ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་པར་བརྐོན་གྲྭ་ཚང་གི་ལས་ཚན་ལ་དཔྱད་པ།

སྤེལ་དུས 2021-08-16 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། བསོད་ནམས་དོན་གྲུབ། ཤ་བོ་ཀླུ་རྒྱལ།
          ནང་དོན་གནད་བསྡུས།  སི་ཁྲོན་མཛོད་དགེའི་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་པར་བརྐོན་གྲྭ་ཚང་ནི་བོད་ཀྱི་དཔེ་སྐྲུན་ལས་རིགས་པར་ཁང་ནས་གྲྭ་ཚང་དུ་འཕེལ་བའི་ཚབ་མཚོན་ལྡན་པའི་ལས་གྲྭ་ཞིག་ཡིན་ལ།  སྔོན་ཆད་པར་དག་པའི་སྙན་པ་དབུས་ཀྱི་གདན་ས་ཁག་ཏུ་གྲགས་ཤིང་སྒྲིག་གཞི་ཚགས་དམ་པས།  འདིར་བོད་ཀྱི་པར་ཁང་ཆེ་ཁག་དང་བསྡུར་ནས་པར་བརྐོན་གྲྭ་ཚང་གི་མགོ་བ་དང་དཔར་དཔོན།  དོ་དམ་པ་བཅས་འགན་འཛིན་པ་གསུམ་དང་།  ཞུ་དག་པ་དང་བྲིས་པ།  པར་བརྐོན་པ།  དཔར་བ་བཅས་རྩ་བའི་ལས་ཚན་བཞི།  པར་ཁང་སྤྱི་བ་དང་འདོན་གྲོགས།  ཇ་མ་བཅས་གཞོགས་འདེགས་ཀྱི་ལས་ཚན་གསུམ་བཅས་ཀྱི་ལས་ཚན་གྱི་རྣམ་གྲངས་དང་ལས་འགན་ཞིབ་ཏུ་བཀྲལ་ནས།  དཔར་འདེབས་ཀྱི་ལས་ལ་ཉེར་མཁོའི་རྒྱུ་ཆ་ཤོག་བུ་དང་སྣག་ཚ།  པར་ཤིང་།  པར་བརྐོའི་ལག་ཆ་བཅས་ཀྱི་ཚད་ཐིག་དང་རིམ་པ་གསལ་བོར་བསྟན་ཡོད།
          བརྡ་ཆད་གཙོ་བོ།  པར་བརྐོན་གྲྭ་ཚང་།   ལས་ཚན།   རྒྱུ་ཆ།
གླེང་གཞི།
          དེ་ཡང་ལེགས་བཤད་སྙིང་པོ་ལས།  མཛད་པ་ཀུན་ལས་གསུང་གི་ནི།  །མཛད་པ་མཆོག་ཡིན་དེ་ཡང་ནི།  །དེ་ཉིད་ཡིན་ཕྱིར་མཁས་པ་ཡིས།  །འདི་ལས་སངས་རྒྱས་རྗེས་དྲན་བྱོས།  །ཞེས་གསུངས་པ་ལྟར།[1]  དཔེ་སྐྲུན་པར་བརྐོའི་ལས་ནི་རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་པར་དཔག་ཏུ་མེད་པའི་མཛད་པ་རླབས་ཆེན་ཡིན་ཞིང་།  པར་བརྐོན་ལས་གྲྭའི་མགོ་འཛིན་པའམ་ལས་རྒྱུན་སྐྱོང་པ་ལ།  ཕྱི་ནང་གི་མཐུན་རྐྱེན་ཅི་ཡང་མེད་པར་རང་བཞིན་ལྷུན་གྱིས་འགྲུབ་མི་ཐུབ་པས།  དཔལ་འབྱོར་གྱི་མཁོས་ཀ་བཟང་ཞིང་ལག་རྩལ་གྱི་རྨང་ལེགས་པ།  སྒྲིག་གཞི་དང་རྩ་འཛུགས་ངེས་ཅན་ལྡན་པའི་ཉེར་བསྡོགས་ཀྱི་བཀོད་པ་ཆ་ཚང་ཞིག་གྲུབ་དགོས།  དེ་ལ་རྩ་བའི་ཆ་ནས་པར་བརྐོའི་ལས་ལ་ཤར་མར་འཇུག་པར་ནང་གི་ལས་ཚན་གྱི་རྣམ་གྲངས་དང་རྩ་འཛུགས་གྲབས་གཤོམ་འཐུས་ཚང་ཞིག་དང་།  ཕྱིའི་རྒྱུ་ཆ་འཛད་མེད་ཅིག་དགོས་པར་འགན་ལེན་དང་ཁག་ཐེག་བྱེད་དགོས་པ་འདི་ལྟ་སྟེ།
          དང་པོ།  པར་བརྐོན་གྲྭ་ཚང་གི་ལས་ཚན་གྱི་རྣམ་གྲངས་དང་ལས་འགན།
          བོད་ཀྱི་བཟོ་རིག་པའི་ཁོངས་སུ་གཏོགས་པའི་པར་བརྐོ་བ་ནི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་ཤིག་ཡིན་སྟབས།  སྔོན་ཆད་དམངས་ཁྲོད་དུ་ཁྱིམ་ཚང་རེ་འགས་མི་ཐོག་དུ་མར་པར་བརྐོའི་ལག་ཤེས་རྒྱུད་འཛིན་གྱིས་དཔལ་འབྱོར་གྱི་འཚོ་འཚིས་བསྒྲུབ་པའི་སྲོལ་ཡོད་ཀྱང་།  པར་བརྐོའི་ལས་རིམ་ཆ་ཚང་མི་སྒེར་གྱིས་གོ་གཅིག་ཆོད་བྱེད་བཞིན་ཡོད་པས་ལས་བགོས་མངོན་གསལ་མིན་ལ་ལས་ཚན་གྱི་སྒྲིག་གཞིའང་གྲུབ་ཐུབ་མེད།  དེ་ལྟ་བུའི་སྒེར་གཉེར་དཔལ་འབྱོར་གྱི་པར་བརྐོའི་ལས་ཕྱོད་ཤིན་ཏུ་དམའ་ལ་ཐོན་ཚད་ཉུང་གཤིས།  རྒྱ་ཆེའི་ཀློག་པ་པོར་དཔེ་སྐྲུན་གྱི་འདོད་པ་སྐོང་ཐུབ་མེད་ཅིང་།  ཐོས་བསམ་དོན་གཉེར་ཅན་ཚོར་དཔེ་ཆ་ཤིན་ཏུ་དཀོན་པའི་དགོས་མཁོ་ལ་གཞིགས་ནས་ས་གནས་དཔོན་ཚང་དང་དགོན་པ་གྲྭ་ཚང་སོ་སོས་ཡོན་བདག་བགྱིས་བའི་བཀའ་བསྟན་པར་ཁང་གཙོ་བྱས་པའི་པར་བརྐོན་ལས་གྲྭ་མང་པོ་དབུ་བརྙེས།  པར་ཁང་བྱུང་བ་དང་མཉམ་དུ་པར་བརྐོའི་ལས་བགོས་ཇེ་ཞིབ་དང་སྒྲིག་གཞི་ཇེ་དམ་དུ་ཕྱིན་ཏེ་ལས་ཕྱོད་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ལ།  ཐོན་ཚད་ཀྱང་ཇེ་མང་དུ་འཕེལ།  ལས་བགོས་ཇི་ལྟར་ཞིབ་ན་ཐོན་ཚད་དེ་ལྟར་མཐོ་བ་ནི་ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་ཡིན་པ་ལྟར།  ཆོས་ཚན་སྣ་གཅིག་པར་དུ་འདེབས་པར་ཡང་ལས་ཚན་སྣ་མང་ཡོད་ཚུལ་ནི།  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་“དཔར་ཤིང་ཐོག་དཔར་རྐོའི་ལས་གྲྭ་ཚུགས་སྐབས་འགོ་བྱེད་པ་དང་བདག་གཉེར་མི་སྣ་ཕུད་པའི་ལས་རིགས་ཀྱི་རྣམ་གྲངས་བཅུ་གཉིས་ཡོད་དེ།  ཞུས་དག་པ།  ཤོག་བཟོ།  ཡིག་འབྲུ་བ།  ཤིང་བཟོ་བ།  དཔར་བརྐོ་བ།  ལྷ་བྲིས་པ།  ལྕགས་བཟོ་བ།  ལག་རྩལ་དགེ་རྒན།  སློབ་ཕྲུག  སྨན་པ།  འཚེམ་བཟོ་བ།  ལག་གཡོག”ཅེས་ལས་ཚན་བཅུ་གཉིས་བགྲངས་འདུག[2]
          ལས་ཚན་གྱི་རྣམ་གྲངས་དང་ལས་བགོས་ལ་དཔྱད་ན་གོང་གི་རིགས་བཅུ་གཉིས་ལས་ཀྱང་མང་སྟེ།  ཅོ་ནེ་བསྟན་འགྱུར་པར་དུ་བརྐོ་སྐབས་ལས་གྲྭའི་ནང་དུ་པར་གྱི་དོ་དམ་པ་གཅིག་དང་།  མགོ་བ་གསུམ།  གཉེར་བ་གསུམ།  པར་ཡིག་འབྲི་མཁན་ལྔ་བཅུ།  ལྷ་བཟོ་གཅིག  ཞུས་དག་པ་བཅུ་སྐོར།  པར་བརྐོན་པ་སུམ་བརྒྱ།  ཤིང་བཟོ་བ།  སྣག་ལས་པ།  ཤོག་ལས་པ་སོགས་ལས་ཚན་བཅུ་ཡོད་ཅིང་།[3]  སྡེ་དགེའི་བསྟན་འགྱུར་དཀར་ཆག་ཏུ།  ཤིང་དང་ཤོག་བུའི་ཞོ་ཤས་འཚོ་བ་པ།  ཐིག་འདེབས་པའི་ལས་ཚན་ཡང་ཆེད་དུ་ཡོད་ལ།  པར་བརྐོན་པར་ཡང་ནང་གསེས་སུ་རབ། འབྲིང་སྟོད།  འབྲིང་དང་། མཆོག་ལྷ་བརྐོ་མཁན།  ལཉྫ་དང་ཝརྟུལ་འབྲུ་བརྐོས་པ།  གཞུང་བརྐོ་མཁན་སོགས་ཀྱི་ལས་བགོས་གསལ་བོ་ཡིན།[4]  ད་དུང་མདོ་སྨད་ཀྱི་པར་ཁང་ཁག་ཏུ་པར་བརྐོའི་ལས་གྲྭ་ཚུགས་སྐབས་ཀྱི་མགྲོན་གཉེར་དང་ཕྱག་མཛོད།  གསོལ་དཔོན།  ལས་བྱེད་དོ་དམ་སོགས་ཀྱང་པར་གྲྭའི་ལས་ཚན་དུ་བགྲང་སྲོལ་འདུག  འདིའི་པར་བརྐོན་གྲྭ་ཚང་ལ་མཚོན་ན་གོང་དུ་བརྗོད་པའི་པར་ཁང་གི་ལས་ཚན་གཙོ་གྲས་འཛོམས་པར་མ་ཟད།  ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་པར་བརྐོན་བཅའ་ཡིག་གཙོ་བྱས་པའི་པར་བྱང་ཁག་དང་བསྡུར་ན་པར་ཁང་སྤྱི་བ་དང་།  དཔར་དཔོན།  འདོན་གྲོགས།  དཔར་བ།  ཇ་མ།  ཆུ་ལེན་བཅས་ཀྱི་ལས་ཚན་ཡོད་པ་རྟོགས་ཐུབ།
          ལར་པར་ཁང་སོ་སོར་ལས་ཚན་གྱི་རྣམ་གྲངས་ཇི་ལྟར་མང་ཡང་།  སྡེ་དགེ་བསྟན་འགྱུར་དཀར་ཆག་ཏུ་“ལ་ལ་ནི་གསར་རྙིང་བརྡའི་ཚིག་དང་དོན་གྱི་འཁྲུལ་པ་སེལ་བར་བྱེད་པའི་དག་སྡེབ་པར་གྱུར།  ལ་ལ་ནི་སྣག་ཚ་དང་སྨྱིག་བུ་ལག་ཆར་ཐོགས་ནས་ཡིག་རིགས་མང་པོ་སོར་མོའི་འཕྲུལ་གྱིས་བསྐྲུན་པ་ལ་དཀའ་བ་མེད་པའི་ཡི་གེའི་འདུ་བྱེད་པར་གྱུར།  ཕལ་ཆེར་ཡི་གེའི་གཟུགས་བརྙན་གྱི་ཚད་དང་མཚན་ཉིད་ཉམས་པ་མེད་པའི་ཡིག་འབྲུ་བརྐོ་བའི་རྐོས་བྱེད་པར་གྱུར་”ཅེས་པ་ལྟར།[5]  པར་ཡིག་བརྐོ་བཞེངས་ཀྱི་ཐོག་མཐའ་བར་གསུམ་དུ་ཞུ་དག་པ་དང་།  ཡིག་འབྲི་བ།  པར་བརྐོན་པ་གསུམ་གྱིས་ལས་འགན་གཙོ་བོ་བཞེས་ཡོད་ལ།  མང་པོའི་ཁྲོད་ནས་མཁས་བཏུས་བྱས་པ་ཤ་སྟག་ཡིན་ཅིང་།  ལས་ཚན་གཞན་དག་ནི་ལས་མཁན་གཙོ་བོ་གསུམ་ལ་གཞོགས་འདེགས་ཀྱི་མཐུན་རྐྱེན་སྒྲུབ་མཁན་ཡིན་པས།  སྐབས་སུ་བབས་པའི་པར་བརྐོན་གྲྭ་ཚང་གི་ལས་ཚན་གྱི་རྣམ་གྲངས་འགན་འཛིན་པ་གསུམ་དང་རྩ་བའི་ལས་ཚན་བཞི།  གཞོགས་འདེགས་ཀྱི་ལས་ཚན་གསུམ་བཅས་སོ་སོར་བཀྲལ་ནས་བརྟག་པར་བྱའོ།  །
