུན་ཐུང་དུ་ཁྱབ་སྤེལ་འགྲོ་དཀའ་ཡང་། རྒྱབ་ཤོག་ཕྱི་ནང་དང་དེབ་སྤྱིའི་འཚེམ་སྦྱོར་གྱི་རྒྱུ་སྤུས་བཟང་ཞིང་ནང་དོན་ཕུལ་དུ་བྱུང་བས་ལྟ་ཀློག་དང་ཉར་ཚགས་ཀྱི་རིན་ཐང་ལྡན་པའོ། །
         2.ཞིང་འབྲོག་དཔེ་དེབ་དང་དགོན་པའི་དཔེ་དེབ་ཀྱི་སྐོར། “ཞིང་པའི་དཔེ་དེབ་ཁང་ནི་ཀྲུང་དབྱང་གི་ཞིང་ཕན་དམངས་གཅེས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རང་ལྗོངས་ཀྱིས་ཞིང་འབྲོག་མི་དམངས་མང་ཚོགས་ལ་དོན་དངོས་ལག་བསྟར་བྱུང་བའི་དམངས་སེམས་ལས་གྲྭ་དང་སྲིད་བཟང་ལས་གྲྭ་ཞིག་ཡིན་པ་དང་། ་་་་་་མང་ཚོགས་ཀྱི་དཔེ་དེབ་ཉོ་དཀའ་བ་དང་། གཡར་དཀའ་བ། ཀློག་དཀའ་བའི་གནད་དོན་སེལ་ཆེད་ཡིན་”③ཞེས་པ་ལྟར། ཀྲུང་གོའི་སྤྱིའི་མི་འབོར་ཁྲོད་ཞིང་པའི་སྡུར་ཚད་མཐོ་ཞིང་གལ་ཆེའི་གནས་བབས་བཟུང་ཡོད་ལ། ལྷག་པར་དུ་བོད་ལྗོངས་སུ་ཞིང་པ་དང་འབྲོག་པའི་ཟིན་ཚད་80%ཟིན་ཡོད་པས། སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོར་གྱུར་ཡོད། དེ་བས་ལས་དོན་གང་ཞིག་ཀྱང་ཞིང་འབྲོག་མང་ཚོགས་གཙོ་བོར་འཛིན་དགོས་པ་ཞིག་དང་། དཔེ་སྐྲུན་གྱི་ལས་དོན་ཐད་ནས་ཀྱང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་དོ་སྣང་དང་རྒྱབ་སྐྱོར་གང་མང་བྱས་ཏེ། ཁོ་ཚོའི་འཚོ་བའི་ཡོང་འབབ་མཐོ་བ་དང་བསམ་བློའི་འདུ་ཤེས་མཐོ་རུ་གཏོང་ཐུབ་པར་ཕན་པའི་སྲིད་འབྱོར་རིག་གསུམ་ཐད་ཀྱི་ཤེས་བྱ་སྣ་མང་འདུས་པའི་དཔེ་དེབ་དཔེ་སྐྲུན་བྱས་དང་བྱེད་མུས་ཡིན།
         ལྷག་པར་དུ་ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་ནས་ཞིང་པའི་དཔེ་དེབ་ཁང་དང་དགོན་པའི་དཔེ་དེབ་ཁང་འཛུགས་པའི་ལས་གཞི་ཆེན་པོ་ཞིག་སྤེལ་ཡོད་པ་དེས་ཞིང་འབྲོག་ཁུལ་མང་ཚོགས་ཀྱི་དཔེ་ཀློག་གི་རེ་འདུན་སྐོང་ཐུབ་ཡོད། དམིགས་བསལ་དུ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནི་བོད་ཀྱི་ལྟེ་གནས་ལྷ་སར་གནས་ཡོད་པས་དེའི་སྐོར་ལ་ལྷག་པར་དུ་དོ་སྣང་དང་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད།
