དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ཆིང་སྲིད་གཞུང་གིས་མི་ཉག་མགར་ཐར་དགོན་གྱི་བཞེངས་སྐྲུན་དུ་ཕུལ་བའི་མ་དངུལ་གྱི་གྲངས་འབོར་ལ་དཔྱད་པ།

སྤེལ་དུས 2021-03-30 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། ཀླུ་ཐར་འབུམ།
[ནང་དོན་གནད་བསྡུས།] མགར་ཐར་དགོན་པ་ནི་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ལ་ཁམས་མི་ཉག་མགར་ཐར་ས་ཆར་ཆིང་སྲིད་གཞུང་གིས་མ་དངུལ་བཏང་སྟེ་བཞེངས་སྐྲུན་བྱས་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན། དགོན་པ་འདིའི་བཞེངས་སྐྲུན་གྱི་ཐད་ལ་མ་དངུལ་ག་ཚོད་བཏང་བར་ཡིག་ཆ་ཁག་གི་བཞེད་ཚུལ་མི་མཐུན་པ་དང་། སྒོས་སུ་ད་ལྟའི་བར་དུ་མི་ཉག་མགར་ཐར་དགོན་པར་མ་དངུལ་བཏང་བའི་གནས་ཚུལ་ལ་ལོ་རྒྱུས་ཞིབ་འཇུག་པ་དག་གིས་དོ་སྣང་དང་དཔྱད་པ་བཏང་མེད་པའི་ཚུལ་ལ་དམིགས་ཏེ། འདིར་ཡིག་ཚང་གཤིབ་བསྡུར་དང་ཡུལ་དངོས་རྟོག་དཔྱོད་ཟུང་འབྲེལ་གྱི་ཞིབ་འཇུག་གི་ཐབས་ལམ་སྤྱད་དེ། དོན་དངོས་སུ་ཆིང་སྲིད་གཞུང་གིས་མགར་ཐར་དགོན་པར་དངུལ་སྲང་གི་འགྲོ་གྲོན་ཇི་འདྲ་བཏང་ཚུལ་ལ་དཔྱད་པ་བགྱིས་ཡོད།
[བརྡ་ཆད་གཙོ་བོ།] མགར་ཐར་དགོན། ཆིང་སྲིད་གཞུང་། སྐྲུན་པའི་འགྲོ་གྲོན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2020-02-0069-09
         མི་ཉག་མགར་ཐར་དགོན་པ་ནི་མདོ་དབུས་མཐོ་སྒང་གི་ཤར་མཐའ་སྟེ། ད་ལྟའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་གི་མངའ་ཁོངས་སུ་གནས་ཡོད། གནའ་བོའི་དུས་སུ་ས་ཆ་འདི་ནི་རྒྱ་བོད་མཐུན་འབྲེལ་གྱི་ས་མཚམས་གལ་ཆེན་ཞིག་ཡིན་པར་མ་ཟད། ཕན་ཚུན་རྒྱུ་འགྲུལ་གྱི་བཞུད་ལམ་གཙོ་བོ་ཞིག་སྟེ། ཇ་རྟའི་ཚོང་ལམ་དང་བོད་དབྱིའི་ཁྱམས་ར་(藏彝走廊)། མི་རིགས་གནས་སྤོར་འགྲུལ་ལམ་དང་། ལི་ཡུལ་དང་འབྲེལ་བ་བྱེད་པའི་འགག་ལམ་སོགས་ཀྱང་ཡིན་པས། ས་ཆ་འདི་ནི་ཁྲོན་བོད་བྱང་ལམ་གྱི་འགག་སྒོ་ལས་གཞན། ལོ་རྒྱུས་ཐོག་ཁྲོན་བོད་བར་གྱི་འགྲིམ་འགྲུལ་དང་དམག་འདྲེན་ས་ཚུགས། དར་མདོའི་ནུབ་བྱང་ཕྱོགས་ཀྱི་དབུ་བླ་བརྗེ་སྤོར་བྱེད་གནས་ཐོག་མ་སོགས་ཀྱང་ཡིན། དེ་ལྟ་བུའི་གོ་བབ་ངེས་ཅན་ཡོད་པའི་མགར་ཐར་དགོན་པའི་བཞེངས་སྐྲུན་ལ་མ་དངུལ་ག་ཚོད་ཅིག་བཏང་བར་འབྲེལ་ཡོད་བོད་ཡིག་གི་ཡིག་ཚང་དང་། རྒྱ་ཡིག་གི་ཡིག་ཆ་སོགས་ཀྱི་གྲངས་འབོར་ལ་ཧེ་བག་ཆེ་བས།འདིར་མགར་ཐར་དགོན་པའི་རྡོ་རིང་གི་ཡི་གེ་གཞིར་བཟུང་ཞིང་། ཆིང་སྲིད་གཞུང་གི་ཞུ་ཡིག་དང་《རྒྱལ་དབང་སྐུ་ཕྲེང་བདུན་པའི་རྣམ་ཐར་》སོགས་ཁུངས་ལྡན་ཡིག་ཚང་དཀྱུས་སུ་བཟུང་སྟེ་དགོན་པའི་ལོ་རྒྱུས་སོགས་དང་སྦྱར་ནས་འཛུགས་སྐྲུན་གྱི་འགྲོ་སོང་ཇི་ལྟར་ཡིན་ཚུལ་རོབ་ཙམ་ཞུ་བ་ལ།
དང་པོ། མི་ཉག་མགར་ཐར་དགོན་པའི་ལོ་རྒྱུས་མདོར་བསྡུས།
         མི་ཉག་མགར་ཐར་དགོན་པ་ནི་དུས་རབས་བཅོ་བརྒྱད་པའི་དུས་སྟོད་དུ་ད་ལྟའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྟའུ་རྫོང་དང་རོང་བྲག་རྫོང་། དར་མདོ་གྲོང་ཁྱེར་གྱི་འདྲེས་མཚམས་བཞག་བྲ་དཀར་པོའི་ནུབ་བྱང་ཕྱོགས་ཏེ། སྲིད་འཛིན་ས་ཁོངས་ཀྱི་ཆ་ནས་རྟའུ་རྫོང་ཞི་བདེ་ཞང་དུ་རྒྱ་བོད་ལུགས་གཉིས་ཀྱི་བཟོ་བཀོད་ལྟར་བཞེངས་སྐྲུན་བྱས་པའི་དགེ་ལུགས་པའི་དགོན་ཆེན་ཞིག་ཡིན། རྟའུ་རྫོང་ཞི་བདེ་ཞང་ནི་གནའ་བོའི་དུས་སུ་རྒྱ་བོད་བར་གྱི་རྒྱུ་འགྲུལ་གྱི་འགག་སྒོ་ཡིན་མོད། ཕྱིས་སུ་ཡུལ་འདི་དང་ལེ་དབར་བརྒྱད་ཡོད་པའི་བར་སྨད་གྲོང་རྡལ་དབར་ལ་གཞུང་ལམ་བསྐྲུན་པས་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་ཡུལ་འདིའི་གོ་བབ་རེ་ཞིག་མག་མོག་ཏུ་གྱུར། འདིར་ཡུལ་འདིའི་མགར་ཐར་དགོན་པ་ཇི་ལྟར་བཞེངས་ཚུལ་ཕྱི་ནང་གི་རྐྱེན་གཉིས་དཀྱུས་སུ་བཟུང་ནས་མདོ་ཙམ་བརྗོད་ན། སྤྱི་ལོ་1724ལ་མཚོ་སྔོན་ནས་བློ་བཟང་བསྟན་འཛིན་གྱིས་ཆིང་སྲིད་གཞུང་ལ་ངོ་རྒོལ་བྱས་པར་ཕམ་ཁ་ཉོས་ལ། ཕྱིས་ཇུན་ཀར་ཚོ་པ་དང་ལག་འབྲེལ་བྱས་ཏེ་ལྷ་སར་བཙན་འཛུལ་བྱེད་པའི་ཇུས་བཤམས་པ་ཆིང་སྲིད་གཞུང་གིས་ཚོར། གནས་ཚུལ་དེ་ལྟ་བུའི་འོག་རྒྱལ་དབང་སྐལ་བཟང་རྒྱ་མཚོར་སྲུང་སྐྱོང་མ་བྱས་པར་སོག་པོའི་ལག་ཏུ་ཤོར་ཚེ་ཆིང་སྲིད་གཞུང་ལའང་ཉེན་ཁ་ཡོད་པ་དེ་ནི་མགར་ཐར་དགོན་པ་འཛུགས་སྐྲུན་གྱི་ཕྱི་རྐྱེན་དུ་གྱུར་ཡོད། དེ་བཞིན་དགའ་ལྡན་ཕོ་བྲང་ནང་ཁུལ་དུ་བཀའ་བློན་རྣམས་ནང་མ་མཐུན་པར་སྡེ་གཟར་བྱུང་ཞིང་། རྒྱལ་དབང་སྐུ་ཕྲེང་བདུན་པ་གནས་སྐབས་སུ་བདེ་འཇགས་ཡོང་ཆེད་ཆིང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཁམས་ལི་ཐང་དུ་ཕེབས་པ་ནི་དགོན་པ་འཛུགས་སྐྲུན་གྱི་ནང་རྐྱེན་དུ་གྱུར་འདུག དེ་ལྟ་བུའི་རྐྱེན་ཉིས་འཛོམས་ལ་རྟེན་ཅིང་འབྲེལ་འབྱུང་གིས་སྤྱི་ལོ་1728ལ་སི་ཁྲོན་གྱི་མཐའ་མཚམས་དམག་དཔོན་ཡུའེ་ཀྲུང་ཆིས་ཆིང་སྲིད་གཞུང་ལ་སྔར་ཡོད་མགར་ཐར་གྱི་དམག་སྒར་ས་ཚུགས་དེར་དགོན་པ་ཞིག་གསར་བཞེངས་བྱ་དགོས་ཚུལ་སྙན་ཞུ་བྱས་ཤིང་། སྲིད་གཞུང་གིས་ཀྱང་སྐབས་དེའི་གནས་བབ་དང་བསྟུན་ནས་མྱུར་དུ་ཆོག་མཆན་གནང་། 
