ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་སྐྱེ་ཁམས་མཛེས་རིག་ལ་དཔྱད་པ།

སྤེལ་དུས 2021-10-08 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། ཅོ་ནེ་ཡུམ་ཚེ་རིང་།
[ནང་དོན་གནད་བསྡུས།] བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ནི་སྲོག་ཆགས་དང་རྩི་ཤིང་། སྐྱེ་དངོས་མ་ཡིན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ཞིང་། དེའི་ནང་གི་མཛེས་རིག་གི་ལྟ་བ་ནི་སྐྱེ་ཁམས་རྩོམ་རིག་གི་ཁྱབ་ཁོངས་ནང་གི་ཆེས་དཔེ་མཚོན་རང་བཞིན་ཞིག་ཡིན་པ་སྨོས་མེད་རེད། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་སྐྱེ་ཁམས་མཛེས་རིག་གི་བསམ་བློ་དེ་ནི་སྐྱེ་ཁམས་རྩོམ་རིག་གི་ལྟ་སྦྱོང་དང་ཕྱི་ངོས་ཀྱི་རྒྱས་བཤད་ཙམ་གྱི་ཐོག་གཏན་ནས་ལུས་མེད་ཅིང་། དེའི་ནང་དུ་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་དང་མཛེས་དཔྱོད་ཀྱི་རིན་ཐང་ལྡན་ཡོད། དཔྱད་རྩོམ་འདིར་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་སྐྱེ་ཁམས་མཛེས་རིག་གི་བསམ་བློར་བརྟག་དཔྱད་བྱས་ཏེ། སྐྱེ་ཁམས་མཛེས་རིག་གིས་ནི་བོད་ཀྱི་རིག་གནས་སེམས་ཁམས་དང་རྩོམ་རིག་ལ་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་པ་དེ་གསལ་སྟོན་བྱས་ཡོད།
[གནད་ཚིག] སྲོལ་རྒྱུན་རྩོམ་རིག རབ་རྟོག་བརྩམས་སྒྲུང་། སྐྱེ་ཁམས་མཛེས་རིག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.9 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།] 1002-9060-2021-01-0132-13
          དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྐྱེ་ཁམས་རིག་པ་ནི་མིའི་རིགས་འཚོ་གནས་བྱེད་པའི་ཐད་ཀྱི་དོན་སྙིང་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ། མིའི་རིགས་ཀྱིས་ཁེ་ཕན་ཁོ་ནའི་སྒོ་ནས་རང་བྱུང་ཁམས་ལ་འཛིན་པའི་སྤྱོད་ཚུལ་ལ་ངོ་རྒོལ་བྱ་རྒྱུ་དེ་སྐྱེ་ཁམས་རྩོམ་རིག་པ་ཡོངས་ཀྱི་གཅིག་མཐུན་གྱི་ངོས་འཛིན་ཞིག་ཏུ་གྱུར་ཡོད། སྐྱེ་ཁམས་དོ་སྙོམས་སྲུང་སྐྱོང་དང་མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་བའི་ཐད་བོད་ཀྱི་སྲོལ་རྒྱུན་རིག་གནས་གོམས་སྲོལ་ཁྲོད་དུ་འཛེམ་བྱ་མང་པོ་ཡོད་ཅིང་། འཛེམ་བྱ་དེ་རིགས་ནི་བོད་ཀྱི་གནའ་གཞུང་རྩོམ་རིག་གསར་རྩོམ་གྱི་བརྗོད་དོན་གཙོ་བོར་གྱུར་ཡོད། དོན་སྙིང་གཞན་ཞིག་གི་ཐོག་ནས་བཤད་ན། བོད་ཀྱི་གནའ་གཞུང་རྩོམ་རིག་ནི་ཆེས་དཔེ་མཚོན་ཅན་གྱི་སྐྱེ་ཁམས་རྩོམ་རིག་ཡིན་ཞིང་། སྲོག་ཆགས་དང་རྩི་ཤིང་། སྐྱེ་དངོས་མ་ཡིན་པའི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ནི་དེ་བས་ཀྱང་དེ་འདྲ་རེད། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གསར་རྩོམ་བྱེད་མཁན་གྱི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་དག་ཏུ་རང་འགུལ་ངང་སྐྱེ་ཁམས་རྩོམ་རིག་གསར་རྩོམ་གྱི་འདུ་ཤེས་མཚོན་ཡོད་མེད་མི་ཤེས་མོད། དེང་རབས་ཀྱི་རྒྱུན་འབྱམས་སུ་གྱུར་པའི་སྐད་བརྡའི་མ་ལག་གི་ནང་ཁུངས་ནས་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དབྱེ་ཞིབ་བྱས་ན་སྐྱེ་ཁམས་རྩོམ་རིག་ཁྱབ་ཁོངས་སུ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་རིན་ཐང་བསྐྲུན་ཡོད་པས། དེ་ནི་རང་བྱུང་གི་བརྩེ་སེམས་དང་། མི་གཤིས་ཀྱི་སྙིང་སྟོབས། ཚེ་སྲོག་གི་འདུ་ཤེས་སོགས་ཀྱི་ངོས་ནས་མཚོན་དང་མཚོན་བཞིན་ཡོད།
          དང་པོ། “བདག་གཞན་གཉིས་སུ་མེད་པའི་”རང་བྱུང་གི་བརྩེ་སེམས།
          དེ་ཡང་“སྐྱེ་ཁམས་རྩོམ་རིག་ནི་སྐྱེ་ཁམས་སྤྱི་ཡོངས་རིང་ལུགས་སམ་ཡང་ན་སྐྱེ་ཁམས་སྤྱི་ཡོངས་ལྟ་བ་ཡིས་རང་བྱུང་དང་མིའི་དབར་གྱི་འབྲེལ་བར་མཛུབ་ཁྲིད་དང་རྟོག་ཞིབ་བྱེད་ཀྱི་ཡོད་” ①པས། མིའི་རིགས་ཀྱི་སྤྱི་ཚོགས་ནི་བཟོ་ལས་ཅན་དུ་འགྱུར་བའི་བགྲོད་ལམ་ཐོག་ཧ་ཅང་མགྱོགས་པོའི་ངང་བསྐྱོད་པར་མ་ཟད། དངོས་པོའི་དཔལ་ཡོན་གྱི་ཚད་མཐོན་པོ་ཞིག་ཀྱང་གསར་སྐྲུན་བྱས་ཡོད་མོད། འོན་ཀྱང་དེ་དག་ཐམས་ཅད་ནི་རང་བྱུང་ཁོར་ཡུག་གི་གཏོར་བརླག་རིན་དོད་དུ་བྱས་པས། ཚན་རྩལ་དང་དཔལ་འབྱོར་དར་རྒྱས་བྱུང་བའི་ས་ཆར་ཁོར་ཡུག་ལ་གཏོར་བརླག་དེ་ཙམ་ཚབས་ཆེན་ཐེབས་བཞིན་ཡོད་པ་རེད། 
          སྐྱེ་ཁམས་མཛེས་རིག་གི་ངོས་ནས་བརྗོད་ན། བོད་བརྒྱུད་ནང་བསྟན་གྱིས་བོན་ཆོས་ཀྱི་རང་བྱུང་ལ་གུས་ཤིང་སྐྲག་པའི་སྐྱེ་ཁམས་འདུ་ཤེས་གང་རྒྱུན་འཛིན་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་“ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་”ཞེས་པའི་རྟེན་འབྲེལ་གྱི་བསམ་བློ་དེ་ནི་མིའི་རིགས་འཚོ་གནས་བྱེད་པའི་རང་བྱུང་ཁམས་ལ་གཅེས་སྤྲས་དང་སྲུང་སྐྱོང་བྱེད་པའི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཨ་རིའི་དེང་རབས་ཀྱི་མིང་དུ་གྲགས་པའི་སྐྱེ་ཁམས་མི་ཆོས་རིག་པའི་མཁས་པ་ཧོར་མུའུ་སི་•ལོ་ཨར་སི་ཏུན་(Holmes Rolston)གྱིས་“མི་ལ་རང་བྱུང་ཁམས་ལ་རྒྱུས་ལོན་དང་ལོངས་སྤྱོད་བྱེད་པའི་ནུས་པ་ལྡན་པས། རང་བྱུང་ཁམས་ལ་ཤེས་རྟོགས་དང་མྱོང་རོལ་དང་ལོངས་སྤྱོད་བྱེད་པ་དེ་ཁོང་ཚོས་རང་བྱུང་ཁམས་ལ་བཅངས་པའི་སྐྱེ་དངོས་རིག་པའི་བེད་སྤྱོད་དེ་ལས་ཆེས་ཆེར་བརྒལ་ཡོད་”②ཅེས་གནད་ལ་འཕིགས་པའི་བཞེད་དགོངས་གནང་། དེའི་ཕྱིར་བོད་ཀྱི་རབ་ཏུ་བྱུང་བའི་སྐྱེས་བུ་དམ་པ་མི་ཉུང་བ་ཞིག་རི་ཁྲོད་འགྲིམས་ནས་སྒྲུབ་པ་ཉམས་ལེན་བྱེད་པ་ནི་ཁོང་ཚོས་དངོས་ཡོད་འཚོ་བ་ལས་གཡོལ་བའམ་ཡང་ན་ལུང་ཁུག་ཏུ་ཕྱིར་ལོག་ནས་བསམ་པའི་བདེ་བ་འཚོལ་ཞིབ་བྱེད་པ་ཁོ་ནར་གོ་བ་ལེན་རྒྱུ་མེད་པར། དེ་ནི་རང་བྱུང་ཁམས་ལ་མྱོང་རོལ་དང་ལོངས་སྤྱོད་བྱེད་པའི་ནུས་པ་གསོ་སྐྱོང་བྱེད་པའི་ཆེད་དུ་ཡིན་ཞེས་ན་ཅིས་མི་ཆོག