         དེའི་སྐོར་གྱི་དཔེ་དེབ་ནི། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་》དང་། 《བོད་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཤེས་བྱའི་སྐོར་གྱི་དྲི་བ་དྲིས་ལན》 《རྒྱུན་མཁོའི་ཁྲིམས་ལུགས་ཤེས་བྱའི་ལྟ་དེབ》 《རླབས་ཆེན་མེས་རྒྱལ》 《མེས་རྒྱལ་ཁྱིམ་ཚང་ཆེན་པོའི་མི་རིགས་ལྔ་བཅུ་ང་དྲུག》 《ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སློབ་གསོའི་ལྟ་དེབ》《ངལ་རྩོལ་བཅའ་ཁྲིམས》 《བོད་གསར་རྙིང་བསྡུར་བ》《ཚན་རིག་ཡར་གཏོད་དང་རྨོངས་དད་གཙང་སེལ་སྐོར་གྱི་ཁྱབ་གདལ་ཀློག་དེབ》 《ནར་མ་སོན་པའི་མིའི་རང་སྲུང་ཤེས་བྱའི་ལྟ་དེབ》 《ནུབ་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཚན་རྩལ་ཤེས་བྱའི་དྲི་བ་དྲིས་ལན་》སོགས་ཞིང་འབྲོག་མང་ཚོགས་དང་འབྲེལ་བའི་ཁྲིམས་དང་སྲིད་ཇུས་ཐད་ཀྱི་གོ་བདེའི་སྲོལ་ཡིག་དང་རྒྱུན་ཤེས་མང་པོ་བཏོན་ཡོད།
         དེ་བཞིན་བོད་ཁུལ་ཞིང་འབྲོག་གི་ཐོན་སྐྱེད་དང་འཚམ་པའི་ལག་རྩལ་ཤེས་རིག་སྐོར་གྱི་དེབ་ཀྱང་མང་པོ་བཏོན་ཡོད་དེ། དཔེར་ན། 《དེང་རབས་ཚན་རྩལ་ཁྱབ་གདལ་ཤེས་བྱའི་ལྟ་དེབ་དཔེ་ཚོགས་》དང་། 《ཚལ་རིགས་འདེབས་གསོ་ལག་རྩལ》 《དཔལ་འབྱོར་རྨང་གཞིའི་རྒྱུན་ཤེས》 《བོད་ཞིང་འཕྲུལ་ཉམས་བཟོ་དང་བཀོལ་སྤྱོད་ཀྱི་ལག་རྩལ》 《སྤྱི་དམངས་ཡ་རབས་ལག་དེབ》 《བཞོན་མ་གསོ་ཚགས་པའི་གསོ་སྦྱོང་གི་བསླབ་གཞི》 《ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཡིག་ཆ་ཕྱོགས་བསྒྲིགས》 《སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་སློབ་གསོའི་ལྟ་དེབ》 《ཚན་རིག་ཡར་གཏོད་དང་རྨོངས་དད་གཙང་སེལ་སྐོར་གྱི་ཁྱབ་གདལ་ཀློག་དེབ》 《དེང་རབས་ཚན་རྩལ་ཁྱབ་གདལ་ཤེས་བྱའི་ལྟ་དེབ།འདེབས་འཛུགས་ལས་རིགས》 《དེང་རབས་ཚན་རྩལ་ཁྱབ་གདལ་ཤེས་བྱའི་ལྟ་དེབ། གསོ་སྤེལ་ལས་རིགས》 《དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་དར་སྤེལ་ཤེས་བྱའི་ཀློག་དེབ》 《ཞིང་ལས་འདེབས་གསོའི་ལག་རྩལ》 《ཕྱུགས་རིགས་གསོ་སྤེལ་ལག་རྩལ》 《ཤིང་འཛུགས་ནགས་བཟོའི་ལག་རྩལ》 《གྲོང་གསེབ་གོ་ཆོད་ལག་རྩལ》 《མདུན་སྐྱོད་བྱེད་བཞིན་པའི་བོད་ལྗོངས་ཚན་རིག་ལག་རྩལ》 《ཞིང་འབྲོག་མང་ཚོགས་ཀྱི་དངོས་སྤྱོད་ལག་རྩལ་ཚན་རྩལ་ཁྱབ་གདལ་ལྟ་དེབ》 《བོད་ཀྱི་གནོད་མེད་སྔོ་ཚལ་ཐོན་སྐྱེད་ལག་རྩལ》 《ཕག་པ་གསོ་སྟངས་ལག་རྩལ》 《ལུག་རྒྱུད་ལེགས་སྒྱུར་དང་གསོ་ཚགས་ལག་རྩལ》 《མེ་ཏོག་འདེབས་གསོ་ལག་རྩལ》 《འབྲས་ཤིང་འདེབས་གསོ་ལག་རྩལ》 《གནག་ཕྱུགས་གསོ་སྐྱོང་གི་དོན་སྤྱོད་ལག་རྩལ་ལྡེ་མིག》 《འཚོ་བའི་རྒྱུན་ཤེས་མུ་ཏིག་དོ་ཤལ》《ཁེ་ལས་གསར་པའི་བྱུང་འཕེལ》 《བོད་ཕྱི་གསོ་རིག་ཟུང་འབྲེལ་གྱི་སྨན་བཅོས་ལག་དེབ་》སོགས་ཡོད།