         ཡུལ་འདིར་བོད་བཙན་པོའི་དུས་སྐབས་ཀྱི་བློན་ཆེན་པོ་མགར་སྟོང་བཙན་དང་འབྲེལ་བའི་ངག་རྒྱུན་རིང་མོ་ཞིག་གནའ་ནས་རྒྱུན་འབྱམས་སུ་སོང་ཡོད་ལ། བློན་པོ་མགར་རྒྱ་ཡུལ་ནས་ཐར་བའི་ས་ཡིན་ཕྱིར། ས་མིང་ལའང་མགར་ཐར་ཞེས་པར་ཐོགས་ཚུལ་ཡུལ་མི་རྒན་པ་དག་གི་ངག་ཏུ་གསལ། སྔོན་གྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ། གནས་འདི་ཡོན་རྒྱལ་རབས་ཀྱི་སྐབས་སུ་སེ་ཆེན་རྒྱལ་པོས་འཇང་ཡུལ་དུ་དམག་དྲངས་དུས་དམག་མི་བཅའ་སྡོད་བྱ་སའི་གནས་ཤིག་ཡིན་ཚུལ་དང་།① མིང་རྒྱལ་རབས་ཀྱི་དུས་སུ་རྒྱ་བོད་ཚོང་ཟོག་བརྗེ་རེས་དང་ཇ་རྟའི་ཚོང་ལམ་གྱི་ཡར་བགྲོད་མར་འོང་གི་འགག་སྒོ་གཙོ་བོ་ཞིག་ཡིན་ཚུལ་མང་དུ་བཀོད་འདུགས་ཆ་འདི་ནི་ཆིང་གི་དུས་སུ་ལྕགས་ལ་རྒྱལ་པོའི་མངའ་ཁོངས་ཡིན་ལ། ཕྱིས་སུ་“ཞེ་”(协)ཞེས་པའི་དམག་སྒར་ཞིག་བཙུགས་ཤིང་། དེ་ལ་“ཐའེ་ཉིང་”(泰宁)ཞེས་པའི་མིང་བསྩལ།② གོང་མ་ཡུང་ཀྲེང་སྲིད་ལོ་བདུན་པ་སྤྱི་ལོ་1730ལ་ཆིང་སྲིད་གཞུང་གི་བཀའ་ལུང་ལྟར། ལྕགས་ལ་རྒྱལ་པོས་ས་གནས་འདི་མགར་ཐར་དགོན་པའི་དགོན་གནས་སུ་ཕུལ་བ་དང་། ཆིང་སྲིད་གཞུང་གིས་དངུལ་སྲང་མང་དུ་བཏང་ནས་དགོན་པ་གསར་བཞེངས་བྱས་རྗེས། “སྦྱིན་པ་གཏོང་བའི་གཙུག་ལག་ཁང་”ཞེས་གོང་མ་མཆོག་གིས་མཚན་གནས་བསྩལ་བ་རེད། རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་མགར་ཐར་དགོན་པར་ལོ་ལྔར་བཞུགས་པའི་རིང་། “ལྕགས་ལ་རྒྱལ་པོའི་དུད་ཁྱིམ་དང་ས་རྒྱ་མང་པོ་ཡང་དགོན་པར་ཕུལ་བ་དང་།③ ཡུང་ཀྲེང་སྲིད་ལོ་དགུ་པ་སྤྱི་ལོ་1731པའི་ཟླ་4པའི་ཚེས་5ཉིན། མན་ཇུའི་ཡི་གེ་དང་རྒྱ་ཡིག་བཅས་ཀྱིས་བྲིས་པའི་རྡོ་རིང་ཞིག་ཀྱང་དགོན་པའི་སྒོ་ཆེན་གྱི་གཡས་གཡོན་གཉིས་སུ་བཙུགས་ཏེ་ཆེ་མཐོང་མཛད་དོ། ། ལྷག་དོན་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མགར་ཐར་དགོན་པའི་ཉེ་འདབས་སུ་འཁྲུངས་པས། མགར་ཐར་དགོན་པ་ནི་ལྷ་སའི་དགོན་སྡེ་ཁག་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྡེ་དཔོན་སྐུ་དྲག་དང་བཅས། དད་ལྡན་མང་ཚོགས་མཆོད་མཇལ་དུ་ཡོང་བའི་ལྟེ་གནས་དང་མཆོད་ཡུལ་གལ་ཆེན་ཞིག་ཏུ་གྱུར། དཔེར་ན་ངག་རྒྱུན་དུ། མགར་ཐར་དགོན་པ་ནི་སྡེ་པ་གཞུང་གི་འབྲུ་ཕོགས་སྟེར་ས་དང་རྒྱ་ནག་གོང་མས་དངུལ་ཕོགས་སྦྱིན་སའི་དགོན་པ་ཞིག་ཡིན་ཞེས་གྲགས་ལ། ངག་རྒྱུན་དེའང་གཏད་སོ་མེད་པའི་འཁྱར་གཏམ་ཞིག་མ་ཡིན་པར་ལོ་རྒྱུས་དངོས་ལ་ར་འཕྲོད་པ་ཞིག་སྟེ། སྤྱི་ལོ་1735ལ་གོང་མའི་བཀའ་ལྟར་རྒྱལ་སྲས་བཅུ་བདུན་པ་དང་ལྕང་སྐྱ་རོལ་པའི་རྡོ་རྗེ་རྣམ་གཉིས་མགར་ཐར་དུ་ཕེབས་ཏེ་རྒྱལ་དབང་སྐུ་ཕྲེང་བདུན་པ་ལྷ་སར་ཕེབས་པར་སྟ་གོན་གྱི་ཞབས་འདེགས་སྒྲུབ་དུས། དགོན་པའི་དོ་དམ་དང་ཡོང་འབབ་སོགས་ལ་རྒྱལ་སྲས་བཅུ་བདུན་པ་ནས་ཐུགས་འགན་མཛད་ཅིང་། ཆིང་སྲིད་གཞུང་གིས་དགོན་པར་ལོ་རེར་དངུལ་སྲང་བདུན་བརྒྱ་ལྷག་དང་། མཁན་པོ་དང་གྲྭ་བཙུན་དྲུག་ཅུ་ལྷག་ལ་ཟླ་ཕོགས་སྟེར་བར་ཞལ་གྱིས་བཞེས་ལ། འབྲས་སྤུངས་དགོན་པ་ནས་དགོན་འདི་གར་མཁན་པོ་མངགས་གཏོང་དང་། དོ་དམ་བདག་གཉེར་བྱ་རྒྱུར་ཐག་གཅོད་བྱས་པ་སོགས་མདོར་ན་མགར་ཐར་དགོན་པ་ནི་ཆིང་སྲིད་གཞུང་དང་ས་གནས་སྲིད་གཞུང་གཉིས་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་ཐོབ་པའི་དགེ་ལུགས་པའི་དགོན་སྡེ་ཆེན་པོ་ཞིག་ཡིན་པར་མ་ཟད། ཆིང་སྲིད་གཞུང་གིས་མ་དངུལ་བཏང་ནས་ད་ལྟའི་དཀར་མཛེས་ཁུལ་དུ་བཞེངས་པའི་དགོན་པ་གཅིག་པུ་དང་། བོད་ཁུལ་ནས་རྒྱ་ནག་གོང་མས་དངོས་སུ་མཚན་གནང་ཞིང་ཉམས་གསོ་མཛད་ལ། ཞལ་འདེབས་སོགས་ཕུལ་བའི་དགེ་ལུགས་པའི་དགོན་སྡེ་གཅིག་པུའང་ཡིན་ནོ། །
གཉིས་པ། ལོ་རྒྱུས་ཡིག་ཆར་བཀོད་པའི་མགར་ཐར་དགོན་པར་བཏང་བའི་མ་དངུལ་གྱི་གྲངས་ཀའི་སྐོར།