          གཅིག  འགན་འཛིན་པ་གསུམ།
          ༡  པར་ཁང་མགོ་བ།
          འདིའི་པར་བརྐོན་གྲྭ་ཚང་ལ་མགོ་བ་གཉིས་ཡོད་པར་གྲགས་ཀྱང་།  བཅའ་ཡིག་དང་རྣམ་ཐར་ལས་དུས་ཐོག་གཅིག་ལ་མགོ་བ་གཉིས་བསྐོས་པའི་གནས་ཚུལ་མེད་ཅིང་།  ད་ལྟའི་བར་དུ་པར་ཁང་མགོ་བ་ལ་བཅའ་ཡིག་གི་བདག་པོ་ཞེས་ཆེ་འབོད་དང་བཀུར་བསྟི་བྱེད་སྲོལ་བསམ་གྱིས་མི་ཁྱབ་པ་ཡོད་པ་ཇི་བཞིན་སྤྱིའི་མགོ་བ་གཅིག་ལས་མེད་པར་སྣང་།  མགོ་བ་གཉིས་ཡོད་པའི་ངོས་འཛིན་ནི་བཅའ་ཡིག་ཏུ་“དཔར་དཔོན་གྱི་པར་ཤིང་ཆད་ན་གོང་ལ་དགོངས་པ་ཞུས་ཆོག་”ཅེས་དཔར་དཔོན་ཞིག་ཀྱང་ཡོད་པས།[6]  དཔར་དཔོན་དང་མགོ་བ་གཉིས་ལ་ངོས་བཟུང་བར་སྙམ།  དཔར་དཔོན་གྱི་གནས་ཚུལ་གཤམ་ཏུ་སྐབས་དོན་དང་སྦྱར་ནས་ཆེད་དུ་འགོད་པར་བྱ།  འདིར་མགོ་བ་ནི་པར་ཁང་སྤྱིའི་འགན་འཛིན་པ་ཡིན་ཞིང་།  པར་བརྐོན་པའི་ཁྲོད་ཀྱི་པར་ཡིག་རྩེ་གྲ་བརྐོ་མཁན་འཛིན་གྲྭ་བཀའ་རམས་པར་སླེབས་ཏེ་ལས་སྣེའི་གོ་ཐོབ་ཀྱང་ཡོད་པ་ཞིག་བསྐོ་བཞག་བྱེད་སྲོལ་ཡོད་པར་སེམས།  མགོ་བ་ནི་དབང་མཐོ་ཤོས་དང་འགན་ལྕི་ཤོས་ཡིན་པས།  པར་བརྐོན་གྲྭ་ཚང་གི་ལས་རིམ་གྱི་ཐོག་མཐའ་བར་གསུམ་དང་ལས་ཚན་སོ་སོའི་ལས་གནས་ཚགས་སུ་ཐུབ་ཡོད་མེད་ལ་ལྟ་རྟོག་དང་བཀོད་སྒྲིག་བྱེད་དགོས་ཤིང་“ལེགས་པར་བརྐོ་མི་བརྐོ་དང་ལེགས་སྙོམས་དག་གསུམ་ཡོང་མི་ཡོང་ལ་བརྐོ་སྐབས་དེར་བལྟས་ནས་ངག་ནས་ཐོན་པ་དང་།  པར་གྱི་ལེགས་ཉེས་བཤད་ཤེས་ཤིང་ཐམས་ཅད་ལ་ཆགས་སྡང་བྲལ་བར་རང་ཚུགས་འཛིན་ཐུབ་པ་མགོ་བའི་ཁུར་ཡིན།”[7]
          པར་ཁང་གི་མགོ་བ་ནི།  ཀིརྟིའི་འཁྲུངས་རབས་རྣམ་ཐར་དཔག་བསམ་ལྗོན་པ་ལས།  གནས་ཆུང་ཆོས་རྗེ་བློ་བཟང་དར་རྒྱས་པར་བརྐོས་དཔོན་མཛད་ཚུལ་གསལ་བས།  ཁོང་ནི་པར་ཁང་མགོ་བ་དང་དཔར་དཔོན་གང་ཡིན་ཆ་མ་འཚལ་ཡང་ཚིག་ངོས་ལྟར་ན་པར་བརྐོས་དཔོན་ཞེས་བྲིས་ཡོད་པས་དཔར་དཔོན་ཡིན་པ་འདྲ།  ཀིརྟི་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་ཐུབ་བསྟན་མཛེས་རྒྱན་དུ་“པར་གྱི་འགོ་བ་བློ་བཟང་སྦྱིན་པ་དང་།  དད་ལྡན་དགེ་སློང་དཀོན་མཆོག་རྒྱ་མཚོ་གཉིས་ནས་བསྐུལ་”ཞེས་༡༩༡༢ལོར་ཀིརྟི་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་པར་དུ་བརྐོ་དུས་པར་ཁང་མགོ་བ་བློ་བཟང་སྦྱིན་པ་ཡིན་པར་གསལ།[8]  འདིའི་སྔོན་གྱི་པར་ཁང་གི་མགོ་བ་དག་ཤེས་ཐབས་མ་བྱུང་།  དེའི་རྗེས་སུ་འབྲིང་བ་ཕུན་ཚོགས།  དེ་ནས་ཨ་སངས་ཕོར་ཁུག  འདིའི་སྐུ་ཡུལ་ལྷ་མོའི་གདོང་ཁ་ཡིན།  རྟ་སྒང་པ་འཕྲིན་ལས།  འདིའི་སྐུ་ཡུལ་དབྱིས་སྨད་རྟ་སྒང་ཡིན།  ངོས་བཟང་པ་ཤོམ་ར་ཅན།  འདིའི་སྐུ་ཡུལ་དབྱིས་སྨད་ངོས་བཟང་པ་ཡིན།  ཨ་སྟག་བུ་བསམ་གཏན།  འདིའི་སྐུ་ཡུལ་ཚོང་རུའི་དགུ་སྨད་ཁ་ཡིན།  ཨ་ཁུ་ཚུལ་ཁྲིམས།  འདིའི་སྐུ་ཡུལ་ཀིརྟིའི་ལྷ་འབངས་རྐ་ཆུ་ཁ་ཡིན་ལ།  ༡༩༥༩ལོའི་ཡར་སྔོན་གྱི་པར་ཁང་མགོ་བ་ཡིན་ཞིང་བསྟན་པ་ཡང་དར་སྐབས་ཀྱང་བཞུགས།  མགོ་བའི་ལས་ཁུར་ནི་ལོ་གསུམ་ཡས་མས་ཤིག་ཡིན་པར་སྣང་།  ལས་ཁུར་ལས་བུད་རྗེས་དགོན་པའི་ལས་སྣེའི་ཁྲོད་དུ་ཞུགས་ནས་གཞུང་དོན་ཕྱག་བཞེས་གནང་མཁན་གྱི་རིགས་ཤིག་དང་།  སྔར་བཞིན་པར་བརྐོན་གྲྭ་ཚང་དུ་བཞུགས་ཏེ་པར་བརྐོས་དགེ་རྒན་གྱི་འགན་བཞེས་མཁན་རིགས་གཉིས་ཡོད།
          ༢  དཔར་དཔོན།
          བཅའ་ཡིག་ལས།  “པར་གསར་སློབ་ཀྱི་དགེ་རྒན་དང་།  དཔར་དཔོན་གྱི་པར་ཤིང་ཆད་ན་གོང་ལ་དགོངས་པ་ཞུས་ཆོག་”ཅེས་དཔར་དཔོན་བཀོད་ཡོད་པར་བརྟག་ན།[9] པར་བརྐོན་གྲྭ་ཚང་ལ་དཔར་དཔོན་ཞེས་པའི་ལས་ཚན་ཞིག་ཡོད་ཅིང་།  དཔར་དཔོན་གྱི་དབང་ཆ་པར་བརྐོའི་དགེ་རྒན་དང་མཉམ།  པར་ཁང་ལ་མགོ་བ་གཉིས་ཡོད་པར་གྲགས་པའི་གཅིག་ནི་དཔར་དཔོན་ལ་ངོས་འཛིན་དགོས་པར་རིགས་འདེད་བྱས་ན་དེ་ནི་དབང་ཤེད་ཆེ་བ་ཞིག་ཏུ་འཁུམས།  ལར་པར་དཔོན་ནི་པར་ཁང་གི་པར་བ་རྣམས་ཀྱི་མགོ་བར་ངོས་འཛིན་མཁན་ཡོད་ཀྱང་།  བཅའ་ཡིག་ཏུ་པར་བ་གཉིས་ཞེས་དཔར་འདེབས་ཀྱི་ཁ་འཕྲོའི་དོ་དམ་པ་གཉིས་ཡོད་པར་གསལ་བས་དེ་གཉིས་ལ་མགོ་བ་ཞིག་མི་དགོས་པར་འདོད་ཀྱང་།  སྡེ་དགེ་བསྟན་འགྱུར་དུ་“ལས་བྱེད་པ་རྣམས་ཀྱི་མགོ་འཛིན་པར།  ཕྱག་མཛོད་འགུ་རུ་བཀྲ་ཤིས་དང་།  གཉེར་པ་ཨ་ཟློས་དང་།  དགེ་སློང་ཚུལ་ཁྲིམས་རབ་བརྟན།  པར་དཔོན་གཟུངས་སྐྱབས་རྣམས་”ཞེས་པར་བརྐོན་པ་རྣམས་ལ་ཆེད་དུ་པར་དཔོན་ཞིག་བརྐོ་བཞག་བྱེད་སྲོལ་ཡོད་ཅིང་།[10]  དཔར་དཔོན་གྱི་པར་ཤིང་ཆད་ན་གོང་ལ་དགོངས་པ་ཞུས་ཆོག་ཅེས་པར་ཤིང་བརྐོ་བའི་ལས་དང་འབྲེལ་བ་ཡོད་པའི་ལས་ཚན་ཞིག་ཡིན་པར་གཞིགས་ན་དཔར་དཔོན་ནི་པར་བརྐོན་པ་རྣམས་ཀྱི་མགོ་བ་ཡིན་པ་ཤེས་ཐུབ།  པར་ཁང་མགོ་བ་ནི་པར་བརྐོན་གྲྭ་ཚང་གི་སྤྱིའི་མགོ་བ་དང་།  པར་བརྐོན་གྲྭ་ཚང་གི་ལས་ཚན་ཐམས་ཅད་ལས་པར་བརྐོན་པའི་ལས་ཚན་གྱི་མི་གྲངས་ཆེས་མང་པས་དཔར་དཔོན་ནི་པར་བརྐོན་པ་དག་གི་མགོ་བ་ཡིན་པར་བསྒྲུབ་ན་པར་ཁང་ལ་མགོ་བ་གཉིས་ཡོད་པའི་གནད་འདི་ལ་རག་ལས་སྙམ།
          ༣  དོ་དམ་པ།
          སྡེ་དགེ་བཀའ་འགྱུར་པར་དུ་བཞེངས་སྐབས་“ལས་སྤྱིའི་དོ་དམ་པ་གྲུབ་དབང་བྱང་ཆུབ་གླིང་པའི་དཔོན་རྒྱུད་དུ་སྐྱེས་པ་དགེ་སློང་ཀརྨ་དཔལ་གྲུབ་”ཀྱིས་གནང་ཞིང་།[11]  མ་དཔེར་ཞུ་དག་གནང་སྐབས་“འཇང་པར་གྱི་བཀའ་འགྱུར་འདི་ཉིད།  དམ་པ་མང་པོས་དཔྱད་པ་ཐིམས་པ་གོང་སྨོས་ལྟར་གྱིས་གཞི་ཤིན་ཏུ་དག་པར་འདུག་ནའང་།  པར་དུ་འཁོད་སྐབས་ཐམས་ཅད་མཁྱེན་པ་ཆོས་ཀྱི་དབང་ཕྱུག་གིས་མཐར་ཆགས་སུ་ལྗགས་ཞུས་མ་གྲུབ་པ་དང་།  ཆོས་གཟབས་ཆེས་པས།  དོ་དམ་པ་རྣམས་ཀྱིས་དཔྱོད་པས་མ་ཁྱབ་པའི་ཤོག་བུ་གོང་འོག་འཁྲུགས་པ་དང་།  ཆད་ལྷག་ཕྲན་བུ་སོགས་ཀྱི་སྐྱོན་ཅུང་ཟད་སྣང་བ།  ལྷོ་རྫོང་བཀའ་འགྱུར་ལ་བརྟེན་ནས་དག་པར་བཅོས་”ཞེས་པར་ཁང་དོ་དམ་པའི་ལས་གནས་འདིར་གོ་བ་ལོན་ཐུབ་ལ།[12]  པར་ཁང་སོ་སོའི་གཞི་རྒྱ་ལྟར་དོ་དམ་པའི་ཁ་གྲངས་ལ་བར་ཁྱད་ཡོད་ཀྱང་།  མཐུ་བ་དགོན་པའི་པར་ཁང་ཕྱག་འདེབས་དུས་“དོ་དམ་པ་གཉིས་གསར་བརྐོས་ཀྱིས་རབ་རྒྱལ་ཤིང་ཕག་དགུན་ནས་པར་གསར་བསྐྲུན་གྱི་དབུ་ཚུགས་”ཞེས་པ་ལྟར་པར་ཁང་མང་ཆེ་ཤོས་ལ་དོ་དམ་པ་རེ་གཉིས་བསྐོས་པའི་གཏན་སྲོལ་ཡོད།[13] འདིར་མཚོན་ན་དོ་དམ་པ་ནི་པར་བརྐོན་རྒན་པ་དང་པར་བརྐོའི་དགེ་རྒན་སོགས་པར་གྱི་ལེགས་སྙོམས་དག་གསུམ་ལ་ངེས་ཆ་ཡོད་པ་རྣམས་ཉིན་བཅུར་རེས་མོས་ཀྱིས་བརྗེ་རེས་བྱེད་བཞིན་ཡོད་ལ།  རྣམ་ཐར་དཔག་བསམ་ལྗོན་པ་ལས་དཔར་དུ་བཞེངས་སྐབས་ལས་བྱེད་དོ་དམ་པ་ནི།  བློ་བཟང་མཆོག་གྲུབ།  བློ་བཟང་དར་རྒྱས།  དཀོན་མཆོག་ཡེ་ཤེས།  ཡེ་ཤེས་བཟོད་པ།  བསྟན་འཛིན་ཕུན་ཚོགས་བཅས་ཡིན་པ་གསལ་བོར་བཀོད་པས་ཀྱང་མཚོན་ནོ།  །[14]