དེབ་འདི་དག་ནི་ཚན་རིག་གི་ཐུན་མོང་གི་གཞུང་ལུགས་དང་ཉམས་མྱོང་ལ་གཞིགས་ཏེ། བོད་ཁུལ་གྱི་ཞིང་འབྲོག་གི་ཁྱད་ཆོས་དང་དངོས་ཡོད་གནས་ཚུལ་ལྟར་བསྲེགས་བཅད་བརྡར་གསུམ་གྱིས་རིགས་པས་ཡང་ཡང་དཔྱད་ཅིང་། འཚོ་བ་དངོས་ལ་ཟབ་ཞུགས་རིང་དུ་བགྱིས་པ་ལས་བྱུང་བ་ཤ་སྟག་ཡིན་པས། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་འགྱུར་ཡོང་བར་རིགས་པའི་གཞུང་ལུགས་ཀྱི་བདེན་དཔང་སྤྲད་ཡོད།
         3.རྒྱུན་མཁོའི་དཔེ་དེབ་སྐོར། ཀློག་པ་པོ་རྣམས་ཀྱི་ལྟ་ཀློག་གི་རེ་འདུན་དང་དགོས་མཁོ་ནི་རྣམ་པ་སྣ་ཚོགས་སུ་གྲུབ་ཡོད་པ་དང་། སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་ཏེ་ལས་རིགས་སྣ་མང་གི་སྒོ་མོ་ཡོངས་སུ་འབྱེད་པར་དེ་ལ་འཚམ་པའི་བསམ་པའི་རྒྱགས་ཕྱེ་མཁོ་བས། འགྱུར་ལྡོག་དེ་བསྟུན་གྱིས་དཔེ་དེབ་གང་མང་འདོན་པ་དེའང་དཔེ་སྐྲུན་ཁང་གི་འགན་འཁྲི་ཡིན། ཀྲུང་གོ་ཡོངས་སུ་འཕེལ་རྒྱས་ཀྱི་རླབས་ཕྲེང་ཚ་ཚ་འུར་འུར་དུ་འཕྱུར་བཞིན་པའི་སྐབས་འདིར་བོད་ཁུལ་གྱི་གནས་བབས་ཀྱང་མཆོང་སྐྱོད་ལྟ་བུའི་འགྱུར་ལྡོག་དང་ཇེ་ལེགས་ཇེ་བཟང་དུ་འགྲོ་བཞིན་པས་བོད་ཡིག་དཔེ་དེབ་ཀྱི་ཀློག་མཁན་ཇེ་མང་དང་དོ་སྣང་བྱེད་ཤུགས་སྔར་ལས་ཆེ་རུ་སོང་ཡོད། དེ་བས་ངེད་དཔེ་སྐྲུན་ཁང་གིས་དམིགས་ཡུལ་ཡོད་པའི་སྒོ་ནས་ཆབ་སྲིད་ནང་དོན་གསེད་བཀྲོལ་དང་། དཔལ་འབྱོར་གཞུང་ལུགས་སླ་འགྲེལ། ཚན་རིག་ལག་རྩལ་རིས་འགྲེལ། དམངས་ཕན་སྲིད་ཇུས་དྲི་བ་དྲིས་ལན་གྱི་རྣམ་པ་སོགས་ཐབས་ཤེས་སྣ་མང་སྤྱད་དེ། བོད་ཁུལ་གྱི་ཞིང་འབྲོག་དེང་རབས་ཅན་དུ་བགྲོད་པར་མེད་ཐབས་མེད་པའི་དེ་འཚམས་ཀྱི་དཔེ་དེབ་མང་པོ་དཔེ་སྐྲུན་བྱས་ཡོད། དཔེར་ན། པར་རིས་རྣམ་ཐར་《བློ་མཐུན་མའོ་ཙེ་ཏུང་ཧྲན་པེ་ལ་བཞུགས་སྐབས》 《ལེ་ཧྥེང་གི་པར་རིས་མཛད་རྣམ་》སོགས་དང་། རྒྱུན་ཤེས་ཁྱབ་བརྡལ་འགྲོ་ཆེད་གསོན་ཉམས་ལྡན་པའི་མུ་འབྲེལ་རི་མོའི་ལམ་ནས་ཤེས་བྱ་རྒྱུད་སྤེལ་བྱེད་པའི་དཔེ་དེབ་《བྱིས་པའི་སྡེ་ཁག་དོས་དྲག་ནད་སྲོག་སྐྱོབ་སྨན་བཅོས་བྱེད་ཐབས་མྱུར་འཚོལ་ལག་དེབ་》དང་།《འཚོ་བའི་རྒྱུན་ཤེས་མུ་ཏིག་དོ་ཤལ》 《སྤྱི་དམངས་ཀྱི་ཡ་རབས་ལག་དེབ》 《ཁེ་ལས་གསར་པའི་བྱུང་འཕེལ》 《ལག་ཤེས་སྒྱུ་རྩལ》 《བོད་ཀྱི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་འཆར་འགོད་དཔེ་རིས་གཅེས་བཏུས》 