དེ་དང་མཐུན་པར་མི་ནི་རང་བྱུང་གི་མཆེད་སྐྱེས་དངོས་རྫས་ཡིན་ལ་གདོད་ནུས་ཀྱི་སྒོ་ནས་རང་བྱུང་དུ་ཕྱིར་ལོག་པའི་བརྩེ་སེམས་དང་མཛེས་དཔྱོད་ཀྱི་རེ་བའང་ཡོད། ཀློང་ཆེན་རབ་འབྱམས་པ་དང་མི་ལ་རས་པ། རྗེ་ཙོང་ཁ་པ། རྫ་དཔལ་སྤྲུལ་སོགས་ཀྱི་གསུང་རྩོམ་ནང་དུ་མཚོན་པའི་འཇིག་རྟེན་དང་མཚན་ཉིད་རིག་པའི་བརྗོད་གཞི་ཚང་མ་ནི་རང་བྱུང་ཁམས་དཔེ་རུ་མཚོན་པའི་ཐབས་ལ་བརྟེན་ནས་གྲུབ་པ་ཤ་སྟག་ཡིན་ཞིང་། དེའི་ནང་གི་རི་ར་བ་ཁང་ཁྱིམ་སོགས་ལ་ཐུན་མོང་མ་ཡིན་པའི་མཚོ་བོད་ས་མཐོའི་རང་བྱུང་གི་ཉམས་དང་ལྡན་ཡོད། དཔེར་ན། བོད་ཀྱི་སྲོལ་རྒྱུན་གྱི་རབ་རྟོག་བརྩམས་སྒྲུང་《འཇོལ་མོའི་གཏམ་སྤྲིན་གྱི་ལྕུག་མའི་དོ་ཤལ་》གྱི་གཏམ་རྒྱུད་ནི་ནགས་ཚལ་ཁྲོད་དུ་བྱུང་བ་དང་།《རྫ་ཙིག་གཏམ་རྒྱུད་》ཅེས་པའི་གཏམ་རྒྱུད་དེ་བྲག་ཕུག་ནང་དུ་བྱུང་བ། 《གཏམ་པདྨའི་ཚལ་གྱི་ཟློས་གར་》གྱི་གཏམ་རྒྱུད་དེ་པདྨའི་ཚལ་དུ་བྱུང་བ། 《བཙུན་པ་དང་ར་ལུག་གླང་གསུམ་གྱི་འབེལ་གཏམ་》གྱི་གཏམ་རྒྱུད་ནི་རྩྭ་ཐང་དུ་བྱུང་བ་སྟེ། གནས་ཚུལ་དེ་དག་གི་ཁྲོད་ནས་ང་ཚོས་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་རྒྱབ་ལྗོངས་ཚང་མ་ནི་རང་བྱུང་ཁམས་སུ་གནས་ཡོད་པ་ཤེས་ཐུབ། ས་ཁམས་ཀྱི་དོན་སྤྱི་སླར་གསོ་བྱེད་པའི་སྐྱེ་ཁམས་མཛེས་རིག་གི་ཐད་ནས་བཤད་ན་དེ་རིགས་ནི་ཕྱིའི་སྣང་ཚུལ་ཙམ་ཡིན་མོད། འོན་ཀྱང་དེ་བས་ཀྱང་གཏིང་ཟབ་པའི་མཚན་ཉིད་རིག་པའི་ངོས་ནས་བརྗོད་ན། ཁོང་ཚོས་བརྗོད་པའི་ལྟ་བ་ནི་མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་བ་དེ་ཡིན། འབྲེལ་བ་དེ་རིགས་ཀྱི་ནང་དུ་“འཆམ་མཐུན་མཉམ་གནས་”ཀྱི་རྣམ་པ་དང་“གྲི་འཕྱར་སྙིང་གཟུགས་”ཀྱི་རྒྱུ་གཉིས་ཁ་གཏད་དུ་ལངས་པའི་གནས་ཚུལ་ཡང་གནས་ཡོད།
          རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ་(1867—1927)ཡི་བརྩམས་སྒྲུང་《དགེ་ཚུལ་དང་བྱ་རོག་》ཅེས་པར་བྱ་རོག་གི་འགྲན་སློང་དང་དགེ་སློང་གི་ཁོང་ཁྲོ་ཡིས་ཁེངས་ཡོད་མོད། འོན་ཀྱང་དེ་རུ་བརྩམས་ཆོས་ཧྲིལ་པོའི་ཁྲོད་དུ་རྩོམ་པ་པོས་ང་ཚོར་རང་བྱུང་ཁམས་ཆེན་པོའི་ནང་ཕན་ཚུན་འབྲེལ་ཞིང་འཆམ་མཐུན་ཡིན་པའི་སྤྱི་ཡོངས་ཀྱི་མཛེས་སྡུག་མཚོན་པར་བྱས་ཡོད། གཏམ་རྒྱུད་ཀྱི་འབྱུང་ཁུངས་ཀྱི་ཆ་ནས་བཤད་ན། “དེ་ནི་རབ་མཐོ་ཕྱོགས་ཀྱི་སྤྱི་བོར་འཛེགས།ནགས་ཀྱི་སྐྱེས་བུ་མང་པོས་ཉེ་འཁོར་གང་། བྱེའུའི་ན་ཆུང་ཤིན་ཏུ་དུལ་བ་རྣམས། དེ་དག་པང་ན་གླུ་དབྱངས་ལེན་པར་མཛེས།”③ ཞེས་པའི་མི་ཡུལ་གྱི་གནས་མཆོག་ཅིག་ཏུ་བྱུང་བ་ཡིན་པས། དེའི་ལྷོད་ཡངས་དང་བག་ཕེབས་ཀྱི་ཁོར་ཡུག་ཁྲོད་དུ་བརྩམས་སྒྲུང་གི་བྱུང་རིམ་དང་དེའི་ཛ་དྲག་གི་རང་བཞིན་ཆུང་དུ་ཕྱིན་ཏེ། མཛེས་སྡུག་ལྡན་པའི་རང་བྱུང་གི་རྣམ་པ་ཕྱི་རུ་མངོན་ཡོད། རང་བྱུང་གི་རྣམ་པ་དེ་རིགས་ཀྱི་རྒྱན་སྤྲོས་འོག་ཏུ་དགེ་ཚུལ་དང་བྱ་རོག་གིས་ཚགས་ཤ་སྐམ་པོ་ཞིག་གི་ཆེད་དུ་བྱུང་བའི་རྩོད་རྙོག་ནི་ཆུང་ཞིང་བཤད་རིན་མེད་པ་ཞིག་རེད། བརྩམས་སྒྲུང་ཁྲོད་ཀྱི་དགེ་ཚུལ་ནི་སྒེར་སེམས་ཆེ་བས་འཐབ་རྩོད་ལ་དགའ་མོད། འོན་ཀྱང་ཁོས་དུས་རྒྱུན་དུ་མཆོད་པ་བཤགས་དུས་གཏོར་མ་སོགས་མཆོད་རྫས་ཀྱིས་བྱ་རོག་གསོ་བཞིན་ཡོད། འདིས་ཁོའི་རང་རྒྱུད་ན་བྱམས་སེམས་དང་སྙིང་རྗེ་ཡོད་པ་གསལ་བཤད་བྱས་ཡོད། ཡང་དུས་ཡུན་ངེས་ཅན་ཞིག་འདས་པ་དང་བསྟུན་ནས་བྱ་རོག་ཁྱོ་ཤུག་གིས་ཡིད་ལ་དགེ་ཚུལ་གྱིས་ཟ་མི་བྲ་བའི་ཚགས་ཤ་སྐམ་པོ་དྲན་པར་མ་ཟད། མཐའ་མར་དགེ་ཚུལ་གྱིས་མི་རིག་ས་ནས་ཚགས་ཤ་ལྐོག་བཟོས་བྱས་པས་ཁོ་གཉིས་བར་གྱི་འགལ་བ་ཇེ་ཆེར་གྱུར། དེའི་ཉེ་འགྲམ་གྱི་བླ་མ་ཉི་མ་དཔལ་གྱིས་ཤེས་རྗེས། ཁོང་གིས་དགེ་ཚུལ་དང་བྱ་རོག་ཁྱོ་ཤུག་ལ་“བརྟན་གཡོ་མཐའ་དག་དཔྱིད་ཀྱི་བུ་མོ་དང་། ལྷན་ཅིག་ཀུན་དགའི་བདུད་རྩི་འཐུང་བ་ན། རྩོད་པས་རང་གི་བདེ་བ་འཇོམས་བྱེད་པའི། ཁྱོད་ཀྱི་ལས་འདིས་དགོས་པ་ཅི་ཞིག་ཐོབ།”④ཅེས་ཁ་ཏ་བསླབ་བྱ་བྱས། དེ་ནི་རྩོམ་པ་པོའི་སྨྱུག་རྩེ་ལས་བསྐྲུན་པའི་ཐུན་མོང་མ་ཡིན་པའི་བསམ་བློའི་བར་སྟོང་ཞིག་སྟེ་དགེ་ཚུལ་དང་བྱ་རོག་ཁྱོ་ཤུག་གཉིས་ནི་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན་ལ། མིའི་རིགས་ཀྱང་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན། ཡིན་ནའང་རིག་ལམ་གཞན་ཞིག་གི་ཐོག་ནས་བཤད་ན། གལ་ཏེ་བརྩམས་ཆོས་འདིའི་ཁྲོད་ཀྱི་དགེ་ཚུལ་དེ་རང་བྱུང་ཁམས་དང་བྱ་རོག་ནི་མིའི་རིགས་ཡིན་པའི་དབང་དུ་བཏང་ན་མིའི་རིགས་ཀྱིས་རང་བྱུང་ཁམས་ཀྱི་སྦྱིན་པ་ཡོངས་རྫོགས་ལོངས་སུ་སྤྱོད་མོད། འོན་ཀྱང་འདོད་རྔམ་ལ་ཚོད་འཛིན་སྤུ་ཙམ་ཡང་མེད་པར་རང་བྱུང་ཁམས་དབང་དུ་བསྡུ་བ་དང་འཕྲོག་བཅོམ་བྱེད་པའི་ཧམ་སེམས་སྐྱེས་ཏེ་མིའི་རིགས་ཐུན་མོང་གི་ཁྱིམ་གཞིས་ཏེ་སའི་གོ་ལ་ནི་ཁ་རལ་སྣ་རལ་དུ་བཏང་དང་གཏོང་བཞིན་ཡོད། དོན་སྙིང་འདིའི་ཐོག་ནས་བཤད་ན། བརྩམས་སྒྲུང་《དགེ་ཚུལ་དང་བྱ་རོག་》ཅེས་པའི་ནང་གི་བརྗོད་དོན་ནི་གཏམ་རྒྱུད་ཀྱི་ངོ་བོ་དང་གབ་མཚོན་གྱི་རང་བཞིན་ལྡན་པའི་མིའི་རིགས་ཀྱི་ལས་དབང་ཞིག་ཅི་ལ་མིན།
          འབྲོང་རྩེ་ཚང་བློ་བཟང་ཚུལ་ཁྲིམས་(1850—)ཀྱི་རབ་རྟོག་བརྩམས་སྒྲུང་《རྫ་ཙིག་གཏམ་རྒྱུད་》དུ་ཡང་དེ་དང་ཆ་འདྲ་བའི་གཏམ་རྒྱུད་ཡོད་དེ། དེ་ཡང་བྲག་སྐྱ་སེང་གེ་ཞེས་བྱ་བའི་དབེན་གནས་ཤིག་ན་སྒོམ་ཆེན་ཞིག་གིས་མཚན་དུས་དགེ་སྦྱོར་གྱི་རྒྱུན་ལ་ཅུང་ཟད་གནས་པའི་ཚེ། མིང་ལ་རྫ་ར་སེར་སྐྱ་དང་བྱི་བ་སྨུག་ཆུང་ཟེར་བའི་བྱི་བ་གཉིས་ཀྱིས་སྒོམ་ཆེན་གྱིས་ནམ་རྒྱུན་ཟས་ལྷག་འཐུང་ལྷག་གི་སྦྱིན་པ་གཏོང་བ་ཁྱད་དུ་བསད་ནས་སྒོམ་ཆེན་ལ་རྐུ་བྱས་ཏེ་གཏོར་མ་དང་ཞལ་ཟས་ནི་དུམ་བུར་བཏང་ཤིང་མཆོད་འབྲུ་དང་མཎྜལ་ཡོངས་ཐར་ཐོར་དུ་བཏང་ཟིན་པས། སྒོམ་ཆེན་དང་བྱི་བ་གཉིས་བར་འཁོན་འགྲས་བྱུང་། བརྩམས་སྒྲུང་འདི་ཡི་གཏམ་རྒྱུད་ཀྱི་བྱུང་རིམ་ཛ་དྲག་ཆེ་ཞིང་དགོད་བྲོ་བ་ཞིག་ཡིན་པས་ཅི་ཙམ་མང་དུ་བཀླགས་ན་དེ་ཙམ་གྱི་མྱོང་བ་འདྲ་མིན་སྐྱེས་ཡོང་། 《དགེ་ཚུལ་དང་བྱ་རོག་》ནང་གི་བྱ་རོག་ཁྱོ་ཤུག་གཉིས་དང་། 