         མི་ཉག་མགར་ཐར་དགོན་པར་མཚོན་ན་ལོ་རྒྱུས་ཀྱི་ཁྲོད་དུ་གཟི་འོད་འབར་བའི་གོ་གནས་གལ་ཆེན་ཟིན་ཡོད་མོད། དགོན་པ་བཞེངས་སྐྲུན་ཐད་དུ་བཏང་བའི་མ་དངུལ་སྐོར་ལ་དོགས་གཞི་ཡོད་ཅིང་། ཡིག་ཚང་དང་དཔེ་ཆ་གང་མང་ཞིག་ལས་གྲངས་ཚད་འདྲ་མིན་སྣ་ཚོགས་ཤིག་བཀོད་ཡོད་དེ། དཔེར་ན། 《རྟའུ་རྫོང་གི་ལོ་རྒྱུས་》ལས། “གོང་མ་ཡོན་ཏྲིན་སྲིད་ལོ་བདུན་པ་སྟེ་1729ལོར། ཆིང་སྲིད་གཞུང་གིས་ལྷ་སའི་གནས་སྟངས་བདེ་འཇགས་མ་ཡིན་པར་དམིགས་ནས་རྒྱལ་དབང་སྐུ་ཕྲེང་བདུན་པ་གནས་འདིར་ཕེབས་ཤིང་ཆེད་དུ་དངུལ་སྲང་ཁྲི་བཅུ་བཞི་བཏང་སྟེ། ས་མུའུ་ལྔ་བརྒྱ་ལྷག་བསྡུས་ཤིང་དགོན་པ་དང་ཕོ་བྲང་སོགས་བཞེངས་སྐྲུན་བྱས་པ་ཡིན་”④ཞེས་དང་། 《བོད་ལྗོངས་ནང་བསྟན་ལོ་རྒྱུས་》ལས། “1729ལོར་ཆིང་སྲིད་གཞུང་གིས་ཐག་བཅད་ལྟར་ལི་ཐང་གི་ཉེ་འགྲམ་མགར་ཐར་ས་ཆར་དགོན་པ་བཞེངས་ནས་རྒྱལ་དབང་བདུན་པ་བཞུགས་སྡོད་བྱས། 1730ལོའི་ལོ་འགོར་མགར་ཐར་དགོན་པ་བཞེངས་གྲུབ་བྱུང་། གོང་མ་ཡོན་ཏྲིན་གྱིས་སྦྱིན་པ་བཏང་བའི་གཙུག་ལག་ཁང་ཞེས་མཚན་གནང་ཞིང་དགོན་པ་འདི་བཞེངས་པའི་འགྲོ་གྲོན་ལ་དངུལ་སྲང་ཁྲི་བཅུ་བཞི་ཤོར་”⑤ཞེས་བཀོད་འདུག རྒྱུ་ཆ་འདི་གཉིས་ལ་མཚོན་ན་བོད་ཡིག་གི་རྒྱུ་ཆ་སྟེ་《རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་རྣམ་ཐར་》དུ་འཁོད་པ་དང་གཅིག་མཚུངས་སུ་མཆིས། 《ནུབ་ཁམས་ལོ་རྒྱུས་ཐོར་བསྡུས་》ལས། “དེ་སྔ་ཆིང་གོང་མ་ཡོན་ཏྲིན་གྱི་དུས། རྒྱལ་དབང་སྐུ་ཕྲེང་བདུན་པ་གནས་འདིར་བཞུགས་ནས་བསྟན་པ་རྒྱས་པར་མཛད་པ་སོགས་ཆེད་དུ་མཛོད་ནས་དངུལ་སྲང་ཁྲི་བཅུ་ལྷག་བཏང་ནས་མགར་ཐར་ས་ཆར་དགོན་པ་རྒྱ་ཆེན་པོ་ཞིག་བཞེངས་”⑥ཞེས་བྲིས་ཡོད་ལ།《སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་གི་ས་མིང་ཐོ་བྱང་》ལས། “1730ལོ་ནས་1735ལོར་རྒྱལ་དབང་སྐུ་ཕྲེང་བདུན་པ་གནས་འདིར་བཞུགས་སྡོད་དང་ཆིང་སྲིད་གཞུང་གིས་དངུལ་སྲང་ཁྲི་བཅུ་དྲུག་གི་མ་དངུལ་བཏང་”⑦ཞེས་བཀོད་འདུག དེ་མིན་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ལས། “གོང་མ་ཆེན་པོའི་མཛོད་ནས་དངུལ་སྲང་ཁྲི་ཕྲག་བཞིའི་རྒྱུ་ཚོགས་ལས་བསྒྲུབས་ཏེ་མགར་ཐར་ས་གནས་སུ་ཡུལ་གྱི་ཡོན་ཏན་དུ་མ་ལྡན་པའི་དབུས་སུ་ཀླུ་གདུག་པ་ཅན་གནས་པའི་མཚོ་ཞིག་ཡོད་པ་དེར་གཙུག་ལག་ཁང་གི་ལྟེ་བ་བྱས་པ་ལེགས་ཚུལ་རྒྱ་ནག་གི་ས་དཔྱད་མཁས་པའི་དཔྱད་དོན་ལ་བབས་པ་ལྟར་མཚོ་དེར་རྒྱའི་ཧྭ་ཤང་ཞིག་གིས་ཕུར་པ་མི་ཚད་ཙམ་ཞིག་བཏབ་ནས་རྟེན་འབྲེལ་གྱི་བཅོས་བྱས་ཏེ་མཚོ་བསུབ་པའི་སར་གཙུག་ལག་ཁང་དང་བླ་བྲང་བསྡོམས་པའི་རྒྱ་ཁྱོན་ལ་གཞུ་འདོམ་སུམ་བརྒྱ་ལྷག་བཅས་ཡོད་པ། གཙུག་ལག་ཁང་གསུམ་ཐོག་བཟོ་བཀོད་ངོ་མཚར་ཅན། ཕྱིའི་ལྕགས་རི་དཔངས་གཞུ་འདོམ་དོ། རྒྱར་གྲུ་བཞི་པ་ཕྱོགས་རེར་གཞུ་འདོམ་བཞི་བརྒྱ་ཙམ་རེ་དང་། རྒྱལ་སྒོ་རིམ་པ་གསུམ་དུ་ཡོད་པའི་སྟེང་གྱོ་རྩིའི་རྒྱ་ཕིབས་རྒྱན་གྱི་རྣམ་པ་སྣ་ཚོགས་པས་བཀྲ་བ།”⑧ཞེས་པ་ལྟར་དགོན་པ་གསར་བཞེངས་གནང་ཚུལ་གསལ་པོར་བཀོད་ཡོད། འདིར་བཀོད་པའི་དངུལ་སྲང་གི་གྲངས་ཚད་ཉུང་དྲགས་པས་ཁོ་བོས་རྒྱ་ཡིག་གི་འགྱུར་དང་ཞིབ་བསྡུར་བྱས་མོད། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ཡི་རྒྱ་ཡིག་གི་འགྱུར་ལས་ཀྱང་“གོང་མ་ཆེན་པོའི་མཛོད་ནས་དངུལ་སྲང་ཁྲི་ཕྲག་བཞི་བཏང་ནས་མགར་ཐར་ས་ཆར་དགོན་པ་བཞེངས་”⑨ཞེས་བྲིས་འདུག་པ་ནི་མ་ཡིག་གི་གྲངས་ཚད་དང་འདྲ་ཡང་། སྐབས་དེའི་ལོ་རྒྱུས་ལ་མཚོན་ན་དངུལ་སྲང་ཁྲི་བཞི་ཡིས་གཞི་རྒྱ་ཆེ་བའི་དགོན་པ་ཞིག་བཞེངས་མི་ཐུབ་པར་སྙམ། སྐབས་དེའི་མགར་ཐར་དགོན་པར་ཕོ་བྲང་དང་ཁང་བརྩེགས་གསར་བཞེངས་བྱས་ཚུལ་ནི་གཞི་རྒྱ་ཧ་ཅང་ཆེ་བ་ཞིག་ཡིན། སྐུ་ཞབས་དགེ་ལེགས་ཀྱིས་བརྩམས་པའི་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་》ལས། “མགར་ཐར་དགོན་པ་ནི་རྒྱལ་དབང་སྐུ་ཕྲེང་བདུན་པའི་བཞུགས་དགོན་ཡིན་པ་དང་བཞེངས་ཚུལ་ཧ་ཅང་རྒྱ་ཆེ་བས། རྒྱ་ཁྱོན་ལ་ས་མུའུ་ལྔ་བརྒྱ་དང་། ཕོ་བྲང་གི་དབྱིབས་གཟུགས་ཅན་གྱི་ཁང་བརྩེགས་ལ་ཁང་མིག་སྟོང་ལྷག་ཡོད་ལ་ཁང་ཤག་བཞི་བརྒྱ་ལྷག་འདུག ཚོགས་ཆེན་འདུ་ཁང་གི་དབྱིབས་གཟུགས་ཕོ་བྲང་ལྟར་ཁང་བརྩེགས་རིམ་པ་བཞི་ཡོད་པ་དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་4500ལྷག་ཡོད།”⑩ཅེས་འཁོད་ཚུལ་ལ་བལྟས་ན། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ལས་དངུལ་སྲང་ཁྲི་བཞི་ཡིས་དགོན་པ་བཞེངས་སྐྲུན་བྱས་ཞེས་བཀོད་ཡོད་པ་ནི་ནོར་འཆུག་བྱུང་བ་ར་སྤྲོད་གསལ་པོ་བྱས་འདུག 
         གཞན་ཡང་། སྐུ་ཞབས་ཀྲང་ཆི་ཡི་《མེ་ཏོག་པད་མའི་ནང་གི་མགར་ཐར་དགོན་》ལས། “ཆིང་སྲིད་གཞུང་གིས་ས་གནས་འདི་བདམས་ནས་ཆེད་དུ་དངུལ་སྲང་ཁྲི་བཞི་བཅུ་བཏང་།”⑾ཞེས་པ་ནི་དངོས་ཡོད་དང་མཐུན་དཀའ་ཞིང་།《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》དང་བསྡུར་ན་དངུལ་སྲང་ཁྲི་བཞི་བཅུ་དང་ཁྲི་བཞི་ལ་ཆད་ལྷག་གནམ་སའི་བར་ཁྱད་འདུག་པས། གཅིག་གིས་བཞེད་ལུགས་ཉུང་དྲགས་ལ་གཅིག་ཤོས་ཀྱིས་དགོངས་པ་ལྟར་ན་མང་དྲགས་པས་དངོས་ཡོད་གནས་ཚུལ་དང་ཧ་ཅང་མཐུན་དཀའ།《རྒྱལ་དབང་སྐུ་ཕྲེང་བདུན་པའི་རྣམ་ཐར་》ལས་ཀྱང་“གོང་མ་ཆེན་པོའི་མཛོད་ནས་དངུལ་སྲང་ཁྲི་ཕྲག་བཅུ་བཞིའི་རྒྱུ་ཚོགས་ལས་བསྒྲུབས་པ་ཡིན་”⑿ཞེས་གསུངས་ཡོད། འོན་ཀྱང་། སྐུ་ཞབས་ཕུའུ་ཝུན་ཁྲེང་གིས་བསྒྱུར་བའི་《རྒྱལ་དབང་སྐུ་ཕྲེང་བདུན་པའི་རྣམ་ཐར་》དུ་“དགོན་པ་བཞེངས་སྐྲུན་བྱེད་པའི་མ་དངུལ་ཡོད་ཚད་རྒྱལ་པོའི་བང་མཛོད་ལས་བཏང་ཞིང་དངུལ་སྲང་ཁྲི་བཞི་བཅུའི་འགྲོ་གྲོན་ཤོར་”⒀ཞེས་བཀོད་ཡོད་མོད། གོང་དུ་བཤད་པ་ལྟར་ས་གནས་ལོ་རྒྱུས་དང་ཆོས་ལུགས་ལོ་རྒྱུས་ཡིག་ཆ་ལ་སོགས་པའི་རྒྱུ་ཆ་ལས་ཤེས་རྟོགས་ཐུབ་པ་ནི། ཆིང་སྲིད་གཞུང་གིས་མི་ཉག་མགར་ཐར་དགོན་པ་བཞེངས་སྐྲུན་བྱེད་པར་བཏང་བའི་མ་དངུལ་གྱི་འགྲོ་གྲོན་ལ་དངུལ་སྲང་ཁྲི་བཅུ་ལྷག་དང་། དངུལ་སྲང་ཁྲི་བཅུ་བཞི། དངུལ་སྲང་ཁྲི་བཞི། དངུལ་སྲང་ཁྲི་བཅུ་དྲུག དངུལ་སྲང་ཁྲི་བཞི་བཅུ་བཅས་ཆད་ལྷག་ཤོར་བ་དང་བཞེད་ཚུལ་འདྲ་མིན་སྣ་ཚོགས་བྱུང་ཡོད་པ་དེའོ། །
གསུམ་པ། མགར་ཐར་དགོན་པར་དོན་དངོས་སུ་མ་དངུལ་ག་ཚོད་བཏང་ཚུལ།
         གཅིག ཆིང་སྲིད་གཞུང་གི་གཞུང་ཡིག ཁོ་བོས་མགར་ཐར་དགོན་པའི་འགྲོ་གྲོན་བཏང་ཚུལ་གྱི་མ་དངུལ་སྐོར་གྱི་ཁུངས་སྣེ་གསལ་པོ་འཚོལ་ཕྱིར། སྐབས་དེའི་ཆིང་སྲིད་གཞུང་གི་ཡིག་ཚང་ཞིབ་ཀློག་བྱས་པ་བརྒྱུད་དེ་འབྲེལ་ཡོད་རྒྱུ་ཆ་རྙེད་སོན་བྱུང་བ་ལྟར་ན། སྤྱི་ལོ་1728པའི་ཟླ་10པའི་ནང་ཆིང་སྲིད་གཞུང་གིས་སྔ་མོ་ནས་རྒྱལ་དབང་སྐུ་ཕྲེང་བདུན་པར་དགོན་པ་ཞིག་གསར་བཞེངས་བྱེད་རྒྱུར་འཆར་བཀོད་ཡོད་འདུག 《ཡོན་རྒྱལ་རབས་ནས་བཟུང་བོད་ལྗོངས་ས་གནས་སྲིད་གཞུང་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་ཡོད་ཡིག་ཚགས་ལོ་རྒྱུས་ཕྱོགས་བསྡུས་》སུ་ “བླ་མ་བཞུགས་སའི་དགོན་པ་དེར། བློན་ངས་དོན་དག་རྩར་གཅོད་རྒྱུས་ལོན་དང་རི་མོར་བཀོད་དེ་ཡར་ཞུ་བྱེད་ཡོང་། དགོན་པ་འདིའི་བཟོ་བཀོད་ལ། ཕལ་ཆེར་དངུལ་སྲང་ཁྲི་ཕྲག་བཅུའི་ཡན་ཆད་དང་ཉི་ཤུའི་མན་ཆད་ཀྱི་འགྲོ་གྲོན་བཏང་ན། ད་གཟོད་གཞི་རྒྱ་ཆེ་ཞིང་ཡུན་རིང་པོར་བརྟན་པ་ཞིག་ཡོང་སྲིད།”⒁ཅེས་བྲིས་ཡོད་པར་གཞི་བཅོལ་ནས་མ་དངུལ་འགྲོ་གྲོན་ཐད་དུ་ཚོད་དཔག་བྱས་པ་ལྟར་ན། དགོན་པ་བཞེངས་པ་ལ་དངུལ་སྲང་ཁྲི་བཅུའི་ཡན་ཆད་དང་ཁྲི་ཉི་ཤུའི་མན་ཆད་ཡིན་པས་ཁྲི་བཞི་བཅུའི་གྲངས་ཚད་ལ་ཡིད་ཆེས་བྱེད་དཀའ་བར་འདུག སྐབས་དེར་མགར་ཐར་དགོན་པ་དངོས་སུ་བཞེངས་སྐྲུན་བྱེད་དུས་ཀྱི་འགྲོ་གྲོན་བཏང་ཚུལ་ཆིང་སྲིད་གཞུང་ལ་བྲིས་པའི་ཞུ་ཡིག་ཅིག་ལས་ཀྱང་གསལ་པོར་ཤེས་ཐུབ། ཡུའེ་ཀྲུང་ཆི་ཡིས་མགར་ཐར་དགོན་པ་བཞེངས་སྐྲུན་བྱ་བའི་དུས་ཚོད་དང་རྒྱུ་ཆ་བཅས་སྲིད་གཞུང་ལ་བྲིས་པའི་ཞུ་ཡིག་ཏུ་འཁོད་པ་ལྟར་ན། “བཟོ་ལས་ཀྱི་རྒྱུ་ཆ་ལ་ཕལ་ཆེར་དངུལ་སྲང་ཁྲི་བཅུ་ལྷག་དགོས་པ་དང་། སི་ཁྲོན་བོད་མཛོད་ནས་དངུལ་སྲང་ཁྲི་བཅོ་ལྔ་འདོན་པར་གྲ་སྒྲིག་བྱས་ཟིན། ད་ཆ་བཟོ་ལས་ཀྱི་རྒྱུ་ཆ་ལ་ཚོད་དཔག་བྱས་ན་དངུལ་སྲང་ཁྲི་བདུན་དགོས། ཞིང་ཆེན་ནས་ལས་བཟོ་བ་གླས་ནས་ཁོ་ཚོར་སྡོད་ཁང་དང་ཟ་མ། ཆས་གོས་དང་ལྷམ། ལམ་བར་གྱི་བཟའ་བཏུང་དང་འགྲོ་གྲོན་ལ་སོགས་པར་བསྡོམས་པས་དངུལ་སྲང་སྟོང་བཞི་དགོས། ཚོན་རྩི་དང་འབག་སྐུ་བཅས་མཆོད་ཆ་དང་ཅ་ལག་གི་རིགས་ནི་ཚོད་དཔག་བྱས་པའི་འཆར་བཀོད་ནང་དུ་བྲིས་མེད། དེ་བས་གཞན་པའི་དངོས་པོ་མི་དགོས་ཕྱིར་ཕལ་ཆེར་དངུལ་སྲང་ཁྲི་བརྒྱད་ཀྱིས་ཆོག་པར་འདོད། སི་ཁྲོན་བོད་མཛོད་ནས་ད་སྔ་དངུལ་སྲང་ཁྲི་གཉིས་མགར་ཐར་དུ་བསྐྱལ་བ་དང་གླ་པ་ལ་དངུལ་སྲང་སྟོང་བཞི་བཏང་ཟིན། ད་ལྟ་ཕྲན་བློན་གྱིས་སི་ཁྲོན་པུའུ་ཀྲེང་སིའི་ཡིག་ཆ་ལྟར། ཡང་བསྐྱར་དངུལ་སྲང་ཁྲི་ལྔ་ལྷག་བཏོན་པས་དངུལ་སྲང་ཁྲི་བརྒྱད་ཀྱིས་འདངས་སོང་། ལས་གཞི་ཡོངས་རྫོགས་ལེགས་འགྲུབ་བྱུང་རྗེས་འགྲོ་སོང་རྩིས་ཞུ་བྱ།”⒂ཞེས་ལུང་ཁུངས་འདི་གཉིས་ལས་མངོན་པ་ནི་དངུལ་སྲང་ཁྲི་བཅུའི་ཡན་ཆད་དང་ཁྲི་ཉི་ཤུའི་མན་གྱི་འགྲོ་གྲོན་ཚོད་དཔག་བྱས་ཡོད་པ་དང་། ཕྱིས་སུ་དགོན་པ་བཞེངས་པའི་རྒྱུ་ཆ་ལ་ཁྲི་བདུན་དང་བཟོ་པ་གླ་པ་དག་ལ་དངུལ་སྲང་སྟོང་བཞི་བཅས་སྔ་གཞུག་ཏུ་དངུལ་སྲང་ཁྲི་གཉིས་དང་། ཁྲི་ལྔ་ཁར་བསྣན་རྗེས་དངུལ་སྲང་ཁྲི་བདུན་ཡིན་ཞིང་། བསྡོམས་རྩིས་བྱས་ན་དངུལ་སྲང་ཁྲི་བཅུ་བཞི་དང་སྟོང་བཞི་ཕྱིན་འདུག དེ་བས་སྒྲུབ་བྱེད་ཀྱི་ལུང་ཁུངས་འདི་གཉིས་ཀྱིས་ཀྱང་བཞེད་ཚུལ་དངུལ་སྲང་ཁྲི་བཞི་དང་ཡང་ན་ཁྲི་བཞི་བཅུར་འདོད་མཁན་གྱི་མཁས་པ་རྣམས་ལ་གསལ་འབྱེད་ནན་མོ་ཞིག་བྱས་ཡོད་པ་མ་ཡིན་ནམ།
         གཉིས། 《རྒྱལ་དབང་སྐུ་ཕྲེང་བདུན་པའི་རྣམ་ཐར》མགར་ཐར་དགོན་པའི་བཟོ་སྐྲུན་གྱི་རྒྱ་ཁྱོན་དང་ཁང་བརྩེགས། ཕྱི་ར། དབྱིབས་གཟུགས། རྒྱ་ཕིབས། སྒོ་ཆེན་བཅས་ལ་མ་དངུལ་བཏང་བའི་ཐད་དུ་རྒྱ་བོད་ཀྱི་ཡིག་ཚང་དང་ལོ་རྒྱུས་དེབ་ཐེར་དག་ནའང་བཤད་སྟངས་འདྲ་མིན་མང་པོ་མཆིས།《རྒྱལ་དབང་སྐུ་ཕྲེང་བདུན་པའི་རྣམ་ཐར་》ལས། “མཚོ་བསུབས་པའི་སར་གཙུག་ལག་ཁང་དང་བླ་བྲང་བསྡོམས་པའི་རྒྱ་ཁྱོན་ལ་གཞུ་འདོམས་སུམ་བརྒྱ་ལྷག་བཅས་ཡོད།གཙུག་ལག་ཁང་སུམ་ཐོག་བཟོ་བཀོད་ངོ་མཚར་ཅན། ཕྱིའི་ལྕགས་རི་དཔངས་གཞུ་འདོམ་དོ། རྒྱར་གྲུ་བཞི་པ་ཕྱོགས་རེར་གཞུ་འདོམ་བཞི་བརྒྱ་ཙམ་རེ་དང་། རྒྱལ་སྒོ་རིམ་པ་གསུམ་དུ་ཡོད་པའི་སྟེང་གྱོ་རྩིའི་རྒྱ་ཕིབས་རྒྱན་གྱི་རྣམ་པ་སྣ་ཚོགས་པས་བཀྲ་བ་བཅས་གོང་མ་ཆེན་པོའི་མཛོད་ནས་དངུལ་སྲང་ཁྲི་ཕྲག་བཅུ་བཞིའི་རྒྱུ་ཚོགས་ལས་བསྒྲུབས་པ་ཡིན་འདུག”⒃ཅེས་སུ་འཁོད་མོད། སྐུ་ཞབས་ཕུའུ་ཝུན་ཁྲེང་གིས་བསྒྱུར་བའི་《རྒྱལ་དབང་སྐུ་ཕྲེང་བདུན་པའི་རྣམ་ཐར་》དུ།“དགོན་པར་བཞེངས་སྐྲུན་བྱ་བའི་མ་དངུལ་ཡོད་ཚད་རྒྱལ་པོའི་བང་མཛོད་ལས་བཏང་ཞིང་དངུལ་སྲང་ཁྲི་བཞི་བཅུའི་འགྲོ་གྲོན་ཤོར་”⒄ཞེས་བྲིས་ཡོད་པས། མ་ཡིག་དང་འགྱུར་ཡིག་ལས་གསལ་བའི་འགྲོ་གྲོན་བཏང་ཚུལ་གྱི་གྲངས་ཀ་ལ་ཁྱད་པར་ཆེན་པོ་ཡོད། དེ་བས་ཡང་བསྐྱར་ལྟ་ཀློག་དང་ཞིབ་བཤེར་བརྒྱུད་དེ་ཤེས་རྟོགས་བྱུང་བ་ནི། བོད་ཡིག་གི་དངུལ་སྲང་ཁྲི་ཕྲག་བཅུ་བཞི་ལ་རྒྱ་ཡིག་ཏུ་ཁྲི་བཞི་བཅུ་ཞེས་བསྒྱུར་ནོར་བྱུང་བས་ཕན་ཚུན་བར་ལ་དངུལ་སྲང་ཁྲི་26གི་ཁྱད་པར་ཤོར། མགར་ཐར་དགོན་པ་བཞེངས་སྐྲུན་བྱེད་པར་མ་དངུལ་བཏང་བའི་གྲངས་འབོར་གྱི་ནོར་འཁྲུལ་ཤོར་རྐྱེན་ནི་བསྒྱུར་སྐྱོན་འདི་ལས་བྱུང་བ་གདོན་མི་ཟ། ད་དུང་སྐུ་ཞབས་ཕུའུ་ཝུན་ཁྲེང་གི་དཔྱད་རྩོམ་《ཆིང་སྲིད་གཞུང་དང་རྒྱལ་དབང་སྐུ་ཕྲེང་བདུན་པའི་བར་གྱི་འབྲེལ་བ་བརྒྱུད་དེ་ཆིང་སྲིད་གཞུང་གིས་བོད་ལྗོངས་ལ་ལག་བསྟར་བྱས་པའི་སྲིད་ཇུས་ལ་བལྟ་བ་》ལས། “རྒྱལ་དབང་སྐུ་ཕྲེང་བདུན་པ་ཁམས་ཕྱོགས་སུ་བཞུགས་སྐབས་ཆིང་སྲིད་གཞུང་གིས་མགར་ཐར་མཁར་དུ་དངུལ་སྲང་ཁྲི་བཞི་བཅུ་བཏང་ནས་ཁོང་ལ་མགར་ཐར་དགོན་གསར་བཞེངས་བྱས་པ་”⒅ཞེས་བཀོད་ཡོད། འོན་ཀྱང་བསྒྱུར་ནོར་བྱུང་བས། ཕྱིས་ཀྱི་མཁས་པ་དག་ཀྱང་མ་དག་རྒྱུན་འབྱམས་སུ་གྱུར་ཏེ་རིམ་བཞིན་དགོན་པ་འདི་ཉིད་བཞེངས་སྐྲུན་བྱེད་པའི་དངུལ་སྲང་གི་འགྲོ་གྲོན་ལ་བཞེད་ཚུལ་སྣ་མང་བྱུང་བར་སྙམ།
         གསུམ། མགར་ཐར་དགོན་པའི་རྡོ་རིང་། ཆིང་རྒྱལ་རབས་ཀྱི་ཡུང་ཀྲེང་སྲིད་ལོ་དགུ་པའི་ཟླ་4པའི་ཚེས་5 ཉིན། མགར་ཐར་དུ་རྗེས་དྲན་གྱི་ཚུལ་དུ་བཞེངས་པའི་རྡོ་རིང་གི་ཡི་གེའི་ནང་དུ་འགྲོ་གྲོན་ཤོར་ཚུལ་གྱི་གྲངས་ཚད་འདི་ལྟར་བཀོད་ཡོད་དེ། “སི་ཁྲོན་ཞིང་ཆེན་གྱི་དར་རྩེ་མདོ་རུ་མིང་ལ་མགར་ཐར་ཞེས་པའི་ས་ཆར། སྔོན་མར་ཏཱ་ལའི་བླ་མ་གནས་འདིར་བཞུགས་མྱོང་ཡོད། དགོན་པ་གསར་བཞེངས་བྱས། དངུལ་སྲང་ཁྲི་བཅུ་ལྷག་བཏང་།”⒆ཞེས་སོ། །2019ལོའི་ཟླ་8པའི་ཚེས་2ཉིན། ཁོ་བོ་ཆེད་དུ་མགར་ཐར་དགོན་པར་རྟོག་ཞིབ་ཏུ་ཕྱིན་པ་ཡིན། མགར་ཐར་དགོན་པར་ཕྱི་ར་དང་ནང་ར་བཅས་སྒོ་རིམ་པ་གསུམ་ཡོད། རྡོ་རིང་ནི་ནང་རའི་སྒོ་ཆེན་གྱི་གཡས་གཡོན་གཉིས་སུ་བཙུགས་ཡོད། རྡོ་རིང་ཆེ་ཆུང་བསྡོམས་པས་ལྔ་མཆིས། ནང་རའི་སྒོ་ཆེན་གྱི་གཡོན་ཕྱོགས་སུ་རྡོ་རིང་ཆེན་པོ་གཅིག་དང་ཆུང་བ་གཉིས་འདུག གཡོན་ཕྱོགས་ནས་བརྩིས་པའི་རྡོ་རིང་དང་པོ་དེ་མ་གཏོགས་རྡོ་རིང་གཞན་གཉིས་ལ་ཆག་སྐྱོན་དང་གཏོར་བརླག་ཅུང་ཚབས་ཆེན་ཐེབས་འདུག རྡོ་རིང་དང་པོ་དེ་ནི་ཏོག་དང་རྡོ་ངོས། ཞབས་གདན་བཅས་གསུམ་ལས་གྲུབ། རྡོ་རིང་གི་མཐོ་ཚད་ལ་སྨི་3.62ཡོད་པ་དང་། ཏོག་ནི་ཟླ་གམ་གྱི་ཚུལ་དང་མཐོ་ཚད་ལ་སྨི་0.89དང་། ཞེང་ཚད་ལ་སྨི་1.11 