《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་འགུལ་འཆར་གཞིའི་རྩ་གནད། ཚན་རིག་ཁྱབ་སྤེལ་དཔེ་ཚོགས་》སོགས་རྒྱུན་སྤྱོད་ཤེས་བྱའི་དཔེ་དེབ་དང་། 《ནུབ་ཕྱོགས་སུ་བསྐྱོད་པའི་སྒྲུང》 《ཐོག་ཁང་དམར་པོའི་རྨི་ལམ》 《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་》སོགས་རྒྱའི་སྒྲུང་རྩོམ་གྲགས་ཅན་དང་བོད་ཀྱི་དམངས་ཁྲོད་ཟློས་གར་ཆེན་པོ་བརྒྱད་སོགས་དང་། དེ་བཞིན་《བོད་ཀྱི་རིག་གནས་རྣམ་བཤད》 《གངས་ཅན་ཡིག་སྲོལ་འཕེལ་རིམ་སྐོར་གྱི་གླིང་གཏམ་ཡིད་ཀྱི་རང་སྒྲ》 《འཁྲུངས་དཔེ་གཅེས་བཏུས་ཟླ་བའི་འོད་ཟེར》 《བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག》 《གནའ་རབས་བོད་ཀྱི་ཕོ་བྲང་འཛུགས་སྐྲུན་དང་དེའི་རིག་གནས་སྐོར་གྱི་ཐོག་མའི་ཞིབ་འཇུག》 《གྲོང་ཁྱེར་ལྷ་སའི་ས་མིང་ལོ་རྒྱུས་མདོར་བསྡུས》《དེང་རབས་བོད་རིག་པའི་སྐོར་ཀྱི་དཔྱད་རྩོམ་གཅེས་བཏུས》《དབུ་ཅན་སྙེ་བྲིས་ཀྱི་འབྱུང་འཕེལ་དང་གཞུང་བྲིས་སོགས་ཀྱི་འབྲི་ཚུལ》 《བོད་ཀྱི་ལོ་རྒྱུས་རིག་གནས་ཤེས་བྱའི་སྐོར་གྱི་དྲི་བ་དྲིས་ལན་དཔེ་ཚོགས》 《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་སྐད་བཞི་ཤན་སྦྱར་མ》 《དེབ་ཐེར་ཀུན་གསལ་མེ་ལོང》《བོད་དབྱིན་རྒྱ་ཤན་སྦྱར་གྱི་བོད་རིག་པའི་རྒྱུན་སྤྱོད་ཚིག་མཛོད》 《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》 《གཞོན་ནུ་དྲུག་གི་རྟོགས་བརྗོད》 《རྒྱལ་པོ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད》 《སྤྲིན་གྱི་ཕོ་ཉ》(བོད་རྒྱ་ཤན་སྦྱར) 《བཤེས་སྤྲིངས་རྩ་འགྲེལ》 《ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག》 《ཇ་ཆང་ལྷ་མོའི་བསྟན་བཅོས》 《བྱ་སྤྲེལ་གཏམ་རྒྱུད་》སོགས་ཀློག་སྤྲོ་ཞིང་དངོས་ཡོད་ཀྱི་དགེ་མཚན་དང་སེམས་ཁམས་གསོ་ཐུབ་པའི་དཔེ་དེབ་དང་། བོད་ཁུལ་གྱི་ཆོས་དད་མང་ཚོགས་ལ་དམིགས་ནས་གསུང་རབ་དང་བསྟན་བཅོས། ཆོས་སྤྱོད་ཉམས་ལེན། ཆོ་ག་ཕྱག་ལེན་སོགས་སྐོར་གྱི་དཔེ་དེབ་《ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་འབུམ》(ཀ-ཉ)དང་། 《གསུང་ངག་ལམ་འབྲས་རྒྱུད་གསུམ་མཛེས་རྒྱན》 《བོད་ཀྱི་གྲུབ་མཐའི་རིག་མཛོད》 《དགེ་ལུགས་པའི་ཞལ་འདོན་ཕྱོགས་བསྒྲིགས》 《མཛངས་བླུན་ཞེས་བྱ་བའི་མདོ་》(རྒྱ་བོད་ཤན་སྦྱར)སོགས་ཀྱང་མི་ཉུང་བ་ཞིག་ཡོད་དོ། །