《རྫ་ཙིག་གཏམ་རྒྱུད་》ནང་གི་རྫ་ར་སེར་སྐྱ་དང་བྱི་བ་སྨུག་ཆུང་གཉིས་ཀྱིས་སོ་སོར་དགེ་ཚུལ་དང་སྒོམ་ཆེན་ལ་སྦྱོར་ངན་བཤམས་པ་ནི་འདོད་རྔམ་གྱིས་ཕྱུག་པ་ཞིག་ཡིན་པས། དེ་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་འཕྲོག་བཅོམ་དང་གཏོར་བརླག་བྱེད་པ་དང་ཀུན་ནས་མཚུངས་ཤིང་། བརྩམས་སྒྲུང་དེ་གཉིས་ཀྱི་ནང་དུ་རྩོམ་པ་པོས་བྱ་རོག་དང་བྱི་བ་སྤུན་གཉིས་གཙོས་པའི་འདབ་ཆགས་དང་སྲོག་ཆགས་ལ་བརྟེན་ནས་“དགེ་ཚུལ་དང་སྒོམ་ཆེན་”ལ་དྲིན་ལན་ལོག་འཇལ་བྱེད་པ་དང་བརྒྱུད་ནས་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཏོར་བཤིག་བཏང་བའི་སྐོར་གབ་མཚོན་བྱས་ཡོད། འོན་ཀྱང་བརྩམས་སྒྲུང་དེ་གཉིས་ཀྱི་མཇུག་བསྡུ་དུས་ཀྱི་བརྗོད་དོན་ནི་“བསམ་དོན་ཡིད་བཞིན་འགྲུབ་”པའི་ལག་ཐབས་སམ་འབྲི་སྟངས་དེ་སྤྱད་ཡོད་པས། དེ་ཡིས་བརྩམས་སྒྲུང་འདི་རིགས་ཀྱི་མཐའ་དཔྱོད་ནུས་ཤུགས་ཆེས་ཆེར་ཉམས་ཤིང་། ཐ་ན་གནའ་གཞུང་རྩོམ་རིག་གི་གཞུང་ལུགས་ཀྱི་སྟོང་བཤད་རྣམ་པའི་གོམས་སྲོལ་ལས་འདས་ཐུབ་མེད། དེ་ནི་རྩོམ་པ་པོའི་ཐོབ་ཐང་དང་ཁོ་ཚོ་གནས་སའི་དུས་རབས་ཀྱིས་བཟོས་པའི་བཀག་རྒྱ་ཞིག་ཡིན་ཡང་སྲིད་མོད། འོན་ཀྱང་བཀག་རྒྱ་དེ་ཡིས་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་སྐྱེ་ཁམས་མཛེས་རིག་གི་བསམ་བློར་ཚོད་འཛིན་ཐེབས་མེད་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་སྐྱེ་ཁམས་མཛེས་རིག་ལ་མཚན་ཉིད་རིག་པ་དང་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་ཡོད་པ་རེད།
          ཨ་རིའི་མི་རིགས་རིག་པ་བ་ཨོ་ཝུན་ལྭ་ཅི་ལོ་(ErrinLasz•lo)ཡིས་“འཛམ་གླིང་ཐོག་གི་གནད་དོན་མང་པོ་ཞིག་ནི་ཕྱི་རོལ་གྱི་མཐར་ཐུག་ནས་བྱུང་བ་ཡིན་མོད། འོན་ཀྱང་རྩ་བ་ནི་ནང་སེམས་ལ་རག་ལས་ཡོད། འཛམ་གླིང་ཐོག་གི་གནད་དོན་ཚང་མ་ཕལ་ཆེར་མིའི་རྐྱེན་ལས་མ་བྱུང་བ་གཅིག་ཀྱང་མེད། ……ང་ཚོས་བསམ་བློ་ཡང་ཡང་བཏང་རྗེས་སའི་གོ་ལའི་ཡོད་ཚད་ལ་འགྱུར་བ་གཏོང་དགོས་སྙམ་ནའང་རང་ཉིད་ལ་འགྱུར་བ་གཏོང་དགོས་པ་བསམ་མ་མྱོང་” ⑤ཞེས་གསུངས་པ་ལྟར། མིའི་རིགས་ཀྱིས་གང་འདོད་དུ་འཚོ་གནས་ཀྱི་སའི་གོ་ལར་གཏོར་བརླག་བྱས་ཏེ་ནམ་ཡང་སླར་གསོ་བྱེད་མི་ཐུབ་པའི་གནས་སུ་ལྷུང་དུ་བཅུག འོན་ཀྱང་བོན་ཆོས་དང་ནང་བསྟན་རིག་གནས་ཀྱི་ཤུགས་རྐྱེན་འོག་བོད་ཀྱི་རིག་གནས་འདུ་ཤེས་ཀྱི་ཁྲོད་དུ་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བསམ་བློ་དེ་གང་སར་མཐོང་རྒྱུ་ཡོད། དཔེར་ན། 《ཀླུ་གཉན་ས་བདག་གི་སྤང་སྐོང་》ཞེས་པར་རྒྱལ་པོའི་བཙུན་མོ་ཞིག་གིས་ཚོགས་བསག་དགེ་སྒྲུབ་ཀྱི་ཕྱིར་དུ་ཨར་ལས་འབོར་ཆེན་བྱས་ནས་དགོན་སྡེ་ཞིག་བཞེངས་བསྐྲུན་བྱས་པ་ན། བློ་ཡུལ་ལས་འདས་པ་ཞིག་ལ་དེ་ནི་ཡུལ་ལྷ་གཞི་བདག་དང་ཀླུ་ལ་ཕོག་ཐུག་བཏང་བས་ནད་ཡ་མཚན་ཅན་ཞིག་ཕོག་པ་རེད། ཁོ་མོས་རང་གི་ཉེས་པ་བཤགས་པའི་ཆེད་དུ་ཡུལ་ལྷ་གཞི་བདག་དང་ཀླུ་ལ་མཆོད་འབུལ་བྱས་ཏེ་གནོད་སྐྱོན་སེལ་ཐབས་ཀྱི་ལས་ལ་གཞོལ་བས་བཙུན་མོ་གཞི་ནས་ནད་གདོན་དང་བྲལ་ནས་དྲག་སྐྱེད་བྱུང་།⑥ ཞེས་པ་སྟེ་འདི་ནི་དམངས་ཁྲོད་དུ་ཁྱབ་པའི་གཏམ་རྒྱུད་ཅིག་ཡིན་མོད། འོན་ཀྱང་འདིར་བོད་མི་རིགས་ཀྱིས་རང་བྱུང་ཁམས་ཆེན་མོར་གུས་ཤིང་སྐྲག་པ་དང་སྲུང་སྐྱོང་བྱེད་པའི་འདུ་ཤེས་གང་དེ་མཐོང་ཐུབ། རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་དེ་རིགས་ནི་ཕྱི་ཚུལ་ཙམ་དུ་གནས་པ་ཞིག་མ་ཡིན་པར། རང་བྱུང་གི་བརྩེ་སེམས་དེ་རིགས་ལྷན་སྐྱེས་ནས་རྩ་ཟབ་སྡོང་བརྟན་གྱི་རིག་གནས་སེམས་ཁམས་དང་རིན་ཐང་གི་ངོས་འཛིན་གཅིག་མཐུན་དང་ལག་ལེན་དུ་གྱུར་པ་ཞིག་རེད།
          འཇར་མན་གྱི་ཧྲི་ལེ་(Scheele)ཡིས་《མ་རྩ་རིང་ལུགས་ཀྱི་འབྱུང་འགྱུར་》ཞེས་པའི་དཔེ་དེབ་ཏུ་“མིའི་རིགས་ཀྱི་ཚོད་ལྟ་དང་ལག་རྩལ་ཕྱོགས་ཀྱི་འཕེལ་རྒྱས་ཀྱིས་མིའི་རིགས་ཁེར་རྐྱང་དུ་བཏང་ནས། ཁོ་ཚོར་ཆེས་འཚམ་པའི་འཚོ་གནས་ཁོར་ཡུག་དང་སོ་སོར་བཀར་དུ་བཅུག་”⑦ཅེས་གསུངས་པ་ལྟར། མིའི་རིགས་དང་རང་བྱུང་ཁམས་དབར་འབྲེལ་བ་ཛ་དྲག་ཏུ་འགྲོ་བ་གང་དེ་མཚན་ཉིད་རིག་པའི་ངོས་ཀྱི་གནད་དོན་ཙམ་ཞིག་མིན་པར་དེ་ནི་《དགེ་ཚུལ་དང་བྱ་རོག་》ནང་གི་“བྱ་རོག་བཟའ་ཟླ་གཉིས་”དང་《རྫ་ཙིག་གཏམ་རྒྱུད་》ནང་གི་“རྫ་ར་སེར་སྐྱ་དང་བྱི་བ་སྨུག་ཆུང་”ཚོས་“དགེ་ཚུལ་དང་སྒོམ་ཆེན་”ལ་འཛིན་པའི་ལྟ་སྟངས་དང་འདྲ་བར། དེ་ནི་གང་འདོད་དུ་གཏེར་ཁ་སྔོག་འདོན་དང་ནགས་ཚལ་བཅད་དེ་རྩྭ་ཐང་བྱེ་མ་ཅན་དང་ཆུ་བོ་སྐམ་རྙོག་གི་ལས་སོགས་རང་བྱུང་ཁོར་ཡུག་ལ་གཏོར་བརླག་བྱས་པ་ལས་བྱུང་བར་མ་ཟད། རང་གི་འདོད་རྔམ་སྐོང་ཆེད་རི་སྐྱེས་སྲོག་ཆགས་སྣ་ཚོགས་གང་འདོད་དུ་བསད་དེ། སྐྱེ་ཁམས་དོ་མཉམ་མེད་པར་བཟོས་པས། རང་བྱུང་ཁམས་ལ་གཏོར་བརླག་ཚབས་ཆེན་བཟོས་པ་ལས་བྱུང་བ་ཞིག་རེད། འོན་ཀྱང་བོད་མི་རིགས་ཀྱི་རི་སྐྱེས་སྲོག་ཆགས་ལ་རང་དགར་རྔོན་རྒྱག་མི་ཆོག་པའི་འདོད་ཚུལ་དེ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འགན་ལེན་ཞིག་རེད། “སྔོན་ཆད་ས་ཆ་ཁ་ཤས་སུ་རི་དྭགས་མ་རྔོན་གོང་གཞི་བདག་གི་ས་ནས་རྔོན་སློང་བའི་གོམས་སྲོལ་ཡོད་པ་དང་།་་་་་་མཛད་སྒོ་དེ་རིགས་སྤེལ་སྐབས་ཁོ་ཚོ་རྟག་ཏུ་ངུ་བཞིན་‘ངས་རྒྱ་ལ་ཁྲལ་འཇལ་དགོས་པ་དང་། བོད་ལ་བུ་ལོན་འཇལ་དགོས། ངས་ཟ་རྒྱུ་རམ་བུ་ཡིན་ལ། ངས་གྱོན་རྒྱུ་ཀོ་ཁུག་ཡིན།’ ཞེས་བསང་མཆོད་བྱེད་བཞིན་གཞི་བདག་ལ་རྔོན་བསླང་ནས་རང་ཉིད་ཀྱི་འཚོ་བ་ལེགས་སུ་གཏོང་ཐུབ་པའི་རེ་བ་བཅངས་”⑧ཡོད། བོད་མི་རིགས་ཀྱིས་ཁེངས་སྐྱུང་དང་གཟབ་གཟབ་ཀྱི་ངང་ནས་རང་བྱུང་ཁམས་ལ་ལྟ་སྟངས་ཡག་པོ་འཛིན་པ་དང་རང་བྱུང་ཁམས་ཆེན་མོ་དང་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་འཛིན་པས། དེ་ཡིས་རང་བྱུང་ཁམས་ཆེན་མོ་རྒྱུན་གཏན་ལྟར་འཁོར་སྐྱོད་དང་སྐྱེ་དངོས་འབྲེལ་ཐག་རྒྱུན་མཐུད་པར་འགན་ལེན་བྱས་ཡོད། རང་རེའི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་《གཅན་གཟན་འཇིགས་པའི་གཏམ་རྒྱུད་》ནང་གི་སྲོག་ཆགས་དག་གིས་ཕན་ཚུན་དམར་གསོད་དང་། 《རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་》རུ། མིའི་རིགས་ཀྱིས་ཉེས་མེད་སྲོག་ཆགས་གང་བྱུང་དུ་བསད་པའི་བྱ་སྤྱོད་དག་ནི་རྩོམ་པ་པོས་ཁོར་ཡུག་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་དེང་རབས་ཀྱི་སྐྱེ་ཁམས་འདུ་ཤེས་ལས་རྙེད་པའི་གོ་རྟོགས་ཤིག་ཡིན་མིན་མི་ཤེས་མོད། འོན་ཀྱང་བརྩམས་སྒྲུང་གི་བྱུང་རིམ་ལས་རི་སྐྱེས་སྲོག་ཆགས་བསད་ཚེ་སྐྱེ་དངོས་ཀྱི་གཟན་གྱི་མུ་ཕྲེང་ལ་གཏོར་བཤིག་བཏང་བ་མ་ཟད། ཤེས་དཔལ་གྱི་རྣམ་པ་དང་རིན་ཐང་གི་འདུ་ཤེས་ལ་གཏོར་བཤིག་གཏོང་བའི་སྐྱེ་ཁམས་ཀྱི་མི་ཆོས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་མཚོན་དང་མཚོན་བཞིན་པ་རྟོགས་ཐུབ།
          བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་རྩོམ་པ་པོས་སྲོག་ཆགས་དང་རྩི་ཤིང་། སྲོག་མེད་དངོས་པོ་སོགས་མི་སྣ་གཙོ་བོར་བཟུང་ནས་“ཁོང་ཚོའི་”ལྟ་སྟངས་དང་ཀྱག་ཀྱོག་གི་ལས་དབང་དང་བརྒྱུད་དེ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཟུར་ངོས་མང་པོ་ཞིག་གབ་པའི་ཚུལ་གྱིས་སྟོན་བཞིན་ཡོད་ལ། དེ་ཡིས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མཛེས་དཔྱོད་ལྟ་བ་དང་། རང་བྱུང་ཁོར་ཡུག འཚོ་བ་དང་ཐོན་སྐྱེད་བྱེད་སྟངས་ལ་སོགས་པ་“ནང་གནས་ཀྱི་གཏན་ཚིགས་”ཤིག་ཡོད་པ་དང་། ལྷག་པར་དུ་རང་བྱུང་ཁམས་ལ་གཏོར་བཤིག་ཕོག་ནས་མིའི་རིགས་ཀྱི་འཚོ་གནས་ལ་ཉེན་ཁ་འཕྲད་སྐབས་སའི་གོ་ལ་སྲུང་སྐྱོང་དང་སྐྱེ་ཁམས་དོ་སྙོམས་རྒྱུན་འཁྱོངས་བྱ་རྒྱུ་དེ་མིའི་རིགས་ཀྱི་ཐུན་མོང་གི་ལས་འགན་ཞིག་ཏུ་གྱུར་པར་ཕྱོགས་སྟོན་བྱས་ཡོད་པས། དོན་སྙིང་དེའི་ཐོག་ནས་བརྗོད་ན། བོད་ཀྱི་རིག་གནས་སེམས་ཁམས་ལས་“བདག་གཞན་གཉིས་སུ་མེད་པའི་”རང་བྱུང་གི་བརྩེ་སེམས་དེ་ནི་དེང་གི་སྤྱི་ཚོགས་ཀྱི་གནས་སྐབས་ཙམ་ལ་ཕན་ཐོགས་པར་མ་ཟད། ད་དུང་མི་རབས་ནས་མི་རབས་སུའང་ཕན་ཐོགས་པ་གདོན་མི་ཟའོ། །
          གཉིས་པ། “ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་”མི་གཤིས་ཀྱི་སྙིང་སྟོབས།
          མཚོ་བོད་ས་མཐོའི་དམིགས་བསལ་གྱི་གནམ་གཤིས་དང་ས་ཁམས་ཀྱི་ཁྱད་ཆོས་ལས་མི་རྣམས་ཀྱིས་རང་བྱུང་ཁམས་ལ་རྒྱབ་བརྟེན་པ་ལས་འགོག་རྒོལ་དང་དབང་དུ་བསྡུ་བ་སོགས་མ་རུང་སྦྱོར་ངན་གྱི་ལྟ་བ་འཛིན་བཞིན་མེད་ལ། དེ་བཞིན་དུ་བོད་མི་རྣམས་ཀྱིས་རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་ཀྱི་འཚོ་གནས་མཚན་ཉིད་རིག་པ་དང་མཛེས་རིག་གི་བརྩེ་སེམས་ཤེས་པར་མ་ཟད། མཛེས་རིག་གི་བརྩེ་སེམས་དེ་རིགས་ཀྱིས་མི་དང་རང་བྱུང་ཁམས་དབར་ཕན་ཚུན་སྐུལ་འདེད་གཏོང་བའི་མི་གཤིས་ཀྱི་སྙིང་སྟོབས་ཤིག་ཆགས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་བཞེད་དགོངས་ལྟར་ནའང་མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་བ་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པ་ལས་གཅིག་གིས་གཅིག་ལ་གཏོར་བརླག་བྱ་བ་དེ་མ་ཡིན་ནོ། །
          ཧྥ་རན་སིའི་མཁས་དབང་ལེ་ཝེ་•པུའུ་ལིའུ་ཨེར་(LeryBruh l)གྱིས་མཛད་པའི་《གདོད་མའི་བསམ་གཞིག་》ཞེས་པར་“དཔེར་ན། གཡང་གཟར་དང་རི་གཟར་ལྟ་བུར་མཚོན་ན། དེའི་གནས་ཡུལ་དང་དབྱིབས་ལས་གདོད་མའི་མི་ལ་དངངས་སྐྲག་བསྐྱེད་པར་བརྟེན། དེ་དག་གི་ཁུངས་མེད་དང་ལྐོག་གྱུར་གྱི་ཁྱད་ཆོས་ཀྱིས་གང་ཉིད་ལ་མཆོག་གྱུར་གྱི་ངོ་བོ་ལྡན་པར་འགྱུར་སླ་ལ། གཙང་པོ་དང་། ཆུ་བོ། རླུང་། སྤྲིན་བཅས་ལ་ཡང་ལྐོག་གྱུར་གྱི་ནུས་པ་དེ་རིགས་ལྡན་པས།བར་སྟོང་གང་རུང་གི་ཆ་ཤས་དང་ཤར་ལྷོ་ནུབ་བྱང་གི་གནས་ཡུལ་ལའང་རང་ཉིད་ཀྱི་ལྐོག་གྱུར་གྱི་དོན་སྙིང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།”⑨ ཅེས་གསུངས་པ་ལྟར།ཤར་ཕྱོགས་དང་ནུབ་ཕྱོགས་གང་ཡིན་རུང་། རི་ཆུ་མི་གཤིས་ཅན་དུ་འགྱུར་བའི་འབྲི་ཕྱོགས་ཀྱིས་རྩོམ་རིག་བརྩམས་ཆོས་ཀྱི་མཛེས་རིག་གི་བསམ་བློ་ལ་རྒྱུ་ཆ་གསར་པ་བསྐྲུན་ཡོད། བོད་ཀྱིས་རང་བྱུང་ཁམས་ལ་མི་དང་འདྲ་མཉམ་གྱི་ཐོབ་ཐང་སྤྲད་ཡོད་པའི་ཕྱིར་རྒྱ་ཆེའི་བོད་རིགས་ས་ཁུལ་དུ་གནས་རི་དང་གནས་མཚོ་གང་སར་ཁྱབ་ཡོད། རི་ཆུ་དེ་དག་མ་གཞི་ས་གཤིས་ཀྱི་འགྱུར་ལྡོག་ཁྲོད་གྲུབ་ཟིན་པའི་དངོས་ཁམས་ཀྱི་རྣམ་པ་དང་སྐྱེ་དངོས་ཀྱི་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་བོད་མི་རིགས་ཀྱིས་རང་བྱུང་ཁམས་ལ་གུས་བཀུར་དང་དྲིན་ལན་འཇལ་བའི་བསམ་པ་བཅངས་ནས་རི་ཆུ་དང་རང་བྱུང་གི་བཀོད་པ་དེ་དག་མི་གཤིས་སུ་བསྒྱུར་བར་མ་ཟད། ཐ་ན་ཡུལ་ལྷ་གཞི་བདག་དང་ལྷ་ཀླུ་གཉན་གསུམ་སོགས་བཞུགས་སའི་གནས་ཁྱད་པར་བ་ཞིག་ལ་ངོས་འཛིན་བཞིན་ཡོད།
          བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་རྩོམ་པ་པོ་མང་ཆེ་བ་བླ་མ་སྤྲུལ་སྐུ་སོགས་སྐྱེས་བུ་དམ་པ་དག་ཡིན་པས།བརྩམས་སྒྲུང་གི་རྒྱབ་ལྗོངས་མང་ཆེ་བ་ཡང་ཁོང་ཚོས་སྒྲུབ་པ་ཉམས་ལེན་བྱ་ཡུལ་གྱི་སྒྲུབ་ཕུག་ཡིན་འདུག དཔེར་ན།《རྫ་ཙིག་གཏམ་རྒྱུད་》དང་། 《རི་བོང་གི་རྟོགས་པ་བརྗོད་པའི་དྲིས་ལན་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ》 《དགེ་ཚུལ་དང་ཕོག་རོག》 《འཇོལ་མོའི་གཏམ་སྤྲིན་གྱི་ལྕུག་མའི་དོ་ཤལ་》སོགས་བརྩམས་སྒྲུང་གི་གཏམ་རྒྱུད་འདི་དག་ནི་ཧ་ཅང་དབེན་པའི་གནས་སྒྲུབ་ཕུབ་སོགས་སུ་བྱུང་། སྒྲུབ་ཕུག་ནི་ལོ་མང་པོའི་ས་ཤུན་རྒྱུ་འགུལ་དང་ས་གཤིས་གྲུབ་ཚུལ་གྱི་འཕོ་འགྱུར་ལས་བྱུང་བའི་རང་བྱུང་བྲག་ཕུག་ཅིག་ཡིན། དེ་རུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སྒོམ་ཆེན་རྣམས་ཀྱིས་ཏིང་ངེ་འཛིན་ལ་བཞུགས་པ་སོགས་སྒྲུབ་པ་ཉམས་ལེན་བྱས་པས་བྲག་ཕུག་ལའང་ལྷ་སྒྲུང་གི་ནང་དོན་མང་པོ་ཞིག་སྤྲད་ཡོད་པས། དེ་ཡིས་རང་བྱུང་ཁོར་ཡུག་དེ་མི་གཤིས་ཅན་དུ་འགྱུར་བར་ཆ་རྐྱེན་བསྐྲུན་ཡོད། དགེ་རྒན་བཀྲ་བྷོ་ཡིས་བརྩམས་པའི་《རྒྱ་གར་གྱི་བྲམ་ཟེའི་རིག་གནས་དང་བོད་རིགས་ཀྱི་གནའ་གཞུང་རྩོམ་རིག་》ཅེས་པར་“བོད་ཀྱི་གཉུག་མའི་ཆོས་ལུགས་ལས་བྱུང་བའི་ལྷ་རྣམས་ཀྱང་རིག་བྱེད་ལས་བྱུང་བའི་ལྷ་རྣམས་དང་འདྲ་བར་ཆགས་སྡང་རྨོངས་གསུམ་དང་བཅས་(ལྡན)ཤིང་། འཇིག་རྟེན་ཁྱིམ་པའི་ཚུལ་དུ་གནས་པ་ཤ་སྟག་ཏུ་སྣང་།”⑩ཞེས་གསུངས་པ་ལྟར། མི་རྣམས་ཀྱིས་རི་ཆུ་འདི་དག་ལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ཡོད་པ་དེ་དག་ལ་ཞིབ་བཤེར་བྱས་ཏེ་དེ་ཉིད་ལྷའི་རང་བཞིན་དང་སྙན་ངག་གི་བྲོ་བ་ལྡན་པའི་མཚོན་བྱེད་དུ་འགྱུར་བར་བྱས་ཡོད། གནས་རི་དང་གནས་མཚོའི་འགྲམ་དུ་མ་ཎི་རྡོ་འབུམ་བརྩིགས་པ་དང་དར་ལྕོགས་བཙུགས་ཡོད་པ་ན་དེ་ཡིས་མི་དང་རང་བྱུང་ཁམས་ཆེན་མོའི་དབར་འབྲེལ་ཟམ་བཙུགས་ཡོད། “གདོད་མའི་བྱ་དངོས་ཡོད་ཚད་ལ་རྣམ་ཤེས་ཡོད་པར་སྨྲ་བ་དེས་གཞུང་དྲང་ཟོལ་མེད་དང་། སྦ་གསང་མེད་པ། གཟབ་ནན་ཡིན་པའི་ཚོད་དཔག་དེ་རིགས་བཏོན་ནས་རང་བྱུང་ཁམས་ལ་མི་རྣམས་ཀྱིས་མཛའ་བརྩེ་ལྡན་པའམ་ཡང་ན་འཇིགས་སུ་རུང་བའི་ལྷ་སྒྲུང་དང་ལྷ་སྒྲུང་གི་མི་སྣས་ཁེངས་པར་བྱས་ཡོད། དུས་རབས་ཁ་ཤས་ཀྱི་སྔོན་ནས་བཟུང་ལྷ་སྒྲུང་དེ་རིགས་ཀྱིས་མི་རྣམས་ཀྱི་མཛེས་རིག་དང་སྙན་ངག་གི་བསམ་བློ་གསོ་སྐྱོང་བྱས་ཡོད་”⑪པས། བོད་མི་རིགས་ཀྱིས་མཆོད་འབུལ་བྱེད་སྒོ་དེ་རིགས་ལ་བརྟེན་ནས་རང་བྱུང་ལ་གུས་ཤིང་བཀུར་བ་དང་རང་བྱུང་ཁམས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ཡོད། ཇོ་མོ་གླང་མ་དང་ཨ་མྱེས་རྨ་ཆེན། གཉན་ཆེན་ཐང་ལྷ་སོགས་གནས་རི་དང་། ད་དུང་གནམ་མཚོ་དང་མ་ཕམ་གཡུ་མཚོ། ཁྲི་ཤོར་རྒྱལ་མོ་སོགས་གནས་མཚོ་དང་བཅས་པར་མཛེས་སྡུག་དང་མི་སེམས་འགུལ་བའི་ལྷ་སྒྲུང་མང་པོ་ཡོད། རྗེས་སུ་ལྷ་སྒྲུང་དེ་རིགས་ནི་རྩོམ་པ་པོས་སྐྱེ་ཁམས་རྩོམ་རིག་གསར་རྩོམ་བྱེད་པའི་འཆར་སྣང་གི་འབྱུང་ཁུངས་ཤིག་ཏུ་གྱུར་ཡོད། རྡོ་རིང་བསྟན་འཛིན་དཔལ་འབྱོར་(1760—)གྱི་《བྱ་སྤྲེའུ་གཏམ་རྒྱུད་》ནི་རང་ཉིད་ཀྱི་མི་ཚེའི་བྱུང་བ་དང་ཉམས་མྱོང་ལ་གཞིགས་ནས་བྲིས་པའི་ཆབ་སྲིད་ཀྱི་རབ་རྟོག་བརྩམས་སྒྲུང་ཞིག་རེད། དེའི་ནང་སྤྲེའུ་ཚོགས་ཀྱིས་རང་གི་མངའ་ཁུངས་རྒྱ་བསྐྱེད་ཕྱིར་འདབ་ཆགས་བྱ་རིགས་ཀྱི་ནགས་ཚལ་བཙན་བཟུང་བྱས་པའི་གྱོད་གཞི་ཞིག་བྲིས་པ་བརྒྱུད་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་གོར་ཁས་བོད་ཀྱི་མཐའ་མཚམས་སུ་བཙན་འཛུལ་བྱས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་དེ་ཤུགས་སུ་བསྟན་ཡོད་ལ། བརྩམས་ཆོས་དེའི་ནང་སྤྲེའུ་དང་། ལྷ་བྱང་གོང་མོ། བྱ་དེ། རི་བོང་། ནེ་ཙོ་སོགས་མི་སྣ་མང་པོ་ཞིག་བཞེངས་བསྐྲུན་བྱས་པ་མ་ཟད།སྒྱུ་རྩལ་གྱི་རང་རྟོགས་ལས་བྱུང་བའི་མི་སྣ་དེ་དག་ནི་འདབ་ཆགས་དང་རི་སྐྱེས་སྲོག་ཆགས་ཡིན་ཡང་སྣང་བརྙན་གསོན་ཉམས་ལྡན་ཞིང་། མི་གཤིས་ཀྱིས་ཕྱུག་པས་ཀློག་པ་པོའི་ཡིད་ཀྱི་དབང་པོ་འཕྲོག་ཐུབ།
          བརྩམས་སྒྲུང་《བྱ་སྤྲེའུ་གཏམ་རྒྱུད་》དུ་འདབ་ཆགས་ཀྱིས་ལྷ་བྱ་གོང་མོ་མངགས་ནས་སྤྲེའུ་རྣམས་འགྲོ་དགོས་པའི་ཉེན་བརྡ་བཏང་། སྤྲེའུ་ཡི་འགོ་གཙོས་གོང་མོ་ལ་“ཀྱེ་ལྷ་བྱ་གོང་མོ་སྙན་གསོན་ཅིག། རི་ཡི་རྒྱལ་བོ་ཀུན་བཟང་འདི། །རྩ་བ་དབང་ཆེན་གསེར་ལ་ཐུག། སྐེད་པ་ཡན་ཆད་ས་སྟེང་སླེབས། །དེ་སྤྱི་མཐུན་ལས་ཀྱིས་གྲུབ་པ་ལ། །སྒེར་གྱིས་བདག་པོ་སྤྲོད་དོན་མེད། །”⑫ཅེས་ཟེར་བཞིན་དང་ལེན་མ་བྱས། དོན་དམ་པར་དངོས་ཡོད་ཀྱི་འཚོ་བའི་ཁྲོད་དུ་འདི་ལྟ་བུའི་རི་རྒྱལ་ཞིག་ཡོད་མི་སྲིད་ཀྱང་། བོད་མི་རིགས་ཀྱིས་རི་ཆུ་སོགས་རང་བྱུང་བཀོད་པ་ལ་ཚེ་སྲོག་སྤྲད་ཡོད་པས། མི་ཡུལ་དུ་མི་སེར་ལ་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་པོ་ཡོད་ན། རི་ཚོགས་ཁྲོད་དུ་རི་བོ་ལ་དབང་བསྒྱུར་བའི་རྒྱལ་པོ་ཞིག་ཡོད་ན་ཅིས་མི་ཆོག་གམ། དེའི་ཕྱིར་བོད་ཡུལ་གྱི་རི་བོ་ཆེ་ཆུང་ཚང་མ་ནི་ལྷ་སྒྲུང་གི་རང་བཞིན་དུ་གནས་པ་ཡང་རྒྱུན་ལྡན་ཞིག་རེད། བརྩམས་སྒྲུང་དེའི་ནང་བྱ་དང་སྤྲེའུ་གཉིས་ཀྱི་འགལ་བ་ནི་ཛ་དྲག་ཏུ་གྱུར་རུང་ཕྱོགས་གཉིས་ཀས་བར་བ་མངགས་ནས་འདུམ་བྱས་པས། མཐར་རྩྭ་རྩི་ཏོག་དང་ཤིང་འབྲས་སོགས་མཉམ་དུ་ལོངས་སྤྱོད་བྱེད་པར་གྲོས་འཆམས། གཏམ་རྒྱུད་འདི་ལས་མིའི་རིགས་ཕན་ཚུན་བར་རྩོད་གླེང་དང་དམག་འཁྲུག་ཡོད་ན། དེ་དང་མཐུན་པར་སྲོག་ཆགས་ཕན་ཚུན་བར་དུ་ཡང་དམག་འཁྲུག་དང་འཆམ་མཐུན་མིན་པའི་རྒྱུ་རྐྱེན་ཡོད་པ་བསྟན་པས། དོན་སྙིང་དེའི་ཐོག་ནས་བརྗོད་ན། བོད་མི་རིགས་ཀྱིས་རི་བོ་ཆེན་པོ་དང་། གཙང་པོ། ནགས་ཚལ་སོགས་རང་བྱུང་ཁམས་ཆེན་མོར་མི་གཤིས་ཀྱི་སྙིང་སྟོབས་སྦྱིན་ཡོད་པར་མ་ཟད། རང་བྱུང་ཁམས་ཆེན་མོར་འཚོ་སྡོད་བྱེད་པའི་འདབ་ཆགས་དང་རི་དྭགས་དང་བྱ་དང་སྤྲེའུ་ལྟ་བུ་མི་གཤིས་ཀྱིས་ཕྱུག་པ་བཟོས་ཡོད།
          མར་ཁེ་སིས་“མིས་རང་བྱུང་ཁམས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། དེ་གསལ་པོར་བཤད་ན། རང་བྱུང་ཁམས་ནི་མི་རྣམས་འཚོ་གནས་བྱེད་ཐུབ་པའི་ཆེད་དུ་དེ་དང་རྒྱུན་ཆད་མེད་པར་འབྲེལ་གཏུག་བྱེད་ངེས་ཡིན་པའི་མིའི་ཕུང་པོ་ཞིག་རེད།”⑬ ཅེས་གསུངས་པས། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་དུ་རྩོམ་པ་པོས་མི་ནི་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ལ་བརྩིས་ནས་རྒྱས་བཤད་བྱེད་པ་ཙམ་མ་ཡིན་པར། དེ་ལས་ལྡོག་སྟེ་རང་བྱུང་ཁམས་ལ་མི་གཤིས་སྦྱིན་པས་མི་དང་རང་བྱུང་ཁམས་དབར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་གནད་དོན་ཐད་ཚད་མཐོའི་གཅིག་གྱུར་གྱི་རྩོད་སྒྲུབ་ཀྱི་འབྲེལ་བ་ཞིག་ཆགས་ཡོད། སྟག་ཕུ་པ་བློ་བཟང་བསྟན་པའི་རྒྱལ་མཚན་(1724—1762)གྱི་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་》ལས་རྒྱལ་སྲས་ཆོས་ཀྱི་དགའ་བ་ནི་ལ་གཱ་ཨ་ནི་ཡིས་མགོ་སྐོར་བཏང་བས་རྣམ་ཤེས་ཁུ་བྱུག་གི་ལུས་སུ་ཞུགས་ནས་ཕྱིར་ཝ་ར་ན་སར་ལོག་མ་ཐུབ་མོད། འོན་ཀྱང་བླ་མ་དྲི་མེད་དཔལ་ལྡན་གྱི་ཐུགས་རྗེ་དང་བྱིན་རླབས་ཀྱི་དབང་གིས་བྱ་མགྲིན་སྔོན་ཟླ་བས་མི་སྐད་གོ་ལ་མི་གཏམ་བཤད་ཤེས་པར་མ་ཟད། ཁོས་འདབ་ཆགས་མང་པོ་ཞིག་ལ་དམ་པའི་ཆོས་གསུངས་པས། འདབ་ཆགས་དེ་དག་ནི་ཁོའི་འཁོར་གྱི་གཙོ་བོ་དང་གདུལ་བྱར་གྱུར། དེ་རིགས་ནི་སྲོག་ཆགས་མི་གཤིས་ཅན་དུ་འགྱུར་བའི་སྒྱུ་རྩལ་གྱི་མཚོན་ཐབས་དཔེ་མེད་ཅིག་རེད། བརྩམས་སྒྲུང་གི་ལེའུ་ལྔ་པའི་ནང་དུ་བྱ་མགྲིན་སྔོན་ཟླ་བ་ནི་བླ་མ་དྲི་མེད་དཔལ་ལྡན་གྱི་གདན་ཞུས་ལྟར་ཁོའི་སྒྲུབ་གནས་སུ་ཕྱིན་པས་དེ་ཡང་“རྡོ་རྗེའི་ཕུག་པ་ཞེས་པའི་མཁའ་འགྲོའི་ཚོགས་ཁང་འཇའ་འོད་ཀྱི་རང་བཞིན་གྲུ་བཞི་སྒོ་བཞི་པ་ཕྱི་ནང་སྒྲིག་མེད་དུ་མཐོང་བ་རྒྱན་དུ་མས་བརྒྱན་པའི་སྒོ་རེ་རེར་སྲུང་མ་གཉིས་རེ་འདུག་པ་ཤར་སྒོའི་སྲུང་མར་མཁའ་འགྲོ་མ་གཉིས་ཀྱིས་བརྡ་བྱས་པས་ནང་དུ་ཁྲིད་དེ།”⑭ ཞེས་པ་ན་བླ་མ་དྲི་མེད་དཔལ་ལྡན་གྱི་སྒྲུབ་གནས་དེ་ནི་གསེར་འོད་ལམ་ལམ་འཕྲོ་བའི་ལྷ་ཁང་དང་འདུ་ཁང་ཅི་ཡང་མ་ཡིན་པར་དེ་ནི་རྒྱ་གར་ནུབ་ཕྱོགས་ཀྱི་དུར་ཁྲོད་ཆེན་པོ་རོལ་བོ་རྔམ་པ་ཞེས་བྱ་བ་རེད། དོན་དམ་པར་ནང་བསྟན་དང་རང་བྱུང་ཁམས་ཀྱི་འབྲེལ་བ་ལ་ལོ་རྒྱུས་རིང་པོ་ལྡན་ཡོད། སངས་རྒྱས་ནི་རྒྱལ་སྲས་ཡིན་མོད། འོན་ཀྱང་ཁོང་རྒྱལ་པོའི་ཕོ་བྲང་དང་བྲལ་ཏེ་རབ་ཏུ་བྱུང་ཞིང་མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་ལ།ཆོས་ཀྱི་འཁོར་ལོ་ཐོག་མ་ནི་ནགས་ཚལ་ཞིག་ནས་བསྐོར་བས་རི་དྭགས་ཤྭ་བ་སོགས་སྲོག་ཆགས་སྣ་ཚོགས་ཁོང་གི་གདུལ་བྱར་གྱུར། ཕྱིས་སུ་ནང་བསྟན་ཀུན་རྫོབ་ཅན་དུ་གྱུར་པ་དང་བསྟུན་ནས་རང་བྱུང་ཁམས་དང་བར་ཐག་རིམ་བཞིན་རིང་དུ་ཕྱིན་ཡོད། བརྩམས་སྒྲུང་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་》ཀྱི་ནང་གི་རྒྱལ་སྲས་ཆོས་ཀྱི་དགའ་བའི་བཙུན་མོ་གསེར་བཟང་མས་ལ་གཱ་ཨ་ནི་ཡི་རྣམ་ཤེས་རྒྱལ་སྲས་ཀྱི་ཁོག་ཏུ་ཞུགས་ཤིང་རྒྱལ་སྲས་རྫུན་མ་ཡིན་པ་ཤེས་རྗེས། ཁོའི་གཟུ་རླུམ་དང་གཡོ་ཁྲམ་བཟོད་མ་ཐུབ་པར་ཕོ་བྲང་གི་སྒོ་ནས་ལ་གཱ་ཨ་ནི་ཡི་ངན་མཚང་བརྟོལ་བའི་གསང་ཡིག་བྲིས་རྗེས་རི་གསེབ་ཏུ་བྲོས་ཤིང་བར་ཆད་སྣ་ཚོགས་མྱངས། ལམ་ནས་ཁོ་མོ་བཀྲེས་ལྟོགས་ཀྱིས་མནར་བའི་སྟག་ཅིག་དང་འཕྲད་སྐབས། རང་འགུལ་ངང་སྟག་གི་འགྲམ་དུ་བཅར་ནས་རང་ཉིད་བློས་གཏོང་བར་འདོད། རྩོམ་པ་པོས་བརྩམས་སྒྲུང་ཁྲོད་དུ་འདི་ལྟ་བུའི་བྱུང་རིམ་ཇུས་འགོད་བྱས་པ་ནི་ཁུངས་མེད་ལུགས་མེད་ཅིག་ག་ལ་ཡིན་ཏེ། དེའི་ནང་དུ་སྟོན་པའི་འཁྲུངས་རབ་ཀྱི་སྟག་མོ་ལུས་སྦྱིན་སོགས་ལས་བྱུང་བའི་དམིགས་བསལ་གྱི་ཆོས་ལུགས་ཀྱི་བརྩེ་སེམས་འདུས་ཡོད། བོད་བརྒྱུད་ནང་བསྟན་གྱི་ཁྲོད་དུ་གཅོད་ཟེར་བའི་དམིགས་བསལ་གྱི་བྱེད་སྒོ་ཞིག་ཡོད་པ་དེ་ནི་རང་ཉིད་ཀྱི་ལུས་ཀྱི་ཤ་ཁྲག་གདོས་གསུམ་འབྱུང་བོའི་རིགས་ལ་སྦྱིན་པའི་ཆོ་ག་ཞིག་རེད། བོད་ཡུལ་གྱི་དགོན་སྡེ་ལ་ལར་རྟོགས་པ་ངེས་ཅན་ཡོད་པའི་གྲྭ་བཙུན་འགའ་རེ་སྐོར་དང་སྐོར་བྱས་ནས་དུར་ཁྲོད་དུ་སོང་ནས་གཅོད་གསུང་བཞིན་ཡོད། དེ་མིན་རི་ཁྲོད་ཀྱི་ནགས་ཚལ་དང་ལུང་ཁུག་སོགས་སུ་ཕྱིན་ནས་ཆུ་མིག་བརྒྱ་རྩ་བརྒྱད་འགྲིམ་ནས་ཀླུ་གསོ་བའི་སྲོལ་ཡང་ཡོད། འདི་དག་ཚང་མ་ནི་རང་བྱུང་ཁམས་ཆེན་མོ་དང་བྱ་དངོས་ཡོད་ཚད་ལ་རྣམ་ཤེས་ལྡན་པར་མ་ཟད། མི་གཤིས་ཡོད་པའི་ནུས་ལྡན་གྱི་དཔང་རྟགས་རེད།
          ཧོར་མུའུ་སི་ལོའར་སི་ཏུན་(HolmesRolson)གྱིས་“ཉམས་ལེན་དང་། སེམས་ཁམས་དང་ཡང་ན་སྐྱེ་དངོས་ཀྱི་བང་རིམ་གང་ཡིན་རུང་། མིའི་རིགས་དང་སྐྱེ་དངོས་གཞན་དག་དབར་འདྲ་ས་ཤིན་ཏུ་མང་པོ་ཡོད་”⑮ཅེས་གསུངས་པ་ལྟར། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་རྩོམ་པ་པོས་རྟག་པར་སྲོག་ཆགས་དང་རྩི་ཤིང་། སྐྱེ་དངོས་མིན་པའི་དངོས་པོ་རྣམས་ལ་མི་ཡི་བསམ་བློ་སྤྲད་ནས་དེ་དག་གིས་གནས་ལུགས་ཟབ་མོ་མང་པོ་གསལ་སྟོན་བྱེད་ཀྱི་ཡོད། དབོན་གྲོང་ཚེ་བརྟན་ཡེ་ཤེས་(1850—)ཀྱི་བརྩམས་སྒྲུང་《ཇ་ཆང་ལྷ་མོའི་བསྟན་བཅོས་》ཞེས་པ་དེ་ནི་རྩི་ཤིང་དང་སྐྱེ་དངོས་མིན་པའི་བརྩམས་ཆོས་ཤིག་ཡིན་པའི་ངོས་ནས་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ཁྲོད་དུ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ལྡན་ཡོད། བརྩམས་སྒྲུང་དེའི་ནང་བག་ཆགས་སྣང་བའི་གྲོང་ཁྱེར་ཞེས་པར། རྗེ་རང་རིགས་རྒྱལ་པོ་འཁོར་བཅས་དཔལ་འབྱོར་ལྷུན་གྲུབ་ཁང་དུ་འཚོགས་ཏེ་བཟའ་བཏུང་གི་ལོངས་སྤྱོད་ཀྱིས་དགྱེས་སྟོན་རྒྱ་ཆེར་རོལ་བ་ལ་མངོན་པར་ཕྱོགས་ཚེ། རྒྱལ་པོས་ཆང་རག་བཏུང་རྒྱུ་མང་ན་ལུས་མི་བདེ་བར་དོགས་ནས་གསོལ་ཇ་བཏུང་རྒྱུ་གྲ་སྒྲིག་བྱས། ཡིན་ནའང་ཆང་གི་ལྷ་མོ་བདེ་ལྡན་བདུད་རྩི་དང་ཇ་ཡི་ལྷ་མོ་ཤེས་རབ་སྒྲོལ་མ་གཉིས་ཀྱིས་རྒྱལ་བློན་རྣམས་ཀྱི་མདུན་ནས་རང་རང་གི་ཡོན་ཏན་ཕྱིར་ངོམ་ཕྱིར་རྩོད་གླེང་གི་སྒོ་མོ་ཕྱེས། ཇའི་ལྷ་མོ་ཤེས་རབ་སྒྲོལ་མས་རྒྱལ་པོར་རང་ཉིད་ཀྱི་མེས་པོ་དང་། ལོ་རྒྱུས། ཇ་འཐུང་བའི་ཕན་པ་བཅས་ཀྱི་ཐོག་ནས་ཆང་གི་སྐྱོན་སྣ་ཚོགས་དཔེར་དྲངས་ཏེ་རྒྱལ་པོས་ཆང་འདོར་རྒྱུའི་ཁ་ཏ་བྱས། དེ་དང་འདྲ་བར་ཆང་གི་ལྷ་མོས་ཡང་རྒྱལ་པོ་ལ་རང་ཉིད་ཀྱི་གདུང་རབས་དང་། ལོ་རྒྱུས། ཆང་རག་འཐུང་བའི་དགེ་མཚན་སོགས་ངོམ་ནས། རྒྱལ་པོས་ཇ་འདོར་དགོས་པའི་ཁ་ཏ་བྱས།མཐར་ཇ་དང་ཆང་གི་ལྷ་མོས་རྒྱལ་པོ་ལ་དྲང་མོ་དྲང་གཞག་གིས་འདུམ་གཅོད་རོགས་ཞེས་ཞུས་པ་ལ། རྒྱལ་པོས་ཇ་ཆང་ཚང་མ་མི་རྣམས་ལ་མཁོ་དགོས་ཡོད་མོད། འོན་ཀྱང་འཐུང་རྒྱུ་ཚང་མར་ཚད་རན་པོ་ཞིག་དགོས་པ་དང་། རང་ཉིད་ཡར་བཀྱགས་ནས་ཕ་རོལ་པོར་རྡུང་རྡེག་གཏོང་བའི་བྱེད་སྟངས་མི་འགྲིག་པར་འཆམ་མཐུན་མཉམ་གནས་བྱ་དགོས་ཞེས་འདུམ་མཛད། རྩོམ་པ་པོས་ཇ་སྡོང་ནས་བཏོག་པའི་ཇ་དང་འབྲུ་རིགས་སྣ་ལྔ་ལས་བཟོས་པའི་ཆང་དེ་ལྷ་མོ་གཉིས་ལ་དཔེ་བཞག་ནས་དེ་གཉིས་ལ་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་བསྩལ་བས།འདི་ནི་ཚད་མཐོན་པོའི་མི་གཤིས་ཅན་གྱི་མཛེས་རིག་གི་བསམ་བློ་ཞིག་ཡིན་ལ། འདི་ཡིས་རྩོམ་པ་པོའི་ཕུན་སུམ་ཚོགས་པའི་འཆར་སྣང་དང་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་ནུས་པ་མཚོན་ཡོད།
          བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་སྤྱི་ཡོངས་ནས་བལྟས་ཚེ། དེའི་རྩོམ་པ་པོས་བརྩམས་སྒྲུང་གསར་རྩོམ་བྱེད་སྐབས་སྲོག་ཆགས་དང་། རྩི་ཤིང་། སྐྱེ་དངོས་མིན་པའི་བརྩམས་ཆོས་ལ་བརྟེན་གྱི་ཡོད་མོད། འོན་ཀྱང་འཚོ་བའི་ཁོར་ཡུག་དང་མཛེས་རིག་དོན་གཉེར་བྱེད་སྟངས་མི་འདྲ་བའི་དབང་གིས་གཏམ་རྒྱུད་རེ་རེའི་ནང་དོན་དང་གོ་དོན་མི་འདྲ་བར་བརྟེན། བརྩམས་སྒྲུང་གི་མི་གཤིས་བསམ་བློའི་ནང་དུ་སྣ་མང་ཕུན་སུམ་ཚོགས་པའི་ས་ཁོངས་ཀྱི་ཁྱད་ཆོས་དང་མཛེས་རིག་གི་བསམ་བློ་ཚུད་ཡོད་པར་མ་ཟད། བོད་རིགས་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་མི་ཆོས་རིང་ལུགས་ཀྱང་ཚུད་ཡོད།
          གསུམ་པ། “བྱ་དངོས་ཀུན་ལ་རྣམ་ཤེས་ཡོད་པའི་”ཚེ་སྲོག་གི་འདུ་ཤེས།