          དོ་དམ་པའི་ལས་འགན་ནི་“བརྐོས་ཚར་ན་ཨང་གུ་བསྒྲིགས་པ་དང་།  ཨང་གུ་ཆད་མ་ཆད་ལ་བལྟ་བ་དང་།  མི་རེ་རེ་ལ་ཨང་གུ་མི་མཉམ་པ་བྱུང་ན།  པར་ཤིང་རེ་རེ་ནས་ཨང་གུ་བྲི་བ་དང་།  ཨང་གུ་ལས་ཉམས་པ་བྱུང་ན་སྔ་མ་དང་འདྲ་བ་སླར་ཡང་བརྐོར་འཇུག་པ་དང་།  སྔ་མའི་སྐྱོན་དང་ཕྱི་མ་འདི་ལྟར་བྱེད་དགོས་ཞེས་ངག་ནས་ཐོན་པ་རྣམས་དོ་དམ་པའི་ཁུར་ཡིན་”ཞེས་པར་གྱི་ལེགས་ཉེས་དགར་ནས་པར་བརྐོན་པ་རྣམས་ལ་དུས་ཐོག་ཏུ་མཛུབ་ཁྲིད་བྱེད་ཅིང་།[15]  ཉིན་རེར་བརྐོ་རྒྱུའི་པར་ཤིང་གི་གོ་རིམ་མི་འཁྲུག་པར་བྱེད་པ་བཅས་ཡིན།  གཉིས་ནས་“དོ་དམ་པ་རྣམས་ཀྱིས་ཉིན་བཅུ་ལ་རེས་མོས་བྱས་ནས་རང་ཐད་ལ་བབས་སྐབས་ཉིན་རེའི་སྣག་ཐེབས་དང་གང་པར་བཟང་ངན་སོགས་ལ་བལྟས་ནས་ཚགས་འཛིན་བྱེད་དགོས་”ཤིང་“པར་རྒྱུའི་གོ་རིམ་སོགས་ཉིན་རེའི་དོ་དམ་པ་གང་ཡིན་ལ་འདྲི་བ་མ་གཏོགས་རང་རང་གིས་དབང་ཆོད་བྱས་མི་ཆོག་”ཅེས་པར་བ་ཚོར་ཉིན་རེའི་སྣག་ཚ་མཁོ་སྤྲོད་དང་དཔར་དུ་གདབ་བྱའི་པར་ཤིང་གི་གོ་རིམ་མི་འཆོལ་བར་བྱེད་པ།[16]  པར་མ་གསལ་མི་གསལ་དང་ཆད་ལྷག་ཡོད་མེད་ལ་བལྟ་རྟོག་བྱེད་པ་དེ་ཡིན།  མདོར་ན་དོ་དམ་པ་ནི་པར་བརྐོའི་དཔར་འདེབས་ཀྱི་མགོ་མཇུག་ཧྲིལ་བོར་ལས་ཀ་ཚགས་སུ་འཛིན་པ་དང་ལས་བྱེད་མི་སྣར་བཀོད་པ་འདིང་མཁན་ཡིན་པས་དཔར་གྱི་ཡག་གཙོག་དང་ཉེ་བར་འབྲེལ་འདུག
          གཉིས།  རྩ་བའི་ལས་ཚན་བཞི།
          ༡  ཞུ་དག་པ།
          ཞུ་དག་པ་ནི་རིག་གནས་སྤྱི་དང་གཞུང་ལུགས་ཆེན་མོར་ཐོས་པ་རྒྱ་ཆེ་ཞིང་ཟབ་པ།  སུམ་རྟགས་དག་གསུམ་གྱི་ཚིག་དོན་ལ་གོམས་འདྲིས་ཡོད་པ་ཞིག་ཡིན་དགོས་པས།  ཡོན་ཚད་ཀྱི་རེ་བ་ཧ་ཅང་མཐོ།  སྔོན་ཆད་བརྡ་དག་ལ་བྱང་ཆ་ཡོད་པའི་དགེ་བཤེས་ཤིག་བསྐོས་ནས་ཞུ་དག་རིམ་པར་གནང་དགོས་ཏེ།  “མ་དཔེའི་ཞུ་དག་སྐབས་ཚིག་དོན་མ་ནོར་བ་གཙོ་ཆེ་བས།  ཚིག་དོན་ལ་གོམས་འདྲིས་ཀྱི་ཆེད་དུ་ཡང་ཡང་བལྟ་ཀློག་དང་དག་བསྡུར་དཔེ་ཁྲིད་ནན་ཏན་དང་།  གལ་ཆེན་ལ་འདི་ཀ་ནས་ཀྱང་བལྟ་རྟོག་བྱེད།”ཅེས་ཀིརྟིའི་སྐུ་མདུན་དུ་ཕུལ་ཏེ་གཟིགས་རྟོག་གནང་སྲོལ་མཆིས་ཤིང་།[17]  ཞུ་དག་རིམ་པ་བཅུ་གཉིས་དང་གཞུང་ཆེན་ལ་ལར་གདན་ས་འདིའི་མཁས་པ་བདུན་ལྷག་གིས་ཞུ་དག་བྱེད་པའི་གསུང་རྒྱུན་མཆིས།  ཞུ་དག་པའི་ལས་འགན་དང་ཐུགས་མཉམ་འཇོག་དགོས་པའི་གནད་དོན་ནི།  “ཞུས་དག་མཛད་དུས་འདོན་པ་པོས་བུལ་པོ་མཛད་ཅིང་ངེས་པོ་འོང་བ་དང་།  བབས་བསྒྲིགས་པ་ལ་ཡིག་མཁན་རྣམས་ཀྱིས་ཆོས་ཆའི་བར་དུ་སྐད་དེ་བབས་དང་།  ཡི་གེ་རྫོགས་པའི་གཤམ་རྣམས་སུ་ཁེངས་པ་བྲིས་ཤིང་།  ཆད་པ་དང་ལྷག་པ་མེད་པ་གྱིས་གསུང་མཛོད།  བམ་པོ་མགོ་སྐྱ་དང་།  ལེའུ་གཤམ་སྐྱ་བྱ་བ་ལགས་པས།  དཀར་ཐོབ་པ་དང་། ཆིག་ཤད།  ཉིས་ཤད།  བཞི་ཤད།  ཚེག་ཤད་རྣམས་ལའང་རྟོག་དཔྱོད་ཞིབ་པོ་མཛད་ཅིང་།  མདོ་ལས་བྱ་བ་ལྟ་བུ་སོགས་དང་།  རྩ་ཚིག་རྫོགས་པའི་རྗེས་ཉིས་ཤད་ཐོབ་པ་ཡིན་ནའང་འབྲེལ་པ་དང་གཉིས་ཀྱི་བར་དང་།  གསུངས་སོ་བྱ་བ་ལྟ་བུ་སོགས་ཉིས་ཤད་ཐོབ་པ་ཡིན་ནའང་།  སླར་བསྡུས་ཚིག་ཉིས་ཤད་ཐོབ་པ་ཡིན་ནའང་།  དེ་མ་ཐག་འགྲེལ་པའི་ཚིག་འོང་བ་རྣམས་ཀྱི་བར་དུ་ཚེག་ཤད་རེ་བྱེད་དུ་ཆུག་མཛོད།  ཚིག་དོན་གཉིས་རྟོགས་པ་ཕར་ལྟོས་ཚུར་ལྟོས་ལགས་པས།  ཐེ་ཚོམ་བྱུང་ན་ལྟ་རྟོག་ཞིབ་པོ་མཛད་པས་ཚིག་ལས་དོན་རྟོགས་ཤིང་།  དོན་ལས་བརྡ་རྟོག་པ་ལགས་སོ།  །སྔགས་བརྡ་དང་།  བོད་བརྡ་གཉིས་སོ་སོར་ཕྱེ་སྟེ་མཛོད།  སྔགས་ལའང་སྒྲུབ་ཐབས་སོ་སོའི་བཞེད་ཚུལ་གྱིས།  རིང་ཐུང་དང་དྲག་ཞན་སོགས་མ་འཁྲུལ་བར་མཛད་ནས།  ལྷམ་དཔེ་ཞྭ་ལ་བཀབ་པའི་སྐྱོན་མེད་པར་མཛོད།  དག་བྱེད་ཀྱི་ཡིག་ཆ་མི་འདྲ་བ་དུ་མ་བདོག་པས་ངེད་ཀྱིས་བྱས་པའི་ངེས་པ་ཅན་རྣམས་དེ་བཞིན་དུ་མཛད་ཅིང་།  གཞན་རྣམས་བཀའ་བཅད་དང་།  རྒྱབ་བཟང་རྣམས་ཀྱི་རྗེས་སུ་མཛོད།  ཡིག་ཆ་བྱུང་ཚད་ལ་ངེས་པ་བཅས་ཀྱང་།  དག་ཡིག་རང་ལའང་མ་དག་པ་སྲིད་པས་ཡིད་མི་རྟོན་ལགས་སོ།  །ཡིག་རྡོག་རེ་རེའི་ཕྱིར་ཡང་རྟོག་དཔྱོད་ཞིབ་པོ་མཛོད།  སྦྱིན་བདག་གིས་བྲིས་ཀྱང་རྙིང་པ་འདུག་པ་རྣམས་མ་འབྲི།  བྲིས་བྱང་སོ་མ་འབྲི་བ་ཞལ་ཏའི་གསུང་བདོག་པས་གཟིགས་ནས་ཞལ་བཀོད་མཛོད།”ཅེས་བུ་སྟོན་གྱིས་གསུངས་པ་ལྟར།[18]  ཞུ་དག་པས་པར་རྩའི་མ་ཡིག་དང་པར་ཡིག  པར་མའི་ཚིག་དོན་བཅས་ལ་ཞུ་དག་གཟབ་ནན་བྱེད་དགོས་ཤིང་།  པར་ཡིག་གི་མཛེས་རྩལ་དང་བསྟན་བཅོས་བཞེངས་པའི་ལུགས་བཞིན་བྱུང་ཡོད་མེད་ལའང་བློ་ཞིབ་མོས་བརྟག་སྟེ།  པར་མ་ལ་ཞུ་དག་རིམ་པ་དགུ་འགྲོ་བའི་སྲོལ་ཡོད་པར་བཤད།
          འདིར་པར་བརྐོན་གྲྭ་ཚང་ཚུགས་ནས་ཞུ་དག་པ་ཐོག་མ་ནི་གླིང་བ་རྒྱ་རས་ཡིན་ཞིང་།  ཁོང་གིས་ཞུ་དག་གི་འགན་བཞེས་པའི་རིང་ལ་ཞུ་དག་ཞིབ་ཚགས་ཆེ་བས་བསྐྱར་བཅོས་མང་པོའི་ལས་ཚེགས་ཀྱིས་ཡིན་ནམ་པར་བརྐོན་པ་རྣམས་དང་འགྲིག་མཐུན་མ་བྱུང་བའི་ངག་རྒྱུན་འདུག  ཞུ་དག་པའི་གོ་རིམ་གསལ་བོར་མི་ངེས་ཀྱང་དེའི་རྗེས་ནས་གཙང་བླའི་ཡོངས་འཛིན་རྐ་ཆུ་ཁ་བ་ཨ་ཁུ་ཤེར་ཁོ་ཡིན་ཞིང་།  ཁོང་གཙང་བླའི་ནང་ཆེན་དུ་བཞུགས་པས་བྲིས་པ་དང་འདོན་གྲོགས་རྣམས་ཀྱང་པར་ཁང་ཆེན་མོ་མ་འགྲུབ་བར་ནང་ཆེན་དེར་བཞུགས་པར་བཤད།  དེའི་རྗེས་ཤིག་ལ་ཚོང་རུའི་ཉིན་གཏད་ཁ་པ་ཨ་ཁུ་བཟོད་པ་མྱིག་ཡག་གིས་ཞུ་དག་པའི་འགན་བཞེས་པར་གྲགས་སོ།  །
          ༢  བྲིས་པ།
          བྲིས་པ་ནི་ཞུ་དག་པས་ཞུས་པའི་མ་ཡིག་པར་ཤིང་གི་ངོས་དང་མཉམ་པའི་ཤོག་དམར་གྱི་སྟེང་དུ་པར་ཡིག་འབྲི་མཁན་ལ་གོ་དགོས།  པར་ཡིག་འབྲི་བ་ནི་པར་གྱི་མཛེས་རྩལ་དང་དག་ཆར་རག་ལས་པས།  བཅའ་ཡིག་ལས་“ཡིག་གཟུགས་ལེགས་ཤིང་ཆ་མཉམ་པ་དང་དག་ཆ་དང་ལྡན་”ཅིང་“དག་ཡིག་སུམ་རྟགས་སོགས་ལ་ལས་གྲངས་སུ་མི་གནོད་པར་སྦྱངས་ནས་ཡི་གེའི་རྣམ་བཞག་ཤེས་དགོས།”ཞེས་གསུངས།[19]  དེ་བས་བྲིས་པ་ནི་བྲིས་ལེགས་ཤིང་དག་ཆ་དང་ལྡན་པ་ཞིག་བསྐོས་ཏེ།  སྐབས་རེར་བྲིས་པ་གསུམ་དང་སྐབས་རེར་གཉིས་ལས་མེད་སྐབས་ཀྱང་ཡོད།  ༡༩༥༩ལོའི་སྔོན་ཙམ་ལ་བྲིས་པ་གཅིག་ལས་མེད་པའི་སྐབས་ཀྱང་བྱུང་འདུག  པར་ཁང་ལ་ལར་ཐིག་འདེབས་མཁན་ཞེས་སྣེ་ཐིག་དང་ཡིག་ཕྲེང་གི་བར་ཐག་སོགས་པར་གཞི་ཇུས་འགོད་བྱེད་མཁན་ཞིག་ཡོད་མོད།  འདིར་ཐིག་འདེབས་མཁན་གྱི་སྐོར་བཅའ་ཡིག་ཏུ་བཀོད་མེད་ལ་བཤད་སྒྲོས་ཀྱང་མ་ཐོས་པས།  པར་གཞི་ཇུས་འགོད་བྲིས་པའི་ལས་ཁུར་ཡིན་པར་སེམས།  བྲིས་པས་བྲིས་ནས་པར་ཡིག་གི་བཟང་ངན་དང་དག་ཆ་ལ་ཞུ་དག་པས་མ་ཡིག་དང་བསྡུར་ནས་ཐག་གཅོད་དགོས།  བྲིས་པའི་ཚད་གཞི་ནི་“ཆད་འཇུག་རྣམས་དཀྱུས་སུ་ཆུག་ཅིང་།  ཤོག་བུ་སྲབ་པ་རྣམས་ལ་དེའི་ཐད་ཀར་ཤོག་ལྷན་གྱིས་ལ།  དེའི་སྟེང་དུ་བྲིས།  བསྡུས་ཡིག་མ་བྱེད་ཅིག  །ཕྱི་མོ་ན་འདུག་པ་ཀུན་ཀྱང་ཁྲོལ་མཛོད།  ཆག་འཇུག་དགོས་པའི་སྐབས་སུ་ཞུས་དག་བྱེད་ཙ་ན།  དེའི་གོང་ནས་དུམ་རེ་སྐྱོར་ལ་མཛོད།  ཟུར་གྱི་ཨང་ཆུང་རྣམས་གསལ་མི་གསལ་ལ་བལྟས་ནས་མི་གསལ་བ་དང་མི་གོ་བ་རྣམས་གོ་བར་བྱེད་དུ་ཆུག་མཛོད།  ཡི་གེའི་ཆེ་ཕྲ་དང་།  ཤད་བར།  ཚེག་བར་རྣམས་ལ་དཀར་ཚད་ལྡན་འོང་བ་དང་། ཕྲེང་རེ་ལ་ཡིག་རྡོག་བརྒྱ་དང་བཅོ་ལྔ་ནས་ཉི་ཤུའི་བར་ཚང་བར་འདུག་མི་འདུག་གཟིགས་ལ།  