         4.དཔེ་རྙིང་གི་སྐོར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནི་བོད་ཡུལ་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ལྷ་སར་ཆགས་ཡོད་པ་དང་། སེ་འབྲས་དགེ་གསུམ་དང་། བཀྲ་ཤིས་ལྷུན་པོ། ས་སྐྱ་དགོན་པ། དེ་བཞིན་སྟོད་མངའ་རིས་སོགས་ལ་འགྲིམ་འགྲུལ་བདེ་བ་དང་། སྲིད་འཛིན་སྒྲིག་ཁོངས་ཀྱི་འབྲེལ་བ་དམ་པས་དཔེ་ཆའི་ཁུངས་དང་གནའ་དཔེ་འཚོལ་བསྡུའི་ཐད་ཡུལ་གཞན་ལས་སྟབས་བདེ་མི་ཉུང་བ་ཡོད།
         དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་“བོད་ཡིག་དཔེ་རྙིང་ནི། རྣམ་གྲངས་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ། ཁྱབ་ཁོངས་ཀྱང་ཧ་ཅང་རྒྱ་ཆེན་པོ་ཡོད། དེ་ནི་ང་ཚོའི་ཁྱིམ་རྒྱུད་ཀྱི་ནོར་བུ་རྩ་ཆེན་ཞིག་ཡིན་ལ། བོད་རིག་པའི་ཞིབ་འཇུག་བྱ་རྒྱུའི་ཐད་གཞན་ལ་མེད་པའི་ཆ་རྐྱེན་ཧ་ཅང་བཟང་པོ་ཞིག་ཡིན།”④ཞེས་དཔེ་རྙིང་དེ་དག་བོད་ཀྱི་རིག་གཞུང་དང་བསམ་བློ། གོམས་གཤིས། ཆོས་ལུགས་སོགས་ཀྱི་ཁུངས་བརྟེན་སར་གྲུབ་ཡོད་པས། ངེས་པར་དུ་ཉམས་པ་འཚོལ་ཞིབ་དང་མ་ཉམས་ལེགས་སྒྲིག་བྱ་དགོས་པ་ནི་ང་ཚོའི་འགན་འཁྲི་ཡིན། གོང་དུ་ཞུས་ཟིན་པ་ལྟར་དེ་སྔའི་ཤིང་བརྐོས་དཔེ་ཆ་སྣ་རིང་དེ་དག་བསྐྱར་པར་སོགས་ཀྱི་ཐད་དུས་ཚོད་དང་འགྲོ་སོང་ཆེ་བས། དེང་རབས་ཀྱི་བྱེད་ཐབས་སྤྱད་དེ་དཔེ་དེབ་ཀྱི་རྣམ་པར་སླར་གསོ་བྱ་རྒྱུ་ནི་ཐབས་དམ་པ་ཞིག་ཏུ་གྱུར་ཡོད།
         ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལོ་འདི་དག་གི་རིང་ལ་རྒྱལ་ཁབ་ཀྱིས་བོད་ཀྱི་དཔེ་རྙིང་འཚོལ་བསྡུ་དང་།ལེགས་སྒྲིག ཞིབ་འཇུག དཔེ་སྐྲུན་ཐད་དམིགས་བསལ་ལྟ་སྐྱོང་གནང་འོག རྒྱལ་རབས་ཀྱི་དཔེ་སྐྲུན་རྣམ་གྲངས་དང་མི་རིགས་སྐད་ཡིག་གི་དཔེ་སྐྲུན་རྣམ་གྲངས། དཔེ་རྙིང་ལེགས་སྒྲིག་དང་དཔེ་སྐྲུན་གྱི་རྣམ་གྲངས་སོགས་རྣམ་པ་དུ་མའི་རྒྱབ་སྐྱོར་ཐོབ་ནས། བོད་ཀྱི་དཔེ་རྙིང་གྲངས་མང་ཞིང་གཏོས་ཆེན་པོ་དེ་དག་དུས་ཀྱི་རྡུལ་མང་ཁྲོད་ལས་བླངས་ཏེ་སླར་འཛམ་གླིང་མི་དམངས་ཀྱི་སྤྱན་ལམ་དུ་འདྲེན་ཐུབ་པ་བྱུང་ཡོད།
         ལྷག་པར་དུ་ཉེ་བའི་ལོ་འདི་གའི་རིང་ལ། འབྲས་སྤུངས་གནས་བཅུ་ལྷ་ཁང་དང་སྟོད་མངའ་རིས་སོགས་སུ་གཞུང་སྒེར་གང་རུང་ནས་བོད་ཀྱི་དཔེ་རྙིང་སྐོར་གྱི་རྒྱུ་ཆ་མི་ཉུང་བ་རྙེད་སོན་དང་གློག་རྡུལ་པར་མ་མི་ཉུང་བ་རྒྱལ་ཁབ་ཕྱི་ནང་གང་རུང་ནས་འབྱུང་བཞིན་པ་དཔེ་རྒྱུན་དཀོན་པའི་རིགས་དེ་དག་ཉེ་ཆར་དཔེ་སྐྲུན་བགྱིས་མེད་པས། བོད་འབྲེལ་དཔེ་སྐྲུན་ཁང་དག་གིས་རིག་གནས་མྱུར་སྐྱོབ་ཀྱི་རྣམ་གྲངས་མི་འདྲ་བའི་ཁོངས་སུ་བསྡུས་ནས་འཚོལ་ཞིབ་དང་། རིགས་བགར། གདམ་གསེས། ཡིག་གཏག