          དེང་གི་འཛམ་གླིང་འདིར་མིའི་རིགས་ཀྱིས་འོས་འཚམ་མིན་པའི་སྒོ་ནས་རང་བྱུང་ཁམས་ལ་ཤུགས་རྐྱེན་ངན་པ་བཟོས་པ་ན། སའི་གོ་ལའི་སྟེང་གི་རི་སྐྱེས་སྐྱེ་དངོས་ཀྱི་དངོས་རིགས་དག་ཇེ་ཉུང་དང་རྒྱུན་ཆད་ལ་ཉེ་བར་འགྱུར་བཞིན་ཡོད་པས། དེ་ལས་མིའི་རིགས་ཀྱིས་སྲོག་ཆགས་གླིང་ཀའམ་ཡང་ན་“སྐྱེ་ཁམས་སྲུང་སྐྱོང་ཁུལ་”འགའ་རེར་བརྟེན་ནས་རང་བྱུང་ཁམས་ལ་སྲུང་སྐྱོང་བྱས་པར་འདོད་པ་ནི་རང་མགོ་རང་གཡོག་ཡིན་པ་གསལ་བཤད་བྱས་ཡོད། དེ་ཡང་རིགས་གཅིག་མཁས་པ་འགའ་ཞིག་གིས་བཞེད་པ་ལྟར་ན་“མིའི་རིགས་དང་རང་བྱུང་ཁམས་དབར་གྱི་འབྲེལ་བའི་ཐད་ནས།་་་་་་རང་བྱུང་ཁམས་དགེ་རྒན་དུ་བསྟེན་དགོས་པ་ལས། དེ་ནི་རྒྱུན་ཆད་མེད་པར་འཕྲོག་བཅོམ་བྱས་ཆོག་པའི་ཡུལ་དུ་བརྩི་མི་རུང་བར། མིའི་རིགས་གནས་པའི་རྨང་གཞི་ཡིན་པའི་ངེས་ཤེས་ཐོབ་དགོས་པའི་བླང་བྱ་བཏོན་” ⑯ཡོད་པས། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་འཛིན་པའི་རྣམ་འགྱུར་དང་སྐྱེ་ཁམས་མཛེས་རིག་གི་རེ་སྙེག་དེ་འཇིག་རྟེན་ལྟ་བ་བསྒྱུར་བཅོས་བྱེད་པའི་ལམ་ཕྱོགས་གསར་པ་ཞིག་ཡིན་ཏེ། དེ་ཡིས་ཏི་ཁར་དང་ཕེ་ཀེན། ཉིའུ་ཏུན་བཅས་ཀྱིས་ང་ཚོར་བཞག་པའི་མཚན་ཉིད་རིག་པའི་ཤུལ་བཞག་གི་ལྟ་བ་བསྒྱུར་ཐུབ་ཅིང་། ཐ་ན་དེ་ནི་ཀོ་པའེ་ཉིས་ཚན་རིག་དང་མཐུན་པའི་“ཉི་སྙིང་སྨྲ་བ་”ཡིས་ནུབ་ཕྱོགས་སུ་ལོ་ངོ་ཆིག་སྟོང་ལྷག་ཙམ་ལ་དབང་སྒྱུར་བའི་“ས་སྙིང་སྨྲ་བ་”ཡི་འཇིག་རྟེན་ལྟ་བ་བསྒྱུར་བའི་གསར་བརྗེའི་དོན་སྙིང་དང་ཧ་ལམ་འདྲ་ཙམ་རེད། 
          དེང་རབས་ཀྱི་སྐྱེ་ཁམས་རིག་པའི་ནང་མཛེས་རིག་གི་བསམ་བློ་འདུས་ཡོད་པར་མ་ཟད། ད་དུང་གཏིང་ཟབ་པའི་སྐྱེ་ཁམས་ཀྱི་མི་ཆོས་རིག་པའང་འདུས་ཡོད། “དེང་རབས་ཀྱི་སྐྱེ་ཁམས་རིག་པར་བརྟེན་ནས་འཛམ་གླིང་ལ་ཞིབ་ལྟ་བྱེད་པ་ནི་སྐྱེ་ཁམས་མཛེས་རིག་གི་མིག་རྒྱང་ཞིག་ཡིན། དེའི་སྲོག་ཤིང་ནི་རང་བྱུང་ཁམས་ཀྱི་ཁེ་དབང་ལ་ཁས་ལེན་དང་བརྩི་འཇོག་བྱ་རྒྱུ་དང་། རང་བྱུང་ཁམས་ལ་དེའི་ནང་གནས་ཀྱི་རིན་ཐང་ཡོད་པ་ཁས་ལེན་བྱ་རྒྱུ་དེ་རེད།”⑰ ནང་བསྟན་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གུ་ཡངས་དང་བསྟུན་མཁས་རང་བཞིན་ཆེ་ཤོས་ཀྱི་ཆོས་ལུགས་ཀྱི་གྲས་ཤིག་ཡིན་པས་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་སེམས་ཁམས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། བོད་བརྒྱུད་ནང་བསྟན་གྱིས་ཚེ་སྲོག་ལ་གནོད་འཚེ་གཏོང་བ་བཀག་དང་འགོག་བཞིན་ཡོད་མོད། འོན་ཀྱང་དེ་ནི་རིགས་པའི་གཞུང་ལུགས་ཀྱི་བམ་བཤད་ཙམ་དུ་ལུས་མེད། བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སོགས་ཀྱི་ཁྲིམས་གཏན་ལ་ཕབ་ཡོད་ཅིང་། ལྷ་ཆོས་དགེ་བ་བཅུ་ཡི་དོན་ཚན་དང་པོ་ནི་སྲོག་མི་གཅོད་པ་དེ་ཡིན། དེའི་ཕྱིར་བོད་བརྒྱུད་ནང་བསྟན་གྱི་“འཚེ་མེད་ཞི་བ་དང་ལས་རྒྱུ་འབྲས་”སོགས་ཀྱི་ལྟ་བ་ནི་འགྲོ་བ་མིའི་རིགས་གཙོས་སེམས་ཅན་ཀུན་གྱི་འདྲ་མཉམ་གྱི་བསམ་བློ་འཕེལ་རྒྱས་བྱུང་བའི་གཞི་རྩ་ཡིན་ལ། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་བོད་མི་རིགས་ཀྱི་རིག་གནས་སེམས་ཁམས་ཀྱི་ཚད་གཞི་ཞིག་ཏུ་གྱུར་ཡོད། དེའི་སྐོར་ནི་དགེ་བཤེས་དཀོན་མཆོག་རྒྱ་མཚོའི་(1791—1858)རབ་རྟོག་བརྩམས་སྒྲུང་《གཡག་ལུག་ར་ཕག་གི་གཏམ་རྒྱུད་》ཀྱི་ནང་དུའང་གབ་མཚོན་བྱས་ཡོད། བརྩམས་སྒྲུང་《གཡག་ལུག་ར་ཕག་གི་གཏམ་རྒྱུད་》ཀྱི་ནང་དུ་ཕག་ལོ་ལོ་ཅོ་བཤས་ཟིན་མོད། འོན་ཀྱང་བླ་མ་འགྲོ་བའི་མགོན་པོ་དང་སྔགས་པ་བདུད་འདུལ་རྡོ་རྗེ་གཉིས་ཀྱིས་ནང་པའི་རྗེས་འཇུག་ཡིན་ན་སེམས་ཅན་གྱི་སྲོག་ལེན་ཆོག་མིན་ལ་རྩོད་པ་ཡུན་རིང་གནང་རྗེས་ལུག་གཡང་དཀར་འབའ་འབའ་དང་། གཡག་འབྲོང་ཚ་རོག་པོ། ར་ཙེ་རེ་སོག་དཀར་གསུམ་ཚེ་ཐར་དུ་བཏང་། ཡིན་ནའང་ཁལ་ཁ་མཁན་པོ་ངག་དབང་བློ་བཟང་མཁས་གྲུབ་(1779—1837)ཀྱི་《བཙུན་པ་དང་ར་ལུག་གླང་གསུམ་གྱི་འབེལ་གཏམ་》ནང་གི་ར་ལུག་གླང་གསུམ་ནི་དེ་འདྲའི་ལས་བསོད་ཅན་ཞིག་མ་རེད། རྒྱུ་མཚན་ནི་བཙུན་པས་ཤན་པ་བོས་ནས་ཁོ་ཚོའི་སྲོག་ལེན་རྩིས་བྱས་པས། ར་ལུག་གླང་གསུམ་གྱིས་བཙུན་པ་ལ་ཞུ་བ་ཡང་ཡང་ཞུས་ཀྱང་ཁོས་“ཁྱེད་ཚོ་མ་བསད་ན་ང་ལ་ཟ་རྒྱུ་མེད་”ཅེས་ཟེར་བཞིན་ཁོ་ཚོའི་རེ་བ་ཁས་མ་བླངས། བརྩམས་སྒྲུང་དེའི་མཇུག་ཏུ་ར་ལུག་གླང་གསུམ་གྱིས་བཙུན་པ་ལ་ཉེས་མེད་སེམས་ཅན་གྱི་སྲོག་བཅད་ན་སྡིག་པ་ཆེན་པོ་ཡིན་ཟེར་ནས་གོ་སྐོན་བློ་འགུགས་ཡང་ཡང་བྱས་ཀྱང་བཙུན་པས་ཁོ་ཚོ་ཤན་པའི་ལག་ཏུ་བཞག་ནས་སྲོག་བཅད། དེ་མཚུངས་《རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་》ཡི་ཁྲོད་དུ་རྔོན་པས་སྒོམ་ཆེན་གྱི་ཁ་ཏ་ལ་མི་ཉན་པར་རི་དྭགས་ཀྱི་རྒྱལ་པོ་འདོད་པའི་ཁྱུ་མཆོག་བསད་པ་རེད། འདི་དང་འདི་ལྟ་བུའི་གཏམ་རྒྱུད་ལ་བལྟས་རྗེས། མི་ལ་ལས་གཉོམ་ཆུང་སེམས་ཅན་འདི་དག་ནི་མ་གཞི་ནས་མིའི་རིགས་ཀྱི་ཁ་ཟས་རེད་འདོད་དེ་སེམས་ཁུར་མི་བྱེད་ཀྱང་སྲིད་མོད། འོན་ཀྱང་མིའི་རིགས་ནི་རང་བྱུང་ཁམས་ཀྱི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས། མི་དང་རང་བྱུང་ཁམས་ཀྱི་དར་རྒུད་དང་འབྲེལ་བ་མེད་པ་ཞིག་ཏུ་གཏན་ནས་འགྱུར་མི་སྲིད། རྒྱུ་མཚན་ནི་མི་ཡུལ་གྱི་བྱ་དངོས་ཡོད་ཚད་དམ་ཆོས་ཐམས་ཅད་རྟེན་དང་རྟེན་འབྲེལ་གྱི་རང་བཞིན་ཡིན་པས། ཚེ་སྲོག་གི་རྣམ་པ་མི་འདྲ་བ་ཐམས་ཅད་ནི་“ཁྱེད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱེད་ཡོད་”པས། ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་ཡོད། ཚེ་སྲོག་ཚང་མར་སྤྲོ་སྣང་དང་ལ་རྒྱ་ལྡན་པར་བྱ་རྒྱུ་ནི་མིའི་རིགས་ལ་མངའ་བའི་སྐྱེ་ཁམས་ཀྱི་ཀུན་སྤྱོད་ཡིན་ལ། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་དང་བརྩམས་སྒྲུང་དེ་དག་ལས་ང་ཚོར་སྦྱིན་པའི་རྩ་ཆེའི་བློ་འབྱེད་ཅིག་ཏུ་ངེས།