མ་ཚང་བ་རྣམས་ལ་ཚང་བར་བྲིས་གསུང་མཛོད།  ཡི་གེ་གཟབ་མ་པ་རྣམས་ཀྱིས།  ཐུང་པ་དང་།  རྫོགས་པ་དང་།  འདྲིལ་བ།  ཐེབས་པར་འོང་པ་དང་།  ཤར་མ་པ་རྣམས་ཀྱིས་འབྲུའི་ཐིག་ཚུགས་དང་མི་འགལ་ཞིང་།  འཛེམ་པོ་འོང་བ་དང་།  སྤྱི་ཁྱབ་ཏུ་སྙོམས་པ་དང་།  དག་པོ་འོང་བའི་ཞལ་ཏ་མཛོད་”ཅེས་བུ་སྟོན་གྱིས་གསུངས་པ་ལྟར།[20]  བོད་ཀྱི་བསྟན་བཅོས་བཞེངས་པའི་ལུགས་དང་མ་འགལ་ཞིང་ཡི་གེའི་རྣམ་བཞག་དང་མཐུན་པའི་སྒོ་ནས་ལེགས་པོར་འབྲི་དགོས།  ཀིརྟི་བློ་བཟང་འཕྲིན་ལས་(༡༨༤༩—༡༩༠༥)ཀྱི་སྐུ་རིང་ལ་བྲིས་པ་བསྟན་འཛིན་ཕུན་ཚོགས་ཞུ་བ་ཞིག་ཡོད་ཅིང་།[21]  ཁོང་གིས་རྣམ་ཐར་དཔག་བསམ་ལྗོན་པ་རྫོགས་པར་བྲིས།  དེ་ནས་རྐྱང་ཕྲུག་ཅེས་པ་ཞིག་མཆིས་པར་གྲགས།  དེ་ནས་རིལ་ལུ་མ་དང་བློ་ཁོ་རྐང་དཀར་མ་གཉིས།  དེ་ནས་ཚུལ་ཁྲིམས་བྱུང་།  ཚུལ་ཁྲིམས་གཅིག་པུས་མི་ལོ་མང་པོར་བྲིས་པ་བྱས་ཏེ་དམངས་གཙོ་བཅོས་བསྒྱུར་ལ་གཏུགས།  སྔོན་བྱུང་བྲིས་པ་རིམ་བྱུང་ལས་ས་བཅད་མ་སྟོང་བ་ཙམ་ལས་ཞིབ་ཏུ་ཤེས་ཐབས་མ་བྱུང་།
          ༣  པར་བརྐོན་པ།
          པར་བརྐོན་པ་ནི་བྲིས་པས་བྲིས་པའི་པར་ཡིག་པར་ཤིང་གི་ངོས་སུ་སྦྱར་ཏེ་ཡིག་འབྲུ་རེ་རེ་ཕྱིར་ལོག་འབུར་བརྐོ་བྱེད་མཁན་ལ་གོ་དགོས།  ལས་ཚན་འདིར་དཔར་བརྐོས་དང་པར་བརྐོ་བ།  པར་བརྐོན།  རྐོས་བྱེད་པ་སོགས་འབྲི་ཚུལ་མང་ཡང་བཅའ་ཡིག་ཏུ་པར་བརྐོན་པ་ཞེས་བྲིས་ཡོད་པས་ཡོངས་ཁྱབ་དུ་སྤྱད་ཡོད།  པར་བརྐོན་པ་ནི་པར་བརྐོན་གྲྭ་ཚང་གི་མི་གྲངས་མང་པའི་ལས་ཚན་ཞིག་ཡིན་ཞིང་། ༡༨༨༣ལོར་“པར་རྐོས་པ་བཞི་བཅུར་ཉེ་བ་ཚེགས་བཙུགས་པ་རྣམས་ཀྱིས་ཀྱང་ཁྲལ་ཆོས་སུ་མ་སོང་བར་ཡིག་གཟུགས་འགྱུར་མེད་བསྟན་པའི་རྒྱན་དུ་འགྲོ་བ་བྱེད་དགོས་”ཞེས་སྐབས་དེ་ནས་མི་གྲངས་བཞི་བཅུར་ལོངས་ཤིང་།[22]  མང་དུས༦༠དང་རྟག་པར༤༠ལྷག་ཡོད་ཅིང་།  ༡༩༥༩ལོའི་སྔོན་ཙམ་ལ་པར་བརྐོན་པ་ཇེ་ཉུང་དུ་ཕྱིན་ཏེ༣༠མ་ཟིན་ཙམ་ལས་མེད་པར་བཤད།  སྤྱིར་པར་བརྐོན་གྲྭ་ཚང་གི་པར་བརྐོ་མཁན་གྱི་རིགས་ལ་པར་གསར་སློབ་དང་།  རྒྱུགས་འོག་ན་ཡོད་པ།  པར་བརྐོས་དགེ་རྒན།  པར་བརྐོའི་ལས་ཡོལ་བ་བཅས་བསྡོམས་ན་བརྒྱ་ལྷག་ཡོད་པར་ངེས།
          པར་གསར་སློབ་ནི་པར་བརྐོའི་ལས་དང་པོ་བ་སྟེ་ལོ་ན་གཞོན་པའི་གྲྭ་ཕྲུག་གིས་པར་བརྐོའི་དགེ་རྒན་གྱི་མདུན་ནས་པར་གྱི་རིག་པར་སློབ་གཉེར་བྱེད་མཁན་ལ་ཟེར་ཞིང་།  པར་ཤིང་རང་གིས་བསྒྲིགས་དགོས།  ཅི་ཙམ་བརྐོས་ཀྱང་ཡོན་དང་གནང་སྦྱིན་མེད།  སྣ་ཐུང་རྐྱང་རྐྱང་བརྐོ་བཞེངས་བྱེད།  ལོ་གཉིས་ཀྱི་ནང་དུ་པར་ལོབས་མི་ལོབས་ཐག་གིས་གཅོད་དགོས།  རྒྱུགས་འོག་ན་ཡོད་པའི་པར་བརྐོན་པ་ནི་ལོ་རེར་བརྐོ་དགོས་ངེས་ཀྱི་པར་ཤིང་གི་གྲངས་ལ་བཅད་པ་ཡོད་ཅིང་ལས་སྣེ་ལྷན་རྒྱས་ལ་པར་ཤིང་གི་རྒྱུགས་འབུལ་དགོས་པས་དེ་ལྟར་ཐོགས།  པར་བརྐོན་པའི་ཁྲོད་ཀྱི་མི་གྲངས་མང་ཤོས་དང་འགན་ཁུར་ལྕི་ཤོས་ཡིན།  “ལོ་རེར་དང་པོར་སྣ་ཐུང་གཅིག་བརྐོར་བཅུག་ནས་ཡིག་ཚུགས་འགྱུར་མ་འགྱུར་ལ་བལྟ་དགོས།  ཨང་གྲངས་སུ་ཆུད་ན་སྣ་རིང་བཅུ་དྲུག་སྣ་ཐུང་གཅིག་དང་བཅུ་བདུན་བཅས་ཉི་ཤུའི་ཐད་ཀ་དང་།  ཨང་གྲངས་སུ་མ་ཆུད་ན་ཉི་ཤུ་ངེས་པར་བརྐོ་དགོས།  ཨང་གུ་འོག་མ་ལས་གོང་མ་མང་ན་བཟང་ཞིང་།  འོག་མ་མང་ན་ཚགས་སུ་མ་ཚུད་པ་ཡིན།  གཞུང་ཆེན་བརྐོ་སྐབས་ཨང་གུ་དང་པོ་གསུམ་ལ་འདུ་དགོས།  དྲུག་པ་མན་ཆད་ལ་ཨང་གུ་མེད།”ཅེས་པར་བརྐོའི་ལག་རྩལ་བཟང་ངན་དང་ཉམས་མྱོང་ཡོད་མེད་ལ་གཞིགས་ནས་པར་བརྐོན་པ་དག་ཨང་རིམ་དྲུག་དུ་དབྱེ་སྲོལ་ཡོད་ལ།[23]  ཨང་རིམ་སོ་སོའི་པར་བརྐོའི་ཡོན་དང་གནང་སྦྱིན་ཡང་མི་འདྲ།  པར་བརྐོའི་དགེ་རྒན་ནི་རྒྱུགས་འོག་ནས་མཐར་ཕྱིན་པའི་པར་བརྐོན་པར་གོ་སྟེ།  པར་བརྐོན་རྒན་པ་ཕལ་ཆེར་པར་བརྐོའི་དགེ་རྒན་ཡིན་ལ་བཅུ་གྲངས་ཤིག་ཡོད།  དེ་དག་གིས་དགེ་ཕྲུག་སྐྱོང་ཞིང་།  “པར་བརྐོས་དགེ་རྒན་གྱིས་དགེ་ཕྲུག་གཅིག་ཨང་གུ་དང་པོར་ཚུད་པ་བྱས་ན་ཡོན་མར་རྒྱ་མ་ལྔ་རེ།  ཨང་གུ་གཉིས་པར་བཙུད་ན་བཞི།  གསུམ་པར་གསུམ།  དེ་མན་ཆད་ལ་དོ་རེ།  དེ་རྣམས་གཞུང་ནས་སྦྱིན་དགོས་”ཞེས་དགེ་ཕྲུག་རྣམས་ཨང་ཀི་མཐོན་པོའི་གྲས་སུ་སྐྱོང་ཐུབ་ན་བབས་བསྟུན་གྱི་བདག་རྐྱེན་ཡང་གཞུང་ནས་འབུལ་སྲོལ་ཡོད།[24]  དེ་མིན་དོ་དམ་པའི་སྐབས་སུ་ཞུས་པ་བཞིན་པར་བརྐོའི་དགེ་རྒན་རྣམས་ཉིན་བཅུ་ལ་རེས་མོས་ཀྱིས་དོ་དམ་གྱི་ལས་རེས་ལ་འཁོར་དགོས།  ལས་ཡོལ་པར་བརྐོན་པ་ནི་པར་བརྐོན་གྲྭ་ཚང་ནས་སྒོར་བུད་པའམ་རྒྱུགས་འོག་ནས་མཐར་ཕྱིན་ཏེ་གཞུང་གི་ལས་སྣེའི་འགན་དང་དུ་བླངས་པའི་པར་བརྐོན་པའི་རིགས་ལ་གོ་དགོས།  “དབུ་མ་རིང་སོང་གི་ཐད་དུ་སླེབས་སྐབས་དགོངས་པ་ཞུ་ཞིང་སྦྱིན་མིན་བབས་བསྟུན་བྱེད་དབུ་མ་མན་ཆད་ནས་དགོངས་པ་ཞུས་ན་ཁྲིམས་མར་རྒྱ་མ་བརྒྱ་སྤྲད་ནས་རང་གི་འཛིན་གྲྭའི་མཚམས་སུ་ཆོས་གྲྭ་ལ་འགྲོ་དགོས་”ཞེས་ལས་ཡོལ་པར་བརྐོན་པ་དག་གིས་ནམ་རྒྱུན་པར་བརྐོའི་ལས་གཉེར་སྲོལ་མེད།[25]  དེ་མིན་པར་དཔོན་དང་པར་བརྐོའི་དགེ་རྒན་སོགས་རྒྱུགས་འོག་ན་མེད་ཀྱང་ནམ་རྒྱུན་པར་བརྐོའི་ལས་ལ་འཇུག་བཞིན་ཡོད་ལ་ཡོན་དང་གནང་སྦྱིན་ཡང་དེ་མཚུངས་ཡིན་ཞིང་།  དམིགས་གསལ་གྱི་བལྟ་སྐྱོང་ཡོད་པ་བཅས་སོ།  །
          ༤  པར་བ།
          པར་བ་ནི་པར་བརྐོའི་ལས་རིམ་ཐམས་ཅད་ཀྱི་མཇུག་མཐའི་ལས་ཀ་བ་སྟེ།  པར་བརྐོན་པས་བརྐོས་པའི་པར་ཡིག་པར་ཤིང་རེ་རེའི་ཉིན་སྲིབ་ཁ་ཡིག་ལྟར་གྲངས་མ་ནོར་བའི་སྒོ་ནས་ཤོག་ངོས་སུ་དཔར་དུ་འདེབས་མཁན་ལ་ཟེར།  ལས་རིམ་འདིར་གཞི་རྒྱ་ཆེ་བའི་པར་ཁང་དག་ལ་ཤོག་བུ་འབྲེག་མཁན་དང་།  སྣག་ཚ་སྡེབ་པ་པོ།  པར་སྐྱེལ་མཁན།  པར་བ།  སྐེམ་མཁན།  སྒྲིག་མཁན།  པར་ཤིང་འཁྲུད་མཁན་སོགས་ཆེད་གཉེར་གྱི་ལས་ཚན་མང་ཡང་།  འདིའི་པར་བརྐོན་གྲྭ་ཚང་དུ་པར་བ་གཅིག་པུས་ལས་དོན་མཐའ་དག་འཐུས་པར་བྱས་ཡོད་པས།  པར་བ་རྣམས་ཀྱི་ལས་བགོས་དེ་ལྟར་མངོན་གསལ་མིན་པར་སྣང་།  དཔར་དུ་འདེབས་པར་རིགས་གཉིས་ཡོད་དེ།  གཅིག་ནི་པར་བརྐོན་པས་བརྐོས་མ་ཐག་པའི་པར་ཤིང་ལ་ཞུ་དག་པས་པར་ཞུས་བྱེད་དགོས་པས།  “པར་བས་ཞུ་དག་གི་དཔེ་པར་རྒྱུའི་གོ་རིམ་འདོན་ཚུལ་བདེ་བ་ཞིག་གྲོས་མཐུན་བྱེད་དགོས།  ཞུ་དག་སོང་ནས་པར་ཕུད་ཤོག་སྣག་པར་བ་ཀུན་གྱི་ངོས་ནས་ཡོང་བ་བྱས་ཏེ་འབུལ་བ་མ་གཏོགས་མི་གསལ་བ་དང་སྣག་འཚུབ་ལྟ་བུར་སོང་ན།  པར་བའི་ཤོག་སྣག་བསྒྲིགས་ནས་པར་དགོས།”[26]  གཉིས་ནས་པར་ཞུས་པའི་པར་ཤིང་རྣམས་དཔེ་ཆ་བླུ་མཁན་གྱི་དགོས་མཁོ་ལྟར་དཔར་དགོས།  “པར་རྒྱུའི་གོ་རིམ་སོགས་ཉིན་རེའི་དོ་དམ་པ་གང་ཡིན་ལ་འདྲི་བ་མ་གཏོགས་རང་རང་གིས་དབང་ཆོད་བྱས་མི་ཆོག པར་ཉེས་བྱས་ན།  པར་བས་ཤོག་སྣག་བསྒྲིགས་ཏེ་སླར་ཡང་པར་དགོས།  ལེགས་སྙོམས་དག་གསུམ་མཉམ་པ་ལ་ཨང་གུ་མི་མཉམ་པ་དང་ཨང་གུ་མཉམ་པ་ལ་ཡོན་དང་གནང་སྦྱིན་མི་མཉམ་པ་ཡོད་མི་ཆོག”[27]  པར་བའི་ཁ་གྲངས་ལ་བཅའ་ཡིག་ཏུ་“ལོ་གཅིག་ལ་སྣག་ཐེབ་རྒྱ་མ་སུམ་བརྒྱ་ཡོད་ན།  པར་བ་གཉིས་ལ་སུམ་བཅུ་སྦྱིན་དགོས།”ཞེས་པར་བ་གཉིས་ཡོད་པར་བསྟན་ཀྱང་སྔོན་ཆད་པར་བ་ལྔ་དྲུག་ཅིག་ཡོད་པའི་ངག་རྒྱུན་ཡང་ཡོད་པས་ངེས་གཏན་མེད་པར་སྙམ།[28]