རྩོམ་སྒྲིག དཔེ་སྐྲུན། འགྲེམས་སྤེལ་བཅས་ཀྱི་ལས་རིམ་བརྒྱུད་དེ་ཀློག་མཁན་རྣམ་པའི་སྤྱན་སྔར་བསྟར་བཞིན་པ་ལ། ངེད་དཔེ་སྐྲུན་ཁང་གིས་བོད་ལྗོངས་ཡིག་ཚགས་ཁང་དང་། སེར་གཙུག་དཔེ་རྙིང་བསྡུ་སྒྲིག་ཁང་དང་། དཔལ་བརྩེགས་དཔེ་རྙིང་བསྡུ་སྒྲིག་ཁང་། ས་སྐྱ་དགོན། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་སོགས་དང་མཉམ་སྒྲུབ་ཀྱིས་《རྒྱལ་དབང་ལྔ་པའི་རང་རྣམ་དཱུ་ཀུ་ལའི་གོས་བཟང་》དང་། 《གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ》 《པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ》 《ཨ་ལགས་ཤ་ངག་དབང་བསྟན་དར་གྱི་གསུང་རྩོམ》 《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》 《ཐུབ་པ་དགོངས་གསལ》 《གསུང་ངག་ལམ་འབྲས་ཆོས་འབྱུང》 《འཇིགས་བྱེད་ཆོས་འབྱུང་》སོགས་པར་དུ་བསྐྲུན་ཡོད་ལ། ངེད་དཔེ་སྐྲུན་ཁང་རང་ནས་ཇུས་འགོད་དང་བསྡུ་སྒྲིག་བྱས་པའི་དཔེ་རྙིང་རྩ་ཆེན་དང་དཔེ་རྒྱུན་དཀོན་རིགས་དག་“གངས་ཅན་གཙུག་ལག་རིན་ཆེན་ཕྲེང་བ་”ཞེས་པའི་དེབ་ཕྲེང་དུ་བསྡུས་ནས་སྔ་ཕྱིར་《ཉི་མའི་རིགས་ཀྱི་རྒྱལ་རབས་དང་ཟླ་བའི་རིགས་ཀྱི་རྒྱལ་རབས་》དང་། 《སྟོང་འཁོར་ཨེར་ཏེ་ནི་ཆན་ཞི་མནྫུ་ཤྲིའི་ནོ་མོ་ཧན་གྱི་འཁྲུངས་རབས་གསོལ་འདེབས་སོགས》 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས》 《རྒྱལ་སྲས་ཐོགས་མེད་བཟང་པོའི་རྣམ་ཐར་ཕྱོགས་བསྒྲིགས》 《པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་ཞིབ་མོ་རྣམ་འབྱེད་》སོགས་དེབ་ཕྲེང་30ལ་ཉེ་བ་བཏོན་ཚར་ཡོད་ཅིང་རྗེས་སོར་མུ་མཐུད་འདོན་འཆར་ཡོད།
         5.ན་ཆུང་བྱིས་པའི་དཔེ་དེབ། ན་ཆུང་བྱིས་པ་ནི་མེས་རྒྱལ་དང་མི་རིགས་ཀྱི་མ་འོངས་པའི་རེ་བཞག་བཅོལ་ས་དེ་ཡིན་ལ། མི་རབས་རྗེས་མ་གང་འདྲ་ཞིག་གསོ་སྐྱོང་བྱ་མིན་དེས་ང་ཚོའི་མ་འོངས་པ་ཅི་འདྲ་ཞིག་ཏུ་འགྱུར་མིན་གཏན་ཁེལ་བྱེད་པས། ན་ཆུང་བྱིས་པ་འདི་དག་ལུས་སེམས་བདེ་ཐང་དང་འཇོན་པོར་གསོ་སྐྱོང་བྱ་རྒྱུ་ནི་ང་ཚོ་རྒན་རབས་པའི་འགན་འཁྲི་ཡིན། དེ་བས་ངེད་དཔེ་སྐྲུན་ཁང་གིས་དེ་ཐད་ཀྱི་དཔེ་དེབ་མང་པོ་བཏོན་ཡོད་པར་ཀློག་མཁན་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད། 
         དཔེར་ན། བྱིས་པའི་རྒྱལ་གཅེས་བསམ་བློ་གསོ་སྐྱོང་བྱ་ཆེད། 《རི་མོར་བལྟས་ནས་རྒྱལ་དར་ངོས་འཛིན་པ་》དང་། 《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སྐོར་གྱི་བྱིས་པའི་རི་མོའི་ལྟ་དེབ》 《རྒྱལ་རྩེའི་དབྱིན་འགོག་གཡུལ་འགྱེད》 《པཱ་ལུའུ་དམག་ཆུང་ཆུང》 《ཏུང་ཚུན་རུའེ》《རང་བྱུང་ཁམས་ཀྱི་ངོ་མཚར་ཀུན་བཏུས》 《བུ་སློབ་ཀྱི་བསྲུང་བྱ》 《གངས་ལྗོངས་མེས་པོའི་བྱུང་བ》 《རབ་རྟོག་རི་མོས་མཚོན་པའི་ཀྲུང་གོའི་བོད་ལྗོངས》 《ཀྲུང་གོ་བྱིས་པའི་དོགས་འདྲི་》སོགས་དང་། ཕྱོགས་སྒྲིག་དང་གསར་རྩོམ་བྱས་པའི་ཕུལ་བྱུང་བྱིས་སྒྲུང་ 《གཟུགས་ཀྱི་ཉི་མའི་རྣམ་ཐར་》སོགས་རྣམ་ཐར་ཆེན་པོ་བརྒྱད་ཀྱི་མུ་འབྲེལ་རི་མོ་དང་།《བྱིས་སྒྲུང་གདམས་སྒྲིག་རྣ་ཡིད་དགའ་ཚལ་》དང་། 《སྲོག་ཆགས་ཀྱིས་མི་ལ་དཔུང་རོགས་བྱས་པའི་ངོ་མཚར་སྒྲུང་གི་དགའ་ཚལ》 《སྒྲུང་ཐུང་གནས་ལུགས་ཟབ》 《ཀ་མད་བྱིས་པ་བློ་གསལ》 《བྱིས་པའི་གབ་ཚིག་འདེམས་སྒྲིག》 《ཞེ་ཚིག་བྱིས་པའི་ངག་རྒྱན》 《ཨན་ཏེ་སན་གྱི་བྱིས་སྒྲུང》 《བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན》(དེབ་བཞི) 《བོད་ཀྱི་ཁ་ཏུན་རི་མོའི་དམངས་སྒྲུང་ལེགས་བཏུས》 《བུ་སྐྱོང་རིགས་ལམ་འཕྲུལ་ལྡེ》 《གངས་ལྗོངས་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན》《ན་ཆུང་རིག་འཕེལ་ལམ་བཟང》 《ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱའི་ཟེགས་མ》 《ཁུང་ཙེའི་ལེགས་བཤད》 《ཨ་ཁུ་སྟོན་པའི་སྒྲུང་ཕྱོགས་བསྒྲིགས》 《བོད་ཀྱི་བྱིས་གླུའི་རི་མོ་དཔེ་ཚོགས》 《རི་བོང་དང་སེང་གེ》 《སྐལ་བཟང་གཡུ་སྒྲོན་གྱི་རི་མོའི་བརྩམས་ཆོས་》སོགས་ན་ཆུང་བྱིས་པའི་རིག་ལམ་བསྐྱེད་ཐུབ་ཅིང་སློབ་གསོ་གོ་བསྐོན་གྱི་ནུས་པ་ལྡན་པའི་སྒྲུང་དེབ་མི་ཉུང་བ་ཞིག་དཔར་ཡོད་དོ། །
བཞི་པ། མཇུག་བསྡུ་བ།
         1949ལོའི་ཟླ་10པའི་ཚེས་1ཉིན་ཀྲུང་གོ་གསར་པ་དབུ་བརྙེས་ནས་ད་བར་ལོ་འཁོར་བདུན་ཅུ་ཕྱིན་པ་དང་།1959ལོའི་ཟླ་3པར་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ད་བར་ལོ་ངོ་དྲུག་ཅུ་བརྒལ་ཚར་ཡོད། སྔ་ཕྱིའི་དོན་ཆེན་དེ་གཉིས་ཀས་བོད་ཡོངས་ལ་འགྱུར་ལྡོག་གཏིང་ཟབ་དང་བོད་མི་ཡོངས་ཀྱི་ལས་དབང་ལ་བསྒྱུར་བཀོད་ཐེབས་ནས། འདྲ་མཉམ་དང་རང་དབང་གི་སྤྱི་ཚོགས་གསར་པ་ཞིག་བསྐྲུན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་ཕྱིན་པའི་རིང་། “བོད་ལྗོངས་ཀྱི་སྤྱི་པའི་རིག་གནས་བྱ་གཞག་གོང་དུ་འཕེལ་ཞིང་། བོད་ལྗོངས་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་ལྗོངས་ཡོངས་སུ་ཁེབས་པ་དང་། གྲོང་ཁྱེར་དང་ས་ཁུལ་སོ་སོར་དཔེ་མཛོད་ཁང་བཙུགས་ཡོད་ལ། རྫོང་དུ་རིག་གནས་བྱེད་སྒོ་སྤེལ་གནས་དང་། ཤང་དུ་ཕྱོགས་བསྡུས་རིག་གནས་ས་ཚུགས། གྲོང་ཚོར་རིག་གནས་ཁང་དང་ཞིང་པའི་དཔེ་དེབ་ཁང་བཙུགས་ཡོད་”⑤ཅེས་པ་ལྟར། བོད་ཀྱི་དཔེ་སྐྲུན་བྱ་གཞག་འདིའང་སྔར་མེད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མགྱོགས་པས་དཔེ་སྐྲུན་ལས་དོན་ལ་གྲུབ་འབྲས་མི་དམན་པ་བླངས་ཡོད།
མདོར་ན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་དང་མི་དམངས་ལ་ཞབས་འདེགས་ཀྱི་དཔེ་སྐྲུན་ཁ་ཕྱོགས་ནན་ཏན་གྱིས་བཟུང་སྟེ། ཞིང་འབྲོག་མང་ཚོགས་ཀྱི་བསམ་འཆར་དང་ལེན་དང་འཚོ་བ་དངོས་ལ་ཟབ་ཞུགས་ཀྱིས་བོད་ཡིག་དཔེ་དེབ་རབ་དང་རིམ་པ་དཔེ་སྐྲུན་བྱས་པ་དེ་དག་གིས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་རམ་འདེགས་ཐུབ་ཡོད་པས། ཞིང་འབྲོག་མང་ཚོགས་ཀྱིས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་དེབ་ལ་ཡུན་རིང་པོར་དགའ་བསུ་བྱེད་ཀྱི་ཡོད། ལྷག་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་བཞིན་པའི་སྐབས་འདིར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་རླབས་ཆེན་བྱ་གཞག་དེ་ལ་དཔེ་སྐྲུན་གྱི་ལས་དོན་ཐད་ནས་གོང་བཀུར་དང་གཞོགས་འདེགས་གང་ལེགས་བྱས་ཏེ། མ་འོངས་པའི་དཔེ་སྐྲུན་འཆར་གཞིའང་མི་གཙོ་བོར་འཛིན་པའི་དངོས་ཡོད་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ངལ་རྩོལ་དང་བསམ་པའི་རྒྱགས་ཕྱེ་དང་འཚམ་པའི་བོད་ཡིག་དཔེ་དེབ་གང་མང་དཔེ་སྐྲུན་བྱ་རྒྱུའི་ཐད་མུ་མཐུད་འབད་འབུངས་བྱས་དང་བྱེད་མུས་ཡིན།
         མཆན་འགྲེལ།
         ① 中国新闻出版社广电总局出版专业资格考试办公室编:《出版专业基础》[M](2015年版),商务印书馆,2017年6月第3次印刷,第2页。
         ②[日]杉浦康平:《亚洲的书籍、文字与设计》[M],三联书店,2007年,第62页。
         ③《不惑集—西藏人民出版社四十年》[M],西藏人民出版社,2011年,第214页。
         ④ དུང་དཀར་བློ་བཟང་འཕྲིན་ལས། 《བོད་ཀྱི་དཀར་ཆག་རིག་པ》 [M] མི་རིགས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་125
         ⑤ 张云:《光明日报》,2019年03月29日,04版。