མཐུག་ཚད་ལ་སྨི་0.25ཡོད། ཏོག་དང་ཞབས་གདན་ཕུད་པའི་དཀྱིལ་གྱི་ཡི་གེ་ཡོད་པའི་རྡོ་ངོས་ཀྱི་མཐོ་ཚད་ལ་སྨི་1.9དང་ཞེང་ཚད་ལ་སྨི་0.94 མཐུག་ཚད་ལ་སྨི་0.17ཡོད། རྒྱབ་ངོས་སུ་སྨི་0.52 ཅན་མཐའ་རིས་བྲིས་ཡོད་ཀྱང་ཡི་གེ་གཅིག་ཀྱང་བྲིས་མི་འདུག གྲུ་བཞི་ནར་མོའི་མཐའ་རིས་ཅན་གྱི་དབྱིབས་གཟུགས་ཀྱི་ནང་དུ་སོག་ཡིག་དང་རྒྱ་ཡིག་ཕྱེད་ཀར་བྱས་ནས་བྲིས་ཤིང་། གཡས་ཕྱོགས་སུ་རྒྱ་ཡིག་གི་ཡིག་ཕྲེང་14བརྐོས་པ་དང་གཡོན་ཕྱོགས་སུ་མཉྫུའི་ཡི་གེའི་ཡིག་ཕྲེང་16བརྐོས་ཡོད། གཡས་ངོས་ཀྱི་མཐའ་ཡི་མཚམས་བཞི་རུ་གས་ཆག་ཤོར་འདུག ཞབས་གདན་ནི་གྲུ་བཞི་ནར་མོ་ཞིག་ཡིན་ཞིང་རིང་ཚད་ལ་སྨི་1.32དང་ཞེང་ཚད་ལ་སྨི་0.75 མཐོ་ཚད་ལ་སྨི་0.84འདུག མདུན་ངོས་སུ་དབྱིབས་གཟུགས་གྲུ་བཞི་ནར་མོའི་མཐའ་རིས་སྨི་0.08ཅན་གྱི་ནང་རོལ་དུ་འབྲུག་གཉིས་ཁ་སྤྲོད་དང་བར་དུ་མེ་རི་ཡོད་ཅིང་འོག་ཏུ་ཆུ་རིས་ཡོད་པ་ཞིག་འདུག ཞབས་གདན་གྱི་གཡས་གཡོན་གཉིས་སུ་དབྱིབས་གཟུགས་གྲུ་བཞི་ནར་མོའི་མཐའ་རིས་ཅན་གྱི་ནང་དུ་སེང་གེའི་རྩེད་འཇོ་ལ་རོལ་བའི་རི་མོ་རེ་ཡོད། རྒྱབ་ངོས་སྒོ་ཆེན་གྱི་གྱང་དང་མཉམ་ཡོད་པས་མདུན་ངོས་ཀྱི་མཐའ་རིས་སྨི་0.08ཅན་དང་འདྲ་བ་ཞིག་མཐོང་ཐུབ་པ་ལས་གཞན་ལྟ་ཐབས་མི་འདུག ནང་དོན་གཙོ་བོ་ནི། ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲེང་གི་དུས་སུ་མགར་ཐར་དགོན་པར་ཆེད་དུ་བཙུགས་པའི་རྡོ་རིང་ཆེན་པོ་ཞིག་ཡིན་ཏེ། དེའི་ཐོག་མཉྫུ་ཡི་གེ་དང་རྒྱ་ཡིག་ཕྱེད་ཀར་བྱས་ནས་བྲིས་ཡོད། ཐིག་ཕྲེང་ལྔ་པར་མགར་ཐར་དགོན་པ་བཞེངས་སྐྲུན་བྱེད་དུས་དངུལ་སྲང་ཁྲི་བཅུ་ལྷག་བཏང་ཞེས་རྒྱ་ཡིག་གི་ཡིག་འབྲུ་གསལ་པོ་ཞིག་འཁོད་འདུག་པས། ཁོ་བོའི་དཔྱད་རྩོམ་ལ་ལུང་ཁུངས་བཙན་ཞིང་རྒྱུ་ཆ་གལ་ཆེན་ཞིག་འདོན་སྤྲོད་བྱས།
         དཀྱིལ་གྱི་རྡོ་རིང་ནི་སྤྱིའི་རིང་ཚད་ལ་སྨི་1.32དང་ཞེང་ཚད་ལ་སྨི་0.60ཡོད། ཏོག་ནི་ཟླ་གམ་གྱི་དབྱིབས་གཟུགས་དང་མཐོ་ཚད་ལ་སྨི་0.25འདུག འབྲུག་གཉིས་ཁ་སྤྲོད་དང་དཀྱིལ་དབུས་ཀྱི་གོང་དུ་མེ་རི་དང་འོག་ཏུ་ཆུ་རིས་བྲིས་ཡོད། དེའི་འོག་ཏུ་གྲུ་བཞི་ནར་མོའི་དབྱིབས་མཐའ་རིས་ཅན་གྱི་གཡས་ངོས་ཀྱི་གོང་རོལ་ཏུ་“རྒྱལ་པོའི་བཀའ་ལྟར་བཞེངས་པའི་དགོན་པ་”ཞེས་རྒྱ་ཡིག་གི་ཡིག་འབྲུ་དྲུག་ལས་གཞན་རྣམས་བཀླག་ཐབས་མི་འདུག ཚོད་དཔག་བགྱིས་ན། ཡིག་ཕྲེང་6ཡོད་པར་སྙམ། ཞབས་གདན་ནི་གྲུ་བཞི་ནར་མོའི་དབྱིབས་དང་མཐོ་ཚད་ལ་སྨི་0.30 དང་། རིང་ཚད་ལ་སྨི་0.72 ཞེང་ཚད་ལ་0.39ཡོད། མདུན་ངོས་སུ་གྲུ་བཞི་ནར་མོའི་དབྱིབས་གཟུགས་ཀྱི་ནང་དུ་རི་མོ་འབུར་རིས་ཅན་ཞིག་དང་གཡས་གཡོན་ངོས་གཉིས་སུའང་རི་མོ་ཡོད་པ་མེ་ཏོག་དང་རྩི་ཤིང་ཡིན་པར་འདོད།
         རྡོ་རིང་གསུམ་པ་ནི། རྒྱལ་སྲས་བཅུ་བདུན་པ་མགར་ཐར་དུ་སླེབས་དུས་བྲིས་པའི་སྙན་ངག་ཚིག་བདུན་མའི་རྡོ་རིང་ཡིན། མགོ་ནས་ཐུར་ལ་སྨི་0.42ཀྱི་མཚམས་སུ་གས་ཆག་ཤོར་ནས་མཐུད་ཡོད་ཅིང་ཡིག་འབྲུ་རེ་འགའ་མ་གཏོགས་ཀློག་མི་ཐུབ་ལ། ཡིག་ཕྲེང་དྲུག་ལས་མི་འདུག ཞབས་གདན་ནི་གྲུ་བཞི་ནར་མོའི་དབྱིབས་ཅན་དང་རིང་ཚད་ལ་སྨི་0.71 དང་ཞེང་ཚད་ལ་སྨི་0.35 མཐོ་ཚད་ལ་སྨི་0.32ཡོད། མདུན་ངོས་སུ་གྲུ་བཞི་ནར་མོའི་དབྱིབས་ཀྱི་ནང་དུ་སེང་གེ་འབུར་རིས་ཅན་གཉིས་ཁ་སྤྲོད་དུ་ཡོད་ཅིང་། གཡས་གཡོན་ངོས་གཉིས་སུ་མེ་ཏོག་འབུར་མའི་གཟུགས་རིས་བརྐོས་འདུག
ནང་རའི་སྒོ་ཆེན་གྱི་གཡས་ཕྱོགས་སུ་རྡོ་རིང་གཉིས་བཙུགས་ཡོད། གཡས་ཕྱོགས་ཀྱི་རྡོ་རིང་དང་པོ་ནི་ཆེ་བ་དེ་ཡིན་ཞིང་། རྡོ་ངོས་སུ་ཡོད་ཚད་མཉྫུ་ཡི་གེ་ཡིན་པས་གོ་བ་ལེན་ཐབས་བྲལ། རྡོ་རིང་གི་མཐོ་ཚད་ལ་སྨི་3.77ཡོད་པ་དང་། ཏོག་ནི་ཟླ་གམ་གྱི་ཚུལ་དང་མཐོ་ཚད་ལ་སྨི་0.85དང་། ཞེང་ཚད་ལ་སྨི་1.11 མཐུག་ཚད་ལ་སྨི་0.25ཡོད། ཏོག་དང་ཞབས་གདན་ཕུད་པའི་དཀྱིལ་གྱི་ཡི་གེ་ཡོད་པའི་རྡོ་ངོས་ཀྱི་མཐོ་ཚད་ལ་སྨི་2.1 དང་ཞེང་ཚད་ལ་སྨི་0.90ཡོད། རྡོ་ངོས་ཀྱི་མཐའ་རུ་སྨི་0.04 ཅན་གྱི་ཐིག་རིས་ཡོད་ཅིང་སྟེང་དུ་འབྲུག་རིས་དང་སྤྲིན་པ་བརྐོས་ཡོད་པ་དང་། མཐུག་ཚད་ལ་སྨི་0.19ཡོད། རྒྱབ་ངོས་སུ་སྨི་0.52ཅན་མཐའ་རིས་བྲིས་ཡོད་ཀྱང་ཡི་གེ་གཅིག་ཀྱང་བྲིས་མི་འདུག གྲུ་བཞི་ནར་མོའི་མཐའ་རིས་ཅན་གྱི་དབྱིབས་གཟུགས་ཀྱི་ནང་དུ་མཉྫུ་ཡི་གེ་རྐྱང་རྐྱང་ལས་བོད་ཡིག་དང་རྒྱ་ཡིག་ཅི་ཡང་བྲིས་མི་འདུག མཉྫུ་ཡི་གེ་མགོ་ནས་ཐུར་ལ་ཐིག་ཕྲེང་20བརྐོས་ཡོད། ཞབས་གདན་ནི་གྲུ་བཞི་ནར་མོ་ཞིག་ཡིན་ཞིང་རིང་ཚད་ལ་སྨི་1.30དང་ཞེང་ཚད་ལ་སྨི་0.74 མཐོ་ཚད་ལ་སྨི་0.80འདུག མདུན་ངོས་སུ་དབྱིབས་གཟུགས་གྲུ་བཞི་ནར་མོའི་མཐའ་རིས་སྨི་0.08ཅན་གྱི་ནང་རོལ་དུ་འབྲུག་གཉིས་ཁ་སྤྲོད་དང་བར་དུ་མེ་རི་ཡོད་ཅིང་འོག་ཏུ་ཆུ་རིས་ཡོད། ཞབས་གདན་གྱི་གཡས་གཡོན་གཉིས་སུ་དབྱིབས་གཟུགས་གྲུ་བཞི་ནར་མོའི་མཐའ་རིས་ཅན་གྱི་ནང་དུ་རི་མོ་ཞིག་ཡོད་ཀྱང་མི་གསལ། རྒྱབ་ངོས་སྒོ་ཆེན་གྱི་གྱང་དང་མཉམ་པས་མདུན་ངོས་ཀྱི་མཐའ་རིས་སྨི་0.08ཅན་དང་འདྲ་བ་ཞིག་མཐོང་ཐུབ་པ་ལས་གཞན་ལྟ་ཐབས་མི་འདུག
         སྒོ་འགྲམ་གཡས་ཕྱོགས་ཀྱི་རྡོ་རིང་གཉིས་པ་ནི་ཆུང་ཤོས་གྲས་སུ་གཏོགས། སྤྱིའི་རིང་ཚད་ལ་སྨི་1.78དང་། དེ་ལས་ཏོག་ནི་ཟླ་གམ་གྱི་དབྱིབས་སུ་མཆིས་ཤིང་། ཞེང་ཚད་ལ་སྨི་0.70དང་། མཐོ་ཚད་ལ་སྨི་0.32ཡོད། ཟླ་གམ་གྱི་ངོས་སུ་འབྲུག་གཉིས་ཁ་སྤྲོད་དང་བར་དུ་མེ་རི། རི་བོ། ཆུ་རིས་བཅས་རི་མོ་བརྐོས་འདུག ཏོག་དེའི་ཞོལ་དུ་གྲུ་བཞི་ནར་མོའི་གཟུགས་དབྱིབས་ཀྱི་ནང་དུ་ཡི་གེ་བརྐོས་ཡོད་ཅིང་། རིང་ཚད་ལ་སྨི་1.2དང་ཞེང་ཚད་ལ་སྨི་0.60 མཐུག་ཚད་ལ་སྨི་0.14ཡོད། རྡོ་ངོས་སུ་ཡིག་ཕྲེང་23ཡོད་པ་དག་རྒྱ་ཡིག་རྐྱང་རྐྱང་གིས་གྲུབ་འདུག ཡིག་ཕྲེང་དང་པོར་ཐའེ་ཉིང་མགར་ཐར་དགོན་པའི་རྡོ་རིང་ཡི་གེ་ཞེས་ཁ་བྱང་གི་ཚུལ་དུ་བརྐོས་ཡོད། ཞབས་གདན་ནི་གྲུ་བཞི་ནར་མོའི་གཟུགས་དབྱིབས་ཡིན་ཞིང་རིང་ཚད་ལ་སྨི་0.80དང་། ཞེང་ཚད་ལ་སྨི་0.48 མཐོ་ཚད་ལ་སྨི་0.38ཡོད། འགྲམ་གཉིས་སུ་མཐའ་རིས་སྨི་0.05ཅན་ཞིག་དང་། མདུན་ངོས་སུ་གྲུ་བཞི་ནར་མོའི་གཟུགས་དབྱིབས་ཀྱི་ནང་དུ་ཆོས་ལུགས་ཀྱི་རི་མོ་ཞིག་འདུག དཀྱིལ་དུ་གོར་མོའི་གཟུགས་རིས་དང་གཡས་གཡོན་གཉིས་སུ་འབུ་ཕྱེ་མ་ལེབ་རེ་ཡོད། རྒྱབ་ངོས་སུ་ཐིག་རིས་དང་ཡི་གེ་སོགས་ཅི་ཡང་མི་འདུག ནང་དོན་ནི་ཐེན་ཀྲུ་སྲིད་ལོ་བཞི་པའི་(1865)ཟླ་དགུ་པར་མགར་ཐར་དགོན་པའི་ནང་དུ་བཙུགས་པའི་རྡོ་རིང་ཞིག་ཡིན། ཁ་བྱང་དུ་“ཤིང་གླང་ལོའི་དཔྱིད་ཀར་ལི་ཐང་གི་དོན་རྐྱེན་བདེ་ལེགས་མཇུག་རྫོགས་”པར་བཙུགས་པ་ཞིག་ཡིན་མོད། ཡིག་ཕྲེང་བཞི་པར་“དགོན་པ་བཞེངས་དུས་དངུལ་སྲང་ཁྲི་བཅུ་ལྷག་བཏང་། དཔོན་པོ་དང་ལས་བཟོ་བས་འདུ་ཁང་དང་ཁང་མིག་སྟོང་ལྷག་བཞེངས་”ཞེས་གསལ་པོར་འཁོད་ཡོད།
         དེས་ན། རྡོ་རིང་འདི་གཉིས་ཀྱིས་ང་ཚོར་གསལ་འབྱེད་བྱེད་ཐུབ་པ་ནི། མགར་ཐར་དགོན་པའི་བཞེངས་སྐྲུན་ལ་དངུལ་སྲང་ཁྲི་བཅུ་ལྷག་བཏང་བ་ལས་འགྲོ་གྲོན་གྱི་དངུལ་སྲང་ཁྲི་བཞི་བཅུའམ་ཡང་ན་དངུལ་སྲང་ཁྲི་བཞི་སོགས་བཏང་བའི་བཞེད་ཚུལ་དེ་ནི་ནོར་ཡོད་པ་ཁ་ཚོན་བཅད་ཆོག གཞན་ད་དུང་《སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་གི་ས་མིང་ཐོ་བྱང་》⒇ལས་ཀྱང་དགོན་པ་དང་ཐོག་བཞེངས་དུས། ཚོགས་ཆེན་འདུ་ཁང་གཅིག་པུར་ཡང་སྨི་གྲུ་བཞི་མ་4500ལྷག་དང་། གསེར་ཆུ་བྱུགས་པའི་ལྷ་སྐུ་132ཡོད་པ་དང་། ཆེས་ཆེ་བའི་མཐོ་ཚད་ལ་སྨི་5ཡན་ཆད་ཡོད། བཟོ་བཀོད་ཐུན་མོང་མ་ཡིན་པ་དང་ལྷག་པར་དུ་འབུར་བརྐོས་རི་མོ་ནི་གསར་རྐྱང་ངོ་མཚར་བ། གནའ་སྔ་མོའི་བོད་རྒྱའི་སྲོལ་ལུགས་ཀྱི་ཉམས་མཆིས་ཤིང་། དགོན་པ་བཞེངས་དུས་ཀྱི་རྣམ་པ་རི་མོར་བཀོད་ཅིང་གཟུགས་སྣང་གསོན་ཉམས་ལྡན་པ་ཞིག་ཡིན། མགར་ཐར་དགོན་པ་བཞེངས་དུས་ཀྱི་གཞི་རྒྱ་ཧ་ཅང་ཆེ་བས། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》རུ་བཀོད་པ་ལྟར་ན། དངུལ་སྲང་ཁྲི་བཞི་ཡིས་འདི་འདྲའི་གཞི་རྒྱ་ཆེ་བའི་དགོན་པ་དང་ཕོ་བྲང་ཞིག་བཞེངས་ཐུབ་པ་གཏན་ནས་མེད་པས་ནོར་སྐྱོན་ཡིན་པར་གསལ། དངུལ་སྲང་ཁྲི་བཞི་བཅུ་ལྷག་བཏང་བའི་དབང་དུ་བཏང་ན་ཡིག་ཆ་རུ་འཁོད་པའི་མགར་ཐར་དགོན་པའི་གཞི་རྒྱ་འདི་ལས་ཀྱང་བརྗིད་ཉམས་ཆེ་ཞིང་ཁང་བརྩེགས་ཀྱང་མང་བ་ཞིག་ཡིན་དགོས་འདུག གང་ལྟར་དངུལ་སྲང་ཁྲི་བཞི་བཅུ་དང་ཡང་ན་དངུལ་སྲང་ཁྲི་བཞི་བཏང་ཚུལ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ལོ་རྒྱུས་རྒྱུ་ཆ་དང་། ལྷག་པར་དུ་མགར་ཐར་དགོན་པའི་རྡོ་རིང་ཡི་གེ་ལས་མངོན་དུ་གསལ་ལོ། །
         མཇུག་བསྡུ་བ།
         མགར་ཐར་དགོན་པའི་བཞེངས་སྐྲུན་ལ་བཏང་བའི་འགྲོ་གྲོན་མ་དངུལ་གྱི་གྲངས་ཚད་ཕྱོགས་ནས་བཞེད་ལུགས་མི་མཐུན་པ་སྣ་ཚོགས་མཆིས་ཏེ། ཡིག་ཆ་དག་ཏུ་གསུངས་པ་ལྟར་ན་དངུལ་སྲང་ཁྲི་ཕྲག་བཞི་དང་། ཁྲི་བཅུ་བཞི། ཁྲི་བཅུ་དྲུག ཁྲི་བཞི་བཅུར་འདོད་པ་སོགས་བཤད་ལུགས་དུ་མ་ཡོད་པས། གནད་འདི་ལ་དམིགས་ཏེ་དཔྱད་རྩོམ་འདིར་གཙོ་བོ་ཡུལ་དངོས་རྟོག་དཔྱོད་སོགས་ཀྱི་ཞིབ་འཇུག་ཐབས་ལམ་བརྒྱུད་དེ་ཡིག་ཆ་དང་ཡུལ་དངོས་རྟོག་དཔྱོད་གཉིས་ཟུང་འབྲེལ་སྒོས་རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔྱད་གཞིའི་ཡིག་ཆ་དག་གཤིབས་ཤིང་བསྡུར་ཏེ། གཙོ་བོ་དོན་ཚན་བཞིའི་སྒོ་ནས་མགར་ཐར་དགོན་པའི་བཞེངས་སྐྲུན་མ་དངུལ་གྱི་གྲངས་ཀའི་ཐད་ལ་ལུང་དང་རིགས་པས་ཁུངས་སྐྱེལ་བྱས་ཡོད། དེ་ཡང་གཅིག་ནས་མགར་ཐར་དགོན་པའི་མ་དངུལ་བཏང་ཚུལ་གྱི་བཞེད་པ་མི་མཐུན་པའི་ཡིག་ཆ་དག་གི་འབྱུང་ཁུངས་བཙལ་ནས་དབྱེ་ཞིབ་བྱས་ཡོད་པ་དང་། གཉིས་ནས་《རྒྱལ་དབང་སྐུ་ཕྲེང་བདུན་པའི་རྣམ་ཐར་》ནི་མགར་ཐར་དགོན་པའི་བཞེངས་སྐྲུན་ལ་མ་དངུལ་བཏང་བའི་གནས་ཚུལ་བཀོད་པ་ཆེས་ཁུངས་བཙན་པའི་ཡིག་ཆ་ཡིན་པས། དེ་དཔྱད་རྩོམ་གྱི་གཞི་འཛིན་ས་གཙོ་བོར་བྱས་ཏེ་ཞིབ་བསྡུར་དང་དབྱེ་ཞིབ་བྱས་ཡོད་པ་དང་། གསུམ་ནས་ཆིང་སྲིད་གཞུང་གི་ཞུ་ཡིག་ལས་མགར་ཐར་དགོན་པར་མ་དངུལ་ཇི་འདྲ་བཏང་ཚུལ་དང་སྔ་གཞུག་ཏུ་ཞུ་ཡིག་ཇི་ལྟར་བྲིས་ཚུལ་ལ་དཔྱད་ཞིབ་དང་ཞིབ་བསྡུར་བྱས་ཡོད་ལ། བཞི་ནས་མགར་ཐར་དགོན་པའི་རྡོ་རིང་གཉིས་ཀྱི་ཐོག་ཏུ་བྲིས་པའི་ཡི་གེའི་ནང་དུ་འགྲོ་སོང་མ་དངུལ་གྱི་ཁ་གྲངས་གསལ་པོར་བཀོད་པ་དེ་གཞིར་བཟུང་ནས་དངོས་དོན་ལ་ཁ་གསལ་ཁུངས་སྐྱེལ་ནན་མོ་བྱས་ཡོད། མདོར་དྲིལ་ན། མགར་ཐར་དགོན་པའི་བཞེངས་སྐྲུན་ལ་མ་དངུལ་གྱི་ཕྱོགས་ནས་བཞེད་པ་མི་མཐུན་པ་བྱུང་བའི་འབྱུང་རྩ་ནི་རྒྱ་བོད་ཡིག་སྒྱུར་གྱི་འགྱུར་ཡིག་ཁ་ཤས་ལ་ནོར་འཆུག་བྱུང་སྟེ་མ་དངུལ་གྱི་གྲངས་ཀ་གོ་ལྡོག་པའི་གནད་དོན་དེས་བསྐྱེད་པ་ཡིན་འདུག ཕྱིས་སུ་ནོར་བ་རྒྱུན་འབྱམས་སུ་སོང་བར་བརྟེན། གསར་དུ་བྲིས་པའི་ལོ་རྒྱུས་ཀྱི་དཔེ་དེབ་སོགས་ཀྱི་ནང་དུའང་ནོར་འཁྲུལ་བྱུང་བ་རེད། ཁོ་བོས་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་མགར་ཐར་དགོན་པའི་བཞེངས་སྐྲུན་ལ་བཏང་བའི་མ་དངུལ་གྱི་གྲངས་ཀའི་སྐོར་ལ་གང་ནུས་ཀྱིས་གསལ་ཁ་བཏོད་པས། མ་འོངས་པར་མགར་ཐར་དགོན་པའི་ལོ་རྒྱུས་དཔྱད་ཞིབ་དང་ཡུལ་ལུང་འདི་གའི་ལོ་རྒྱུས་འབྲི་མཁན་སོགས་ལ་ཁུངས་ལྡན་གྱི་དཔྱད་ཡིག་ཅིག་ཏུ་འགྱུར་བར་སྨོན་ནོ། །
         མཆན་འགྲེལ།
         ① 四川省道孚县委员会编:《道孚文史资料选辑》[G]第三辑,康定县印刷厂,1991年,第2页。
         ② 道孚县志编纂委员会编:《道孚县志》[G],成都:四川人民出版社,1998年,第481页。
         ③ 格勒:《甘孜藏族自治州史话》[M],成都:四川民族出版社,1984年,第210页。
         ④ 道孚县志编纂委员会:《道孚县志》[G],成都:四川人民出版社,1998年,第503页。
         ⑤ 克珠群佩:《西藏佛教史》[M],宗教文化出版社, 2009年,第480页。
         ⑥ 吕晓东:《西康史拾遗》[M],成都:巴蜀书社,2005年,第41页。
         ⑦ 道孚县地名领导小组编印:《四川省甘孜藏族自治州道孚县地名录》[M],成都:西南民族学院印刷厂印刷,1987年,第127页。
         ⑧ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གྱིས་སྒྲིག་རྩོམ་བྱས། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》 སྨད་ཆ། [M ] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1989ལོ། ཤོག་ངོས་78
         ⑨ 恰白•次旦平措、诺昌•吴坚:《西藏通史——松石宝串》[M],拉萨:西藏藏文古籍出版社,1991年,第748页。
         ⑩ 格勒:《甘孜藏族自治州史话》[M],成都:四川民族出版社,1984年,第212页。
         ⑾ 张琦:《莲花山里的惠远寺》[J],《中国民族报》,2004年,第12版。
         ⑿ ལྕང་སྐྱ་རོལ་པའི་རྡོ་རྗེ། 《རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།——སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་239
         ⒀ 章嘉•若贝多杰著,蒲文成译:《七世达赖喇嘛传》[M],北京:中国藏学出版社,2006年,第103页。
         ⒁⒂ 多杰才旦主编:《元以来西藏地方与中央政府关系档案史料汇编》[M],北京:中国藏学出版社,1994年,第431页;第439页。
         ⒃ ལྕང་སྐྱ་རོལ་པའི་རྡོ་རྗེ། 《རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ——སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་239
         ⒄ 章嘉•若贝多杰著,蒲文成译:《七世达赖喇嘛传》[M],北京:中国藏学出版社,2006年,第103页。
         ⒅ 蒲文成:《从清朝与七世达赖的关系看清朝对西藏的施政》[J],《青海社会科学》1988年第3期,第82页。
         ⒆ 多杰才旦主编:《元以来西藏地方与中央政府关系档案史料汇编》[M],北京:中国藏学出版社,1994年,第443页。
         ⒇ 道孚县地名领导小组编印:《四川省甘孜藏族自治州道孚县地名录》[M],西南民族学院印刷厂印刷,1987年,第127页。