          གསུམ།  གཞོགས་འདེགས་ཀྱི་ལས་ཚན་གསུམ།
          ༡  པར་ཁང་སྤྱི་བ།
          ལར་གཞུང་ཆེན་པོའི་རིགས་དང་གསུང་འབུམ་ལྟ་བུ་པར་དུ་བརྐོ་བར་སྐབས་བསྟུན་གྱི་ཡོན་བདག་དང་འབྲེལ་འཇོག་མཁན་མང་པོ་ཡོད་མོད།  པར་བརྐོན་གྲྭ་ཚང་གི་རྒྱུན་ལས་ཀྱི་པར་ཤིང་སྣ་རིང་གཞུང་ནས་མཁོ་འདོན་བྱེད་བཞིན་ཡོད་པས།  པར་ཤིང་མཁོ་སྒྲུབ་བྱེད་པར་ཆེད་དུ་མི་སྣ་ཞིག་བསྐོ་བཞག་བྱས་པ་དེར་པར་ཁང་སྤྱི་བ་ཟེར།  པར་ཁང་སྤྱི་བ་ལ་སྤྱི་རྫས་སུ་དངུལ་ལྔ་བཅུ་མ་གཅིག་དང་པར་ཤིང་བཞི་བརྒྱ་དང་བཅུ་དགུའི་རིན་ལ་མར་རྒྱ་མ་བརྒྱ་བཅས་ཡོད་པ་ནི།  བཅའ་ཡིག་ཏུ་“སྤྱི་རྫས་ཀྱི་སྣོན་པ་མར་རྒྱ་མ་བརྒྱ་”ཞེས་པ་འདི་ལ་གོ་དགོས་པར་སྙམ།[29]  ༡༩༥༩ལོའི་སྔོན་དུ་པར་བརྐོན་པ་གྲགས་ཅན་རྟ་སྒང་འཕྲིན་ལས་ཞུ་བ་པར་ཁང་སྤྱི་བ་ཡིན་པར་བརྗོད།    བཅའ་ཡིག་ཏུ་“པར་ཤིང་བཞི་བརྒྱ་དང་བཅུ་དགུ་ལ་མར་རྒྱ་མ་སྟོང་གིས་འགྲོ་སྒོ་བྱས་ནས་མ་འདང་ན་ལས་མི་ཐམས་ཅད་ཀྱི་འབབ་སྒོའི་སྟེང་ནས་ཆེ་ཆུང་མེད་པར་ཕབ་དགོས།  སྣ་རིང་བརྐོ་ཐུབ་པའི་པར་བརྐོས་པ་ཉེར་ལྔ་ཡོད་ཚེ་སྣ་རིང་བཞི་བརྒྱ་དང་བཅུ་དགུ་ལ་ཨང་གུ་ཅན་སུམ་བརྒྱ་ལས་མི་ཉུང་བ་དགོས།  སྣག་ཐེབ་ནང་ནས་འོང་དགོས་པའི་རིམ་པ་ལ།  པར་ཤིང་ལྔ་བཅུ་རེ་ལ་ཞུ་དག་གི་ཐེབ་མར་རྒྱ་མ་དྲུག་རེ་པར་ཤིང་བཞི་བརྒྱ་དང་བཅུ་དགུའི་རིན་ལ་མར་རྒྱ་མ་བརྒྱ་”ཞེས་ཡང་དང་བསྐྱར་དུ་པར་ཤིང་༤༡༩་གྲངས་ཀྱི་ཚད་ཐིག་ལ་བརྟེན་ནས་འགྲོ་སྒོ་དང་གནང་སྦྱིན་སོགས་ཐག་གཅོད་བྱེད་བཞིན་ཡོད་པས།[30]  པར་ཁང་སྤྱི་བས་ལོ་རེར་པར་ཤིང་སྣ་རིང་༤༡༩་ཚགས་བྱེད་དགོས་པ་ནི་ལོ་རེར་པར་བརྐོན་པ་ཡོངས་ཀྱིས་མ་མཐའ་ཡང་པར་ཤིང་སྣ་རིང་༤༡༩་བརྐོ་དགོས་པའི་ཚད་ཐིག་ཅིག་ཡིན་པར་འདོད་ཀྱང་།  ཅིའི་ཕྱིར་གྲངས་ཀྱིས་བཅད་པ་༤༡༩་ཡིན་ཚུལ་ད་དུང་ངེས་ཆ་མ་བྱུང་བས་སླར་ཡང་བརྟག་པར་བྱ་བའི་ཡུལ་དུ་བཞག་ཡོད།
          ༢  འདོན་གྲོགས།
          བཅའ་ཡིག་ཏུ་“པར་ཡིག་ལོ་གཅིག་ལ་ཤོག་གྲངས་བརྒྱ་རེ་བྲི་བརྐོས་ཀྱི་ཞུ་དག་འདོན་གྲོགས་དང་བཅས་བྱེད་པར་པར་ཤིང་སུམ་བརྒྱའི་ཐད་ཡིན་”ཞེས་པ་ལས་འདོན་གྲོགས་ཞེས་པའི་ལས་ཚན་ཞིག་ཡོད་པ་ནི་ཞུ་དག་གི་ལས་དང་ཉེ་བར་འབྲེལ་བ་ཤེས་ཐུབ་ལ།[31]  བུ་སྟོན་གྱིས་“ཞུ་དག་མཛད་དུས་འདོན་པ་པོས་བུལ་པོ་མཛད་ཅིང་ངེས་པོ་འོང་བ”ཞེས་གཞུང་ཆེན་བཞེངས་དུས་ཞུ་དག་གི་ལས་ལ་འདོན་པ་པོ་ཞིག་དགོས་ཤིང་།  ཀློག་འདོན་བྱེད་དུས་ཚིག་འགྲོས་དལ་ཞིང་བློ་ལ་འཇགས་པའི་སྒོ་ནས་འདོན་དགོས་པར་གདམས་ཡོད་པས་འདོན་གྲོགས་ནི་བསྟན་བཅོས་བཞེངས་པར་མེད་དུ་མི་རུང་བའི་ལས་ཚན་ཞིག་ཡིན་པ་ཤེས་ཐུབ།[32]  འདིར་ཞུ་དག་པ་ཨ་ཁུ་ཤེར་ཁོའི་འདོན་གྲོགས་བཞག་སྡོམ་ཧོར་རུ་པ་དཀོན་མཆོག་རྒྱ་མཚོ་ཡིན་ཞིང་།  ཨ་ཁུ་བཟོད་པ་མྱིག་ནག་གི་འདོན་གྲོགས་རྫིས་གཅོད་པ་ཨ་ཁུ་དཀོན་མཆོག་ཡིན་པར་བཤད་པས།  འདོན་གྲོགས་ནི་ཞུ་དག་པའི་ཆ་ནས་མིང་ཐོགས་པ་ཞིག་ཡིན་ལ།  ཞུ་དག་བྱེད་པའི་གོ་རིམ་ཁྲོད་དུ་ཞུ་དག་པའི་བྱ་བར་གཞོགས་འདེགས་མཁན་ལ་གོ་དགོས་ཏེ།  ཞུ་དག་པས་ཞུས་པའི་མ་ཡིག་ལ་ཤིང་ཞུས་དང་ཤོག་ཞུས་མཛད་དུས་འདོན་གྲོགས་ཀྱིས་མ་ཡིག་དང་བུ་ཡིག་ངོ་གཤིབ་ནས་ཡིག་འབྲུ་རེ་རེ་ཚིག་དོན་མ་ནོར་བར་ཀློག་འདོན་བྱས་ནས་ཆད་ལྷག་དང་ཡིག་ནོར་ཡོད་མེད་དག་བསྡུར་བྱེད་དགོས་པར་སྙམ།  འདོན་གྲོགས་ཀྱི་མིང་སྟེང་ནས་པར་གྲྭ་གཞན་དུ་མེད་པའི་ལས་ཚན་དམིགས་གསལ་བ་ཞིག་ཏུ་སྣང་ཡང་།  ལས་ཀྱི་ཆ་ནས་སྡེ་དགེ་བསྟན་འགྱུར་བཞེངས་དུས་ཞུ་དག་པའི་ཁྲོད་དུ་མ་ཕྱི་འདོན་པའི་ཞུ་ཆེན་པ་དང་བུ་ཡིག་གི་རྗེས་འདེད་པ།  པར་ཡིག་གི་ཡང་འདོན་པ།  པར་ངོས་ཀྱི་ཞུ་དག་པ་ཞེས་ལས་བགོས་གསལ་བའི་ལས་ཚན་བཞི་ཡོད་པས།[33]  བུ་ཡིག་གི་རྗེས་འདེད་པ་དང་པར་ཡིག་གི་ཡང་འདོན་པའི་ལས་གནས་དང་འདྲ་བར་སྣང་།
          ༣  ཇ་མ།
          དགོན་པའི་གྲྭ་ཚང་སོ་སོར་འདུ་ཁང་གི་ཟུར་དུ་ཇ་ཁང་དང་ཇ་མ་ཡོད་པ་བཞིན་པར་བརྐོན་གྲྭ་ཚང་ལའང་དེ་དེ་བཞིན་དུ་ཡོད་ཅིང་།  སྔོན་ཆད་པར་ཁང་ཆེན་མོའི་སྒོའི་གཡོན་ལོགས་སུ་པར་བརྐོན་པ་རྣམས་ཀྱིས་ཇ་ཐུག་བཞེས་སའི་ཇ་ཁང་ཡོད་པར་མ་ཟད།  ཇ་མ་ནི་པར་བརྐོན་གྲྭ་ཚང་གི་ལས་ཚན་གལ་ཆེན་ཞིག་ཡིན་ཏེ།  རྣམ་ཐར་དཔག་བསམ་ལྗོན་པ་དཔར་དུ་བརྐོ་དུས་སུ་ཇ་མ་ཤེས་རབ་སེངྒེ་དང་ཆུ་ལེན་བློ་བཟང་བསྟན་འཛིན་ཡིན་པ་གསལ་ཞིང་།[34]  བཅའ་ཡིག་ཏུ་“ཚོགས་ལ་ཐུག་པ་ཡོད་སྐབས་མི་རེ་ལ་པར་བརྐོན་གཞུང་གིས་ལྕགས་ཐོམ་གང་རེ་སྦྱིན་དགོས།  ཐུག་པའི་བཟང་ངན་ཚོགས་དང་འདྲ་འདྲ་བྱེད་དགོས།  ཇ་ཚོགས་ཐེབ་རེ་ལན་གསུམ་རེ་མིའི་མང་ཉུང་ལ་བལྟས་ནས་བབ་བསྟུན་སྦྱིན་དགོས།  བྲིས་པ་དང་ཞུ་དག་པ་རང་རང་གི་ཇ་ཚ་དགོས་ཚེ་རང་རང་གི་རྫ་མ་ལ་ཚད་དེ་པར་བས་ཇ་མའི་ལག་ཏུ་བཞག་ནས་སྲོ་དགོས།”ཞེས་མཚན་ཉིད་གྲྭ་ཚང་ལ་མང་འགྱེད་ཡོད་དུས་ཇ་མས་ཚོགས་ཐུག་ལེན་དགོས་ཤིང་།  ཚོགས་ཇ་མཚན་ཉིད་གྲྭ་ཚང་དང་འདྲ་བར་པར་བརྐོན་པའི་མང་ཉུང་ལྟར་ཇ་མས་སྐོལ་དགོས།[35]   བྲིས་པ་དང་ཞུ་དག་པའི་ཇ་གཞུང་ནས་གནང་སྲོལ་མེད་པར་རང་རང་གིས་ཇ་དང་རྫ་མ་གྲ་སྒྲིག་བྱས་ཏེ་པར་བའི་ལག་ཏུ་བཞག་ནས་སྲོ་བ་བཅས་ནི་ཇ་མའི་ལས་ཁུར་ཡིན་ནོ།  །
          གཉིས་པ།  པར་བརྐོར་ཉེར་མཁོའི་རྒྱུ་ཆ།
          དེ་ཡང་མི་སྒེར་དང་ཚོགས་སྤྱི་གང་རུང་ཞིག་ལས་ལེགས་ཉེས་དགེ་སྡུག་གང་ལ་འཇུག་ཀྱང་།  ལས་ཀའི་རྒྱུན་སྐྱོང་པ་ལ་བྱེད་པོ་གང་ཟག་ལས་ཕྱིའི་མཐུན་རྐྱེན་གྱི་ཉེར་བསྡོགས་དང་འབྲལ་ཐབས་མེད་པ་ཆོས་ཉིད་བཞིན།  རྩ་འཛུགས་དང་སྒྲིག་གཞི་ངེས་ཅན་ཡོད་པའི་པར་བརྐོན་གྲྭ་ཚང་ལ་མཚོན་ན།  བཀའ་དང་བསྟན་བཅོས་དཔར་དུ་བཞེངས་པར་རྒྱུ་ཆ་འཕོན་ཆེ་བ་ཞིག་དགོས་པས།  པར་བརྐོའི་ལས་ཀྱི་རྒྱུ་ཆའི་རིགས་ནི་པར་ཁང་ཞིག་ལ་མཚོན་ན་ཐོག་མར་པར་བརྐོའི་ཕྱག་ལས་གནང་སའི་ལས་གྲྭ་ཞིག་བཞེངས་པར་ཁང་པ་དང་པར་ཤིང་འཇོག་གནས་ཀྱི་ཀུན་དགའ་ར་བ།  པར་ཡིག་བསྐམ་ས་སོགས་ཕྱི་སྣོད་ཀྱི་བཀོད་པ་ལས་ཚན་སོ་སོའི་ལས་གནས་དང་བབ་བསྟུན་ཞིག་དགོས་ཤིང་།  པར་བརྐོའི་ལས་དངོས་ལ་འཇུག་སྐབས་པར་ཤིང་དང་ཤོག་བུ།  སྣག་ཚ་བཅས་རྩ་བའི་རྒྱུ་ཆ་དང་།  པར་ཤིང་འདུལ་སྦྱོང་དང་པར་ཡིག་འབྲི་བརྐོ།  ཤོག་བུ་དྲས་སྦྱར།  དཔེ་ཆ་པར་རྒྱག  པར་བརྐོའི་ལག་ཆ།  འཚོ་བའི་མཁོ་ཆས།  ཡོན་དང་གནང་སྦྱིན་སོགས་རྒྱུ་ཆ་དང་དཔལ་འབྱོར་གྱི་གཏོང་སྒོ་དཔག་ཏུ་མེད་པ་ཞིག་མཁོ་བས།  གསུང་རབ་སྣ་གཅིག་བཞེངས་པ་ལའང་ཉེར་མཁོའི་རྒྱུ་ཆ་སྣ་འཛོམས་པོ་ཞིག་དང་དངུལ་སྲང་གི་འགྲོ་སོང་འཕོན་ཆེན་པོ་ཞིག་དགོས་སྟེ།  ༡༨༣༣—༡༨༣༥ལོར་སྐུ་འབུམ་དུ་གསེར་ཏོག་ཨེར་དྷི་ནི་ཧོ་ཐོག་ཐུས་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་རིན་པོ་ཆེའི་གསུང་འབུམ་ཆ་ཚང་དཔར་དུ་བསྐྲུན་སྐབས་ཀྱི་ཞལ་འདེབས་དང་རྒྱུ་སོང་གི་སྐོར་གསུང་འབུམ་དེའི་ཁ་པོད་ཀྱི་མཇུག་ཏུ་དཀར་ཆག་སུག་བྲིས་བགྱིས་པའི་སྐོར་རགས་ཙམ་ཞུས་ན།  པར་ཤིང་དང་ལག་ཡོན་གྱི་རིགས་ལ་པར་ཤིང་།  བྲིས་པའི་ལག་ཡོན།  པར་བརྐོན་ལག་ཡོན་བཅས།  འཚོ་བའི་མཁོ་ཆས་དང་ཉེར་མཁོའི་རིགས་ལ་གྲོ།  ནས།  སྲན་མ།  ཤ།  རྩྭ།  འོ་མ།  ཚྭ།  མར།  སྣུམ་ནག  ཇ་བག  ཕྲུག་ཡུག  སྤོས།  ཐེར་མ།  ཁ་ཆེ་དྲི་བཟང་།  ཁ་བཏགས།  ཤིང་ཐོག  བཀཱའ་མེན།  འབྲས།  ཤོག་བུ།  སྣག་ཚ།  ཟམ་རས་བཅས།  པར་དུ་གྲུབ་རྗེས་རབ་གནས་དང་དགེ་འདུན་གྱི་བསྙེན་བཀུར།  སྤྱི་འཇོག་ལ་དྲ་བ་དྲ་ཕྱེད་ཆ་དང་།  དངུལ་སྲང་།  དོང་ཙེ།  མར་སོགས་རྒྱུ་དངོས་ཀྱི་རིགས་དང་གྲངས་ཀ་འཛད་མེད་ཅིག་མཁོ་སྒྲུབ་བྱས་ཡོད་པ་ལས་དཔག་ཐུབ།[36] 
          པར་བརྐོའི་ལས་ཀྱི་རིམ་པ་སོ་སོར་ཉེར་མཁོའི་རྒྱུ་ཆ་དང་ཡོན་གྱི་གཏོང་སྒོ་ས་གནས་ཀྱི་དཔལ་འབྱོར་དང་འཚོ་ཚིས་གཉེར་སྟངས།  ལག་རྩལ་དང་འབྲེལ་བ་དམ་པོ་ཞིག་ཡོད་པས།  མཐའ་གཅིག་ཏུ་དཔར་བརྐོན་ལ་ཕྱིའི་ཉེར་སྤྱོད་འདི་དང་འདི་དགོས་ཞེས་གཅིག་མཐུན་གྱི་ཚད་གཞི་ཞིག་མེད་ཀྱང་།  རྟེན་ཤིང་གི་ངོས་སུ་པར་ཡིག་བྲིས་པའི་ཤོག་བུ་སྦྱར་ཏེ་པར་བརྐོའི་ལག་ཆ་ལ་བརྟེན་ནས་པར་ཡིག་འབྲི་བརྐོ་དང་།  དེ་ནས་པར་ཤིང་ངོས་ཀྱི་པར་ཡིག་ཕབ་རྒྱུ་སྣག་ཚ་ལ་བརྟེན་ནས་ཤོག་བུའི་ངོས་སུ་དཔར་བའི་རིམ་པ་གཅིག་གྱུར་ཡིན་པས།  འདི་ལས་པར་ཤིང་དང་ཤོག་བུ།  སྣག་ཚ་བཅས་རྩ་བའི་རྒྱུ་ཆ་གསུམ་དང་།  པར་བརྐོའི་ལག་ཆ་བཅས་བྱེ་བྲག་ཏུ་འཆད་པར་བྱའོ།  །
          གཅིག  རྩ་བའི་རྒྱུ་ཆ་གསུམ།
          ༡  པར་ཤིང་།
          བཅའ་ཡིག་ལས།  “པར་ཤིང་རུལ་བ་གས་པོ།  འཁྱོག་པོ།  འཛེར་བ་ཅན་སོགས་མ་ཡིན་པའི་ངོས་གཙང་བ་འཐུག་སྲབ་མཉམ་པ་ལོ་གཅིག་ལ་འདངས་ངེས་ལས་ལྷག་པ་དགོས།”ཞེས་པ་ལྟར་སྟོན་མཇུག་ཤིང་ལོ་ལྷུང་མ་ཐག་པའི་ཤིང་སྟག་པ་དང་སེ་བ་གཉིས་སྤྱོད་ལ་སྟག་པང་དམར་པོ་རབ་ཡིན།[37]  པར་ཤིང་པར་ཁང་སྤྱི་བས་ཚགས་བྱེད་དགོས་ལ་དེའི་སྤྱི་རྫས་སུ་དངུལ་ལྔ་བཅུ་མ་གཅིག་དང་།  ལོ་གཅིག་ལ་པར་ཤིང་༤༡༩་རིན་ལ་མར་རྒྱ་མ་༡༠༠་ཡོད།  “དེ་ཤིང་སུལ་ལྟར་ཁ་གཤགས་ཤིང་མེའི་དུ་བ་ལ་བསྐམས།  དེ་རྗེས་རིལ་མའི་ནང་ལ་དགུན་ཟླ་གསུམ་གྱི་ཡུན་ལ་བསྙལ།  དེ་རྗེས་ཆུར་བཙོ་ཞིང་མེར་བསྐམས་ནས་ངོས་གཙང་ཞིང་སྙོམས་པར་བརྐོའོ།  །བརྐོས་མ་ཐག་པའི་པར་ཤིང་མར་ཁུར་ཉིན་ཞག་གཅིག་གི་ཡུན་ལ་སྦང་བར་བྱ་ཞིང་།  དེ་ནས་ཕྱིར་བཏོན་ཏེ་སྐེམ་ལ་རྩྭ་ཟོལ་པའི་ཁུ་བས་ལེགས་པར་བཀྲུ་ཞིང་སྐེམ་མོ།  །[38]”ཞེས་པར་ཤིང་འདུལ་སྦྱོང་གི་རིམ་པ་ཞིབ་ཚགས་བརྒྱུད་ན་ཤིང་ལ་ནེམ་ཆ་འབེབས་ཤིང་སྙི་མོར་ཆགས།   བརྐོ་དུས་གས་ཁ་མི་དོད་པ།  དགུན་དུས་གྲང་ངར་གྱིས་ཆག་གྲུམ་མི་ཤོར་བ།  རྐོ་གྲི་བསྐོར་བདེ་ཞིང་གཏིང་ཟབ་པར་བརྐོ་ཐུབ་པ།  ཡུན་རིང་ལ་ཉར་ཚགས་བྱེད་ཐུབ་པ།  ཟད་པའི་དུས་ཡུན་རིང་བའི་དགེ་མཚན་ལྡན།
          ༢  ཤོག་བུ།
          བོད་ཡུལ་དུ་རེ་ལྕག་བཀོལ་ནས་ཤོག་བཟོའི་ལག་རྩལ་ཚད་ལྡན་ཡོད་མོད།  སྡེ་འདི་ནས་ཤོག་བུ་གཞན་ནས་ཉོ་སྒྲུབ་བྱེད་པ་ལས་རང་དགོན་ལ་ཤོག་བུ་གསར་བཟོ་བྱེད་པའི་ལག་ཤེས་དར་མེད་པ་ལྟར་སྣང་།  བཅའ་ཡིག་ཏུ་“ཤོག་དམར་ངོས་གཙང་བྲི་ཤོག་རུང་བ།  པར་ཕུད་ཤོག་དཀར་རྩེར་སོན།  ཞུ་དག་ལ་ཤོག་དཀར་བབས་བསྟུན་བསྒྲིག་དགོས།  དེ་ལྟར་བྱས་ཀྱང་དེ་དག་ལ་ཁག་འཇོག་མཁན་ཡོད་ན་རིན་སྤྲད་ཆོག་”ཅེས་པ་དང་།  “ཤོག་གུ་རེའི་ཡོན་ལ་ཨང་གུ་དང་པོར་སྲང་བཞི་རེ་བྱས་ན་ཁྱོན་ལ་རྒྱ་མ་ཉེར་ལྔ།  ཨང་གུ་གཉིས་པར་ཉེར་གསུམ།  གསུམ་པར་ཉེར་གཅིག”ཅེས་ཤོག་བུའི་བཟང་ངན་གྱི་ཆ་ནས་རིམ་པ་གསུམ་དགར་ཡོད་དེ།[39]  བྲིས་པའི་ཤོག་བུ་དང་།  ཞུ་དག་པའི་ཤོག་བུ།  པར་འདེབས་ཀྱི་ཤོག་བུ་བཅས་ཡིན།
          བྲིས་པའི་ཤོག་བུ་ནི་ངོས་གཅིག་དཀར་པོ་དང་ངོས་གཅིག་དམར་པོ་ཡིན་པས་ཤོག་དམར་ཡང་ཟེར།  ངོས་དཀར་པོར་ཡི་གེ་བྲིས་ནས་པར་ཤིང་ངོས་སུ་སྦྱོར་ཞིང་།  དམར་པོར་བརླན་ཅུང་ཟད་བརྒྱབ་ནས་ལག་ཡང་མོས་ཕུར་ཕྱིས་ཀྱིས་དམར་པོ་རིམ་བཀོག་གིས་པར་ཡིག་མཐོང་རག་བར་ཕྱིས་ནས་པར་ཡིག་བརྐོ་བ་ཡིན།  ཞུ་དག་པའི་ཤོག་བུ་ནི་ཤོག་དཀར་འབྲིང་ཙམ།  དཔར་འདེབས་ཀྱི་ཤོག་དཀར་ལ་རྒྱུ་བ་ལེགས་ཉེས་ཀྱི་ཆ་ནས་རིམ་པ་གསུམ་ཡོད་པ་ལས་ཤོག་བུ་དཀར་པོ་རྩེར་སོན་ནི་ཀིརྟི་ཚང་ལ་པར་ཕུད་དཔར་སྤྱད་དང་།  རིམ་པ་འབྲིང་ཞན་གཉིས་ནི་རྒྱུན་ལྡན་གྱི་དཔེ་ཆ་དཔར་འདེབས་ལ་སྤྱོད་དགོས།
          ༣  སྣག་ཚ།
          བཅའ་ཡིག་ཏུ་“ལོ་རེར་སྣག་རིན་ལ་མར་རྒྱ་མ་དྲུག་ཅུ་རེ་ལྔ་རེ་སྤྲད་ནས་སྣག་ཚ་པར་བས་བསྒྲིགས་དགོས་”ཤིང་“བྲིས་པའི་བྲི་སྣག་གི་ཐེབ་ལ་ཤོག་གུ་བརྒྱ་རེ་ལ་མར་རྒྱ་མ་གང་རེ་ཡོད་”ཅེས་དཔར་འདེབས་ཀྱི་སྣག་ཚ་པར་བ་དག་གིས་བསྒྲིག་དགོས་ཤིང་།  བྲིས་པའི་སྣག་ཚ་རང་གིས་བསྒྲིག་དགོས།[40]  སྣག་ཚ་ཕབ་སྟངས་ནི་པར་བ་རྣམས་ཐེ་བོའི་རྐྱང་ཚ་དང་།  ཚོང་རུ།  གཟའ་རུའི་འབུ་ཐང་སོགས་སུ་ཕྱིན་ཏེ་ས་ཐབ་བརྐོ་བཟོས་ཀྱིས་ཐོག་གཡའ་ལེབ་ཀྱིས་གབ་པའི་ནང་དུ་ཤིང་གཟེད་མོ་ལ་དུད་པ་ཆེ་གཤིས་མེ་བཏང་བས་རྡོ་གཡའ་ལེབ་ངོར་དུད་དྲག་ཆགས་པ་བླངས་ནས་ཡི་གེ་མི་འཚུབ་པའི་ཆེད་དུ་ནས་ཚིག་ཆུ་ནང་དུ་བསྐོལ་པ་སྣག་ཚའི་ཆུ་བྱས་ཏེ་སྤྱིན་དང་ཀ་ར་དང་དབང་པོ་ལག་པ་བཅས་བསྲེས་ནས་སྣག་ཚ་ཕབ་པ་ཡིན།
          གཉིས།  པར་བརྐོའི་ལག་ཆ།
          པར་བརྐོན་པའི་སོར་མོའི་འདེགས་འཇོག་བསྒྱུར་བར་པར་བརྐོའི་ལག་ཆ་ཆ་ལག་དང་ལྡན་པ་ཞིག་མཁོ་བས་པར་ཁང་ཆེ་གྲས་དག་ལ་མགར་བ་རེ་གཏན་སྡོད་བྱེད་སྲོལ་ཡོད་ཅིང་།  འདིར་མཚོན་ན་རྣམ་ཐར་དཔག་བསམ་ལྗོན་པ་བཞེངས་དུས་མགར་བ་ཡི་དམ་ཚེ་རིང་དང་བློ་བཟང་བཀྲ་ཤིས་གཉིས་ཡོད་པ་བཞིན།[41]  ཐོག་མར་པར་བརྐོའི་ལག་ཆ་བཟོ་མཁན་གྱི་ལས་ཚན་ཡོད་པར་སྣང་མོད།  མགར་བརྡུང་བ་ནི་སྐྱ་བོའི་ལས་ཤིག་ཡིན་ལ།  འདིར་པར་བརྐོན་གྲྭ་ཚང་གི་རྣམ་པ་ཡིན་པས་གྲྭ་བས་མགར་ལས་བྱེད་སྲོལ་མེད་པའི་དབང་གིས་ཕྱིས་སུ་བཅའ་ཡིག་དང་ལས་གནས་དངོས་སུ་མགར་བའི་ལས་ཚན་མི་སྣང་།  དེ་ལྟར་ནའང་པར་བརྐོའི་ལག་ཆ་ནི་ཉེ་བར་མཁོ་བས།  པར་བརྐོན་རྒན་པ་དག་ལས་གནས་ནས་བུད་པའམ་སྐུ་གཤེགས་པ་སོགས་ལས་འཚོལ་སྒྲུབ་བྱས་ཏེ་“བརྐོས་གྲི་ཡིག་གཟུགས་ཆེ་ཆུང་དང་མཐུན་པ་རང་རང་གིས་བསྒྲིག་དགོས།”[42]
པར་བརྐོ་བར་གསལ་བྱེད་སུམ་ཅུའི་པར་ཡིག་ཤ་སྟག་མིན་པར།  ལཉྩ་དང་ཝརྟུལ།  མཆོག་ལྷ།  སྐུ་ཐང་།  དཔུང་རྒྱན།  རླུང་རྟ།  དབྱངས་ཡིག  གཟུངས་གཞུག  གཏེར་གྱི་ཙཀླི་སོགས་དབྱིབས་གཟུགས་སྣ་ཚོགས་ཡོད་པས།  པར་བརྐོའི་ལག་ཆ་ཡང་དེར་བསྟུན་གྱི་མ་ལག་ཆ་ཚང་ཞིག་དགོས་ཀྱང་།  སྔོན་གྱི་ཡིག་ཚང་དུ་པར་བརྐོའི་ལག་ཆ་ལ་བཤར་གྲི་དང་།  མིག་ཟོང་།  སྤོ་ཟོང་།  གསེག་གཅོད་ཆེ་ཆུང་གཉིས།  འཛུགས་ཟོང་རྣམ་གྲངས་ལྔ།  གཙབ་སྟ།  གཞོགས་བཅས་མིང་གི་རྣམ་གྲངས་ཉུང་ཙམ་བཀོད་ཡོད་ཅིང་།[43]  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་“གཞར་གྲི  མིག་གཟོང་།  སྦོ་གཟོང་།  གསེག་གཅོད་ཆེ་ཆུང་གཉིས།  འཛུགས་གཟོང་བཟོ་དབྱིབས་མི་འདྲ་བ་ལྔ།  གཙབས་སྟེ།  གཞོག་སོག་”ཅེས་གོང་གི་ལག་ཆ་དག་གི་མིང་བྲིས་ནོར་དུ་སོང་བ་བཅོས་ནས་དག་པར་བཀོད་པ་ལས་གཞན་དུ་མཐོང་ཐོས་མ་བྱུང་བས།[44]  འདིར་བཀོལ་སྤྱོད་བྱེད་བཞིན་པའི་ལག་ཆ་རྣམས་དཔེ་རིས་དང་བཅས་ཏེ་ཞུས་ན་འདི་ལྟ་སྟེ།
༡  བརྐོ་སྒམ།
 
      བརྐོ་སྒམ་ནི་རྐོ་གྲི་དང་འབིག་སོགས་པར་བརྐོའི་ལག་ཆ་ཉར་ཚགས་བྱེད་སྤྱད་ཀྱི་ཤིང་སྒམ་ཞིག་ཡིན་ལ།  སྟེང་ཕྱོགས་སུ་འབིག་སོགས་ཁ་ཐུར་བསྐོར་ནས་འཇོག་ས་དང་དེར་ཁ་ལེབ་ཅིག་ཀྱང་ཡོད།  ཞབས་སུ་ཁ་ལེན་དང་སུ་རུ།  སོག་ལེ་གཏུབ་འཕྲོ་སོགས་བསྡུ་སའི་འཐེན་སྒམ་ཞིག་ཡོད།  པར་བརྐོན་པ་རེ་རེར་བརྐོ་སྒམ་རེ་ཡོད་ལ་སོ་སོའི་ལག་ཆར་བདག་དམ་བྱེད་བཞིན་ཡོད།
༢  རྐོ་གྲི།
          རྐོ་གྲི་ནི་པར་ཡིག་བརྐོ་བར་སྤྱོད་སྒོ་ཡངས་པའི་ལག་ཆ་ཞིག་ཡིན་ལ།  གྲི་ཁ་གསེག་གཅོད་བྱས་ཏེ།  བརྐོ་སྟངས་ཀྱི་ཆ་ནས་གཙགས་བརྐོ་དང་གསེང་བརྐོ་ལ་བཀོལ་སྤྱོད་ཆེ་བའི་ལག་ཆ་གལ་ཆེན་ཞིག་ཡིན།  འདི་ལ་སྔོན་ཆད་གཙགས་གྲི་དང་གསེང་གྲི་ཞེས་རིགས་སོ་སོར་བགར་ཡོད།
༣  གཞོག་གྲི།

          གཞོག་གྲི་ནི་པར་ཡིག་མ་བརྐོས་པའི་ཡར་སྔོན་ལ་པར་ཤིང་གི་གདོང་དང་ངོས་སོགས་མཉམ་པར་གཞོག་སྤྱད་དེ་སྤྱིར་བཏང་གི་གྲི་ཞིག་ཡིན།
༤  རྐོ་འབིག་ཆེ་ཆུང་།
 
          རྐོ་འབིག་ནི་འབིག་ཁ་ཕྱེད་གོར་གྱིས་བཟོས་ཡོད་ཅིང་། ཡིག་གཟུགས་ཆེ་ཆུང་ལྟར་འབིག་ཁ་ཕྱེད་གོར་གྱི་ཁ་ལ་ཆེ་ཆུང་ཡོད།  བརྐོ་འབིག་འདི་གཉིས་ཀྱིས་མིང་གཞི་ཅ་ཆ་ཉ་ཏ་ཐ་ན་ཙ་ཚ་ཝ་ཞ་འ་ཡ་ལ་ཤ་ཧ་ཨ་རྣམས་ཀྱི་ནང་གོར་རྐོ་སྤྱད་དང་།  འགྲེང་བུ་མ་གཏོགས་པའི་དབྱངས་གསུམ།  དབུ་ཁྱུད།  ཡ་བཏགས།  ཧཱུཾ་ཡིག  མ་སྐུང་བཅས་ཀྱི་ནང་གོར་དང་ཕྱི་གོར་རྐོ་སྤྱད་དེ་བཀོལ་སྤྱོད་ཆེ་བའི་ལག་ཆ་ཞིག་ཡིན་ཞིང་།  པར་ཡིག་མང་ཆེ་ཤོས་རྐོ་གྲི་དང་རྐོ་འབིག་ལ་བརྟེན་ནས་བརྐོ་དགོས།
༥  ཞ་འབིག་ཆེ་ཆུང་།

          ཞ་འབིག་ནི་རྐོ་འབིག་དང་ཆ་འདྲ་བར་འབིག་ཁ་ཕྱེད་གོར་གྱིས་བཟོས་ཡོད་ཅིང་།  འབིག་ཁ་རྐོ་འབིག་ལས་ཆུང་།  ཡིག་གཟུགས་ཀྱི་ཆེ་ཆུང་ལྟར་ཞ་འབིགས་ལ་ཆེ་ཆུང་ཡོད་ལ།  ཞ་དང་ཉ་གཉིས་ཀྱི་ནང་གོར་ཁོ་ན་བརྐོ་སྤྱད་ཡིན་པས་ཞ་འབིག་ཅེས་འབོད།
༦  ཚབ་འབིག་ཆེ་ཆུང་གསུམ།

          ཚབ་འབིག་ནི་ཚེག་ཆད་པ་དང་།  ཡིག་རྐང་ཆག་པ།  ཡི་གེའི་ཆ་ཤས་ཆག་པ།  དབྱངས་བཞིའི་ཟུར་ཆ་ཆག་པ་བཅས་ཚབ་སྤྱད་ཀྱི་ལག་ཆ་ཞིག་ཡིན་ལ།  འབིག་ཁ་རྐོ་འབིག་དང་ཞ་འབིག་མི་འདྲ་བར་དྲང་མོ་ཡིན།  གང་ཚབ་རྒྱུའི་ཡི་གེའི་ཆེ་ཆུང་ལྟར་ཚབ་འབིག་གི་འབིག་ཁའི་སྲབ་མཐུག་དང་རིང་ཐུང་ལྟར་ཆེ་ཆུང་གསུམ་ཡོད།  ཚབ་སྟངས་ནི་གང་ཚབ་བྱའི་ཡི་གེའི་ཤུལ་དུ་ཚབ་འབིག་གིས་ཁུང་བུ་གཏོད་ནས་ནང་དུ་སུ་རུ་བཏགས་ཏེ་ཚབ་དགོས།
༧  གཏད་ཁ།
          གཏད་ཁ་ནི་ཉིས་ཤད་དང་བཞི་ཤད་ཀྱི་བར་སྟོང་།  དབུ་ཤོག་གི་མཐའ་ཐིག་གི་བར་སྟོང་།  སྤྱན་འཁྱེར་རྒྱའི་བར་སྟོང་།  ཤིང་ཚབ་རྐོ་སྤྱད་སོགས་པར་ཤིང་ནང་གི་སྟོང་ཆ་གང་ཡོད་གཏད་ཁས་བརྐོ་གཞོག་བྱེད་དགོས་ཤིང་།  གཏད་ཁའི་གྲི་ཁ་ཅུང་མཐུག་ལ་དྲང་གཅོད་བྱས་ཡོད།
༨  པུས་སྐྱོར།

          པར་བརྐོན་པ་དཀྱིལ་ཀྲུང་དུ་བཞུགས་ཤིང་པུས་མོ་གཡོན་པའི་འོག་ཏུ་པུས་སྐྱོར་བཞག་སྟེ་ལག་གཡོན་པས་པར་ཤིང་ལ་འཇུ་ཞིང་ལག་གཡས་པས་རྐོ་གྲི་བཟུང་སྟེ་པར་རྐོ་བ་ཡིན་པས།  པུས་སྐྱོར་ལ་པར་བརྐོན་པའི་ལུས་པོ་བབ་བརླིང་གཏན་འཇགས་དང་པར་ཤིང་དོ་མཉམ་གྱི་བྱེད་ནུས་ལྡན་པ་བཅས་པར་བརྐོར་མེད་དུ་མི་རུང་བའི་ཡོ་བྱད་ཅིག་ཡིན།  པུས་སྐྱོར་གྱི་རྒྱུ་ཆ་ཤིང་གིས་བྱེད་ཅིང་ཡུ་བ་གཅིག་ལས་མེད་ལ་མགོ་ཟླ་ཚེས་དབྱིབས་ཅན་བྱས་ཏེ་པུས་མོ་འཇོག་བདེ་བར་བཟོས་ཡོད།  པུས་སྐྱོར་རྭ་ཡིས་བཟོས་པའང་ཡོད།
༩  ཁ་ལེན།

          ཁ་ལེན་ནི་སྨྱུག་མ་ལེབ་མོ་ཞིག་གི་ངོས་སུ་མཉེས་ཟིན་པའི་ཀོ་བ་འཇམ་པོ་ཞིག་བཏགས་ཡོད་ཅིང་།  རྐོ་གྲི་རྡོ་བརྡར་ལ་བརྡར་ནས་རྣོ་ཕུད་དེ་བརྐོས་ནས་མི་ཆོད་པར་གྱུར་རྗེས་གྲི་ཁ་ལེན་བྱེད་ཀྱི་ལག་ཆ་ཞིག་ཡིན།  དེ་ནི་རྩྭ་འཐུ་དུས་འཐུ་མཁན་གྱི་རྐེད་པར་ཀོ་ཐག་ལེབ་མོ་རེ་བཏགས་ཤིང་མཚམས་མཚམས་སུ་ཟོར་བའི་ཁ་ཀོ་ཐག་ལེབ་མོའི་ངོས་སུ་བརྡར་བ་དང་མཚུངས།
༡༠  བརྡར།

          བརྡར་ནི་རྐོ་གྲི་ལ་རྣོ་དབལ་ཡོང་ཆེད་ཀྱི་རྡོ་བརྡར་ཞིག་སྟེ།  རྡོ་གང་ཡིན་གྱིས་བརྡར་མི་རུང་ལ་བརྡར་གང་ཡིན་རྐོ་གྲི་རྡོར་སྤྱད་ལ་སྤྱོད་མི་རུང་བས།  བོད་དུ་གྲི་རྡོར་སྤྱད་ཀྱི་བརྡར་རྡོ་ལེན་སའི་དམིགས་གསལ་གྱི་རྡོ་ཁུངས་ཡོད་ཅིང་རྐོ་གྲི་རྡོར་སྤྱད་ངེས་པར་དུ་བརྡར་འཇམ་ཁོ་ན་ཡིན་དགོས།
༡༡  བལ་གསེང་།

          བལ་གསེང་ནི་ལྕགས་སྐུད་མགོ་གུག་ཅིག་ཡིན་ལ།  རྐོ་གྲི་དང་འབིག་སོགས་ཀྱི་མགོ་ནང་དུ་གྲི་ཁ་བརྟན་པོ་ཡོང་སླད་བལ་བརྫངས་ཡོད་ཅིང་།  གྲི་ཁ་དང་འབིག་ཁ་ཟད་ནས་ཇེ་ཐུང་དུ་གྱུར་རྗེས་མགོ་ནང་ནས་ཕྱིར་འཐེན་ནས་ཤུལ་གྱི་སྟོང་ཆ་སྐོང་ཆེད་ནང་དུ་བལ་བརྫངས་བཞིན་ཡོད།  དེ་ལྟར་གྲི་དང་འབིག་ཟད་ནས་ཚར་རྗེས་མགོ་ནང་གི་བལ་ཕྱིར་འདོན་པར་བལ་གསེང་སྤྱོད་དགོས།
༡༢  སུར་གཏགས

          པར་ཤིང་འཚེམ་བཟོ་ལ་རིགས་གཉིས་ཏེ་ཡིག་འབྲུ་འགའ་ཆད་པ་ལ་ཤིང་ཚབ་འཕེན་དགོས་ཤིང་།  ཡི་གེའི་ཆ་ཤས་ཆག་པ་ལ་ཡིག་ཚབ་འཕེན་དགོས།  ཤིང་ཚབ་ནི་གཏད་ཁས་པར་ཤིང་ངོས་ནས་ཤིང་དུམ་བུ་ཞིག་བཅད་ནས་ཤུལ་དུ་ཆེ་ཆུང་གཅིག་པའི་ཤིང་ཞིག་འཕེན་དགོས།  ཡིག་ཚབ་ནི་ཚབ་འབིག་གིས་ཤུལ་དོད་ནས་ནང་དུ་སུ་རུས་ཚབ་བཞིན་ཡོད།  དེ་ལྟར་ཤིང་ཚབ་དང་སུ་རུ་པར་ཤིང་གི་ངོས་སུ་གཏགས་བྱེད་ཀྱི་ཐོ་བ་ལྟ་བུའི་ཡོ་བྱད་ལ་སུར་གཏགས་ཞེས་བརྗོད།
          མདོར་ན།  པར་བརྐོའི་རྒྱུ་ཆ་ནི་གྲངས་ཀྱིས་ངེས་པ་ཞིག་མ་ཡིན་ཞིང་།  དེ་དག་ལས་རྐོ་གྲི་ནི་པར་བརྐོར་མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན་པས།  སྤྱིའི་ཆ་ནས་རྐོ་གྲིའི་ཡུ་བ་ཤིང་དང་རྭས་བཟོ་ཞིང་།  མཐའ་ཤན་ལྕགས་སྲབ་ཀྱིས་བསླན་ནས་རྐོ་སྤྱད་ཀྱི་ལྕགས་ནི་སོག་ལེ་ཆུང་ངུར་རྣོ་ཕུད་དེ་རྐོ་ལྕགས་ཀྱི་ཁ་ཆེ་ཆུང་འདྲ་མིན་དང་།  བར་སྟོང་ཆེན་པོ་གཞོག་སྤྱད།  ཞ་གོར་སོགས་གོར་གཟུགས་རྐོ་སྤྱད།  ཆད་པ་ཤིང་ཚབ་རྐོ་སྤྱད་དེ་ཚབ་འབིགས་ལྟ་བུའི་རྐོ་གྲི་སྣ་ཚོགས་བཟོ་སྲོལ་ཡོད་པ་དེ་དག་གི་རྐོ་གྲིའི་ཁ་དབྱིབས་མ་འདྲ་བ་ལས་རྩ་བའི་ཆ་ནས་རྐོ་གྲི་བཟོ་སྟངས་གཅིག་མཚུངས་ཡིན་མོད།  རྐོ་གྲི་ལ་འདི་ལས་ཀྱང་རིགས་མང་པོས་ཀུན་གྱིས་འཆར་སྒོའི་གཤོག་ཟུང་ཡངས་པར་བརྐྱངས་དགོས་པ་ཅིས་ཀྱང་ངེས་པར་འཚལ།
          མཇུག་གཏམ།
          སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་པར་བརྐོན་གྲྭ་ཚང་ནི་དུས་རབས་བཅུ་དགུ་བའི་ནང་དུ་གཞི་ཚུགས་པས།[45]  དུས་ཀྱི་ཆ་ནས་བོད་ཀྱི་པར་ཁང་གྲགས་ཆེན་ཁག་དང་བསྡུར་ན་ཅུང་ཟད་འཕྱི་ཡང་།  སྔོན་བྱུང་པར་བརྐོས་ཀྱི་ལེགས་ཆའི་སྙིང་པོ་ཕྱོགས་གཅིག་ཏུ་དྲིལ་ནས་རང་གི་ཁྱད་ཆོས་འབུར་དུ་ཐོན་པའི་གྲྭ་ཚང་བཙུགས་ཏེ་ལོ་ངོ་བརྒྱ་ལྷག་གི་རིང་ལ་འཛིན་སྐྱོང་སྤེལ་གསུམ་བྱས་ཤིང་།  ཕྱི་ནང་གི་ལས་ཚན་གྱི་རིམ་པ་དང་ལས་བགོས་ཞིབ་ཚགས་ཀྱིས་གསུང་རབ་བསྟན་བཅོས་དཔར་དུ་བཞེངས་པའི་ལས་ལ་འཇུག་པས་ན།  པར་གྲྭ་འདི་ནི་དམངས་གཙོ་བཅོས་བསྒྱུར་གོང་གི་བོད་ཀྱི་པར་འདེབས་ཀྱི་ལག་རྩལ་ཡང་རྩེར་ཕྱིན་པའི་གྲུབ་འབྲས་དང་འཕེལ་ཕྱོགས་ཤིག་ཡིན་པར་སྙམ།  ད་ལྟ་ངེད་ཅག་གིས་བོད་ཀྱི་དཔེ་རྙིང་ཞིབ་འཇུག་དང་དཔར་འདེབས་ལག་རྩལ་ལ་ཕྱིར་མིག་བལྟ་བའི་ལམ་བུ་ཞིག་ཡིན་པས་སྡེ་འདིའི་ལས་ཚན་གྱི་རྣམ་གྲངས་དང་ལས་འགན།  ལས་ཚན་སོ་སོའི་འབྲེལ་ཡོད་རྒྱུ་ཆ་བཅས་རེའུ་མིག་ཏུ་བཀོད་དེ་ཀུན་གྱི་མིག་གི་དགའ་སྟོན་ཏུ་ཕུལ་བ་ལགས།

          ཟུར་བལྟའི་དཔྱད་ཡིག
[1]《རྗེ་ཙོང་ཁ་པའི་གསུང་འབུམ་ཁ་པོད》[M]  པེ་ཅིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2012 ལོ།  ཤོག་ངོས་202
[2] དུང་དཀར་བློ་བཟང་འཕྲིན་ལས།  《བོད་ཀྱི་དཀར་ཆག་རིག་པ》[M] པེ་ཅིང་།  མི་རིགས་དཔེ་སྐྲུན་ཁང་།  2004 ལོ།  ཤོག་ངོས་82
[3] ཀུན་མཁྱེན་འཇིགས་མེད་དབང་པོ།  《ཅོ་ནེའི་བསྟན་འགྱུར་དཀར་ཆག》[M] ལན་ཀྲུ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  1986 ལོ།  ཤོག་ངོས་447
[4]《བསྟན་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས་སྟོད་ཆ》[M]  པེ་ཅིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2005 ལོ།  ཤོག་ངོས་736
[5]《བསྟན་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས་སྟོད་ཆ》[M]  པེ་ཅིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2005 ལོ།  ཤོག་ངོས་736
[6] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[7]ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[8]《ཀིརྟི་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཀ་པོད》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[9] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[10]《བསྟན་འགྱུར་པོད་སྣ་ཚོགས་ཉོ》[M]  སྡེ་དགེ་ཤིང་དཔར།  ཤོག་ངོས་360
[11]《བཀའ་འགྱུར་དཔེ་བསྡུར་མའི་པོད༡༠༥》[M]  པེ་ཅིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2008 ལོ།  ཤོག་ངོས་243
[12]《བཀའ་འགྱུར་དཔེ་བསྡུར་མ་པོད༡༠༥》[M]  པེ་ཅིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།    2008 ལོ།  ཤོག་ངོས་239
[13]《རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་ཕ་པོད》[M]  རོང་བོ་དགོན་ཆེན་གྱི་ཤིང་དཔར།
[14]《ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་སྟོད་ཆ》[M]  པེ་ཅིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2007 ལོ།  ཤོག་ངོས་190
[15] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[16] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[17]ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[18]《བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་ལ་པོད》[M]  ཞོལ་དཔར་མ།  ཤོག་ངོས་102
[19] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[20]《བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་ལ་པོད》[M]  ཞོལ་དཔར་མ།  ཤོག་ངོས་102
[21]《ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་སྟོད་ཆ》[M]  པེ་ཅིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2007 ལོ།  ཤོག་ངོས་190
[22]《ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་སྨད་ཆ》[M]  པེ་ཅིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2007 ལོ།  ཤོག་ངོས་144
[23] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[24] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[25]ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[26] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[27] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[28] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[29] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[30] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[31] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[32]《བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་ལ་པོད》[M]  ཞོལ་དཔར་མ།  ཤོག་ངོས་102
[33]《བསྟན་འགྱུར་དཔར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས་སྟོད་ཆ》[M]  པེ་ཅིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2005 ལོ།  ཤོག་ངོས་733
[34]《ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་སྟོད་ཆ》[M]  པེ་ཅིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2007 ལོ།  ཤོག་ངོས་190
[35] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[36]《རྒྱལ་ཚབ་རྗེའི་གསུང་འབུམ་ཁ་པོད》[M]  སྐུ་འབུམ་དཔར་མ། ཤོག་ངོས་371-379
[37] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[38] ཀླུ་ཚང་རྡོ་རྗེ་རིན་ཆེན།  《བོད་ཀྱི་རྩོམ་རིགས་རྣམ་བཞག》[M]  པེ་ཅིང་།  མི་རིགས་དཔེ་སྐྲུན་ཁང་།  2004 ལོ།  ཤོག་ངོས་48
[39] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[40] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་པར།
[41]《ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་སྟོད་ཆ》[M]  པེ་ཅིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2007 ལོ།  ཤོག་ངོས་190
[42] ཀིརྟི་བློ་བཟང་འཕྲིན་ལས།  《དཔར་བརྐོན་བཅའ་ཡིག》[M]  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཤིང་དཔར།
[43] 《བཀའ་འགྱུར་དཔེ་བསྡུར་མའི་པོད་༡༠༦》[M]  པེ་ཅིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2008 ལོ།  ཤོག་ངོས་187
[44] དུང་དཀར་བློ་བཟང་འཕྲིན་ལས།  《བོད་ཀྱི་དཀར་ཆག་རིག་པ》[M]  པེ་ཅིང་།  མི་རིགས་དཔེ་སྐྲུན་ཁང་།  2004 ལོ།  ཤོག་ངོས་85