          ཝང་ཁེ་ཅན་གྱིས་“སྐྱེ་ཁམས་རྩོམ་རིག་ཞིབ་འཇུག་ཐད་ང་ཚོའི་མིག་སྔའི་མིག་རྒྱང་ཅུང་ཟད་གུ་དོག་ཏུ་ཡོད་པ་དང་། ལྷག་པར་དུ་ང་ཚོས་གང་ས་གང་དུ་སྐྱེ་ཁམས་རྩོམ་རིག་ལ་ཁོར་ཡུག་རྩོམ་རིག་ཅེས་མིང་བཏགས་པ་དེས་རྩོམ་རིག་དེ་རིགས་ཀྱི་བརྗོད་བྱར་མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་བར་ཚོད་འཛིན་ཐེབས་ཡོད།”⑱ ཅེས་གསུངས་པ་ལྟར། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་རྩོམ་པ་པོས་རང་བྱུང་སྐྱེ་ཁམས་དང་བསམ་པའི་སྐྱེ་ཁམས་གང་ཚད་མཐོའི་གཅིག་གྱུར་བྱས་ཏེ། སའི་གོ་ལ་སྐྱོབ་པ་དང་མིའི་རིགས་ཀྱི་རྣམ་ཤེས་སྐྱོབ་པའི་ཚད་མཐོན་པོ་ཞིག་ནས་མཛེས་དཔྱོད་ཀྱི་གོ་རྟོགས་བརྙེས་ཡོད། རྫ་དཔལ་སྤྲུལ་(1808—1887)གྱི་སྐྱོ་གར་བརྩམས་སྒྲུང་《གཏམ་པད་མའི་ཚལ་གྱི་ཟློས་གར་》གྱི་ནང་དུ། གསེར་སྦྲང་དབྱངས་སྙན་དང་གཡུ་སྦྲང་འདབ་ཡངས་ནི་པད་མའི་ཚལ་དུ་འཚོ་སྡོད་བྱེད་པའི་སྦྲང་མ་ཁྱོ་ཤུག་གཉིས་རེད། དེ་གཉིས་རི་ཁྲོད་ཀྱི་དྲང་སྲོང་བྲམ་ཟེ་ཁྱེའུ་པད་མ་ཟེར་བ་དང་མཇལ། དྲང་སྲོང་གིས་སྦྲང་མ་བཟའ་ཟླ་གཉིས་ལ་ཕྱག་དབང་གི་བྱིན་རླབས་གནང་རྗེས་ཚེ་སྲོག་ནི་ཧ་ཅང་རྩ་ཆེན་ཡིན་པས། བེད་མེད་དུ་གཏོང་མི་རུང་ཞེས་ཁོ་ཚོར་ཞལ་གདམས་གནང་མོད། འོན་ཀྱང་སྦྲང་མ་གཟའ་ཟླ་གཉིས་མི་ཡུལ་གྱི་མཛེས་ལྗོངས་ལ་ཆགས་ནས་བག་མེད་དུ་རྩེད་འཇོར་རོལ་བཞིན་ཡོད། ཉིན་ཞིག་ལ་པད་མའི་ཚལ་དུ་གསེར་སྦྲང་གིས་མེ་ཏོག་གི་ཟེའུ་འབྲུ་འཇིབ་ལ། གཡུ་སྦྲང་དེ་དགའ་སྤྲོའི་ངང་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་པའི་སྐབས་སུ། གློ་བུར་དུ་སྤྲིན་ནག་གིས་ཉི་མའི་འོད་སྒྲིབ་ནས་ཅང་མ་འགོར་བར་ནམ་མཁའ་ནས་སེར་བ་བབས། པད་མའི་ཚལ་གྱི་པད་མ་རྣམས་སེར་བས་བཅོམས། བློ་ཡུལ་ལས་འདས་པ་ཞིག་ལ་གསེར་སྦྲང་སྙན་དབྱངས་མེ་ཏོག་གི་ཐུམ་བུ་ལས་ཕྱི་རུ་འཕུར་མ་ཐུབ་པས།གཡུ་སྦྲང་གིས་“ཀྱི་ཧུད་ཀྱི་ཧུད་འཇིགས་ཤིང་སྐྲག་པ། ཨ་ཙི་ཨ་ཙི་གློ་བུར་རྐྱེན་ངན། ཅི་བྱེད་ཅི་བྱེད་མ་རུངས་འཚེ་བ། འཕྲལ་དུ་འདི་རུ་བདུད་པོ་སུ་སླེབ་”⑲ཅེས་ཟེར་ནས་སེམས་སྡུག་ཆེན་པོས་སྐད་ཅོར་བརྒྱབ་པས། དེའི་ཚེ་གསེར་སྦྲང་གིས་གཡུ་སྦྲང་གིས་རང་ཉིད་ལ་འབོད་པའི་སྐད་ཐོས་ཤིང་རང་ཉིད་པདྨའི་སྦུབས་སུ་འཐུམས་པ་ཡང་ཤེས་པས། ཁོས་“ད་ནི་པདྨའི་སྦུབས་སུ་འདིར་ལྷ་འཕོ་ལྟུང་གི་སྡུག་བསྔལ་ལྟ་བུ་ཡུན་རིང་མྱོངས་ནས་མཐར་འཆི་དགོས་པ་ཡིན་ནོ། །”⑳ཞེས་ཟེར་བཞིན་སེམས་ཁྲལ་ཆེན་པོ་བྱེད་ཀྱང་མཐར་དྲག་ཆར་གཅིག་རྗེས་གཉིས་མཐུད་དུ་བབས་པས། པད་མའི་ཚལ་གྱི་པད་མ་རྣམས་རྩ་བ་ནས་བཀོག་ཏེ་རྫིང་བུའི་ནང་དུ་ལྷུང་བས་གསེར་སྦྲང་གི་སྲོག་ཤོར། རྩོམ་པ་པོས་བརྩམས་སྒྲུང་འདི་ལས་ནང་བསྟན་གྱི་མི་རྟག་པའི་ལྟ་བ་དྲིལ་བསྒྲགས་བྱས་ནས་མི་རྣམས་ལ་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས་པའི་དྲན་སྐུལ་བྱས་པ་ཡིན་མོད། འོན་ཀྱང་དེའི་ཤུགས་སུ་རང་བྱུང་ཁམས་ཆེན་མོ་དང་ཚེ་སྲོག་བར་གྱི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དེ་ཤེས་ཐུབ། ཡང་པད་མའི་ཚལ་དང་སྦྲང་མ་བཟའ་ཟླ་གཉིས་ཀྱི་འབྲེལ་བ་ཡིས་སའི་གོ་ལ་དང་མིའི་རིགས་མཚོན་ཡོད་དེ། གལ་ཏེ་སའི་གོ་ལར་གནོད་འཚེ་བྱུང་ན་མིའི་རིགས་ཀྱི་ཚེ་སྲོག་ཀྱང་ཤོར་སྲིད་པས། རྩོམ་པ་པོས་མིའི་རིགས་ལ་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ནང་བཞིན་རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་དགོས་པའི་སྐུལ་མ་བཏང་ཡོད།
          ཡ་ལི་ཧྲི་ཏུའོ་ཏེས་སྐྱོ་གར་གྱིས་མིའི་རྣམ་ཤེས་དྭངས་སུ་བཅུག་ཐུབ་ཟེར་བ་ལྟར་ 《རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་》ཡི་ནང་གི་རི་དྭགས་ཀྱི་རྒྱལ་པོ་འདོད་པའི་ཁྱུ་མཆོག་དང་། 《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་》ཀྱི་ནང་གི་བྱ་མགྲིན་སྔོན་ཟླ་བ། 《གཏམ་པད་མའི་ཚལ་གྱི་ཟློས་གར་》གྱི་ནང་གི་གསེར་སྦྲང་སོགས་ནི་མི་སྒེར་ལ་འཕྲད་པའི་ཡ་ང་བའི་བྱུང་བ་དག་སྐྱོ་གར་ལ་བརྟེན་ནས་འཁྲབ་སྟོན་བྱེད་པ་ཡིན་མོད། འོན་ཀྱང་དེ་དག་ལས་མངོན་པ་ནི་བྱམས་སེམས་དང་ཚེ་སྲོག་ལ་བཅངས་པའི་བརྩེ་བ་ཟབ་མོ་རང་རེད། རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་བར་ལ་ས་ཁམས་ཀྱི་བར་ཐག་ལེ་དབར་ཁྲི་ཕྲག་ཆོད་ལ་རིག་གནས་ཐོག་འགལ་རྐྱེན་རྒྱུན་མི་འཆད་པར་ཡོང་སྲིད་མོད། འོན་ཀྱང་མི་སྒེར་གྱི་ངོས་ནས་བཤད་ན་ཚེ་སྲོག་གི་མྱོང་བ་གཅིག་འདྲ་རེད། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་རྩོམ་རིག་གི་ཁྲོད་དུ་ཚེ་སྲོག་གི་རིན་ཐང་གཞན་དག་ལ་གཅེས་སྐྱོང་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་གི་འདུ་ཤེས་ཞིབ་འབྲི་བྱེད་པ་ཇེ་མང་ཡིན་པར་མ་ཟད། དེ་ནི་ཐུན་མོང་མ་ཡིན་པའི་མཛེས་རིག་གི་རིན་ཐང་ཞིག་ཏུ་གྱུར་ཡོད་པས། མིའི་རིགས་ཀྱི་བསམ་བློ་དང་བྱ་སྤྱོད་ཚང་མར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། “ཁ་ན་ཏའི་རྩོམ་པ་པོ་མོ་ཨེར་ཐེ་ཡིས་བརྩམས་པའི་《སྤྱང་ཀི་དང་མཉམ་དུ་རོལ་བ་》དང་། འཇར་མན་གྱི་རྩོམ་པ་པོ་ཅུན་ཐེ་ཀེ་ལ་སིའི་《བྱི་བ་ཨ་མ་》དང་《ཁྱིའི་ལོ་ཟླ》། དེ་སྔའི་སུའུ་ལན་གྱི་རྩོམ་པ་པོ་ཨའེ་ཐེ་མ་ཐུའོ་ཕུའི་《གྲུ་གཟིངས་》དང་《སྲོག་ཁྲིམས་སྟེགས་བུ》། ཀྲུང་གོའི་རྩོམ་པ་པོ་ཀུའོ་ཞུའེ་པོའོ་(郭雷波)ཡི་《བྱེ་ཐང་གི་སྤྱང་ཀི་》དང་《ཧྲ་ཧུའུ》། ཀྲུང་གོའི་རྩོམ་པ་པོ་ཡེ་ཀོང་ཆིན་(叶广芩)གྱི་《སྟག་ཏ་ཧྥུ་》དང་《དོམ་ཧྲོའུ་ཅན་》སོགས་ཀྱི་ནང་དུ་ནང་བསྟན་གྱི་ཡོངས་ཁྱབ་རང་བཞིན་དང་། ཚེ་སྲོག་འདྲ་མཉམ། འགྲོ་ཀུན་སྙིང་པོ་ཐོབ་པའི་བསམ་བློ་བཅས་མཚོན་པ་ནི་དེ་བས་གཏིང་ཟབ་པའི་མི་ཆོས་ཀྱི་འདུ་ཤེས་ཤིག་ཡིན་ལ། ནང་བསྟན་གྱི་བསམ་བློ་དེ་སྟབས་བདེའི་ངང་བསྐྱར་ཟློས་བྱས་པ་ཞིག་ཀྱང་མིན་པར། དེ་རུ་རྩ་ཆེ་བའི་དེང་རབས་ཀྱི་མཛེས་དཔྱོད་བསམ་བློ་ཞིག་ཡོད།”(21) བོད་མི་རིགས་ནི་མཚོ་བོད་ས་མཐོར་འཚོ་བ་སྐྱེལ་བཞིན་ཡོད་པས་རང་བྱུང་ཁམས་ཆེན་མོའི་ཚ་གྲང་ལ་ཤེས་ཚོར་རྣོན་པོ་ཡོད་པ་ན། དེར་བརྟེན་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་ནང་དུ་རང་བྱུང་ཁམས་ཆེན་མོས་“དངོས་པོ་ཀུན་ལ་རྣམ་ཤེས་ཡོད་པ་”ཞེས་པའི་ནང་དོན་ཟབ་མོ་བཀོད་ཡོད། ཚེ་སྲོག་གི་འདུ་ཤེས་དེ་རིགས་ལས་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་དང་མཛེས་རིག་གི་བསམ་བློ་ཞིག་ཆགས་ཡོད།
          མདོར་ན། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ནི་སྲོག་ཆགས་དང་རྩི་ཤིང་། སྐྱེ་དངོས་མ་ཡིན་པ་བཅས་གཙོ་བོར་འཛིན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། དེའི་ནང་དུ་འདུས་པའི་མཛེས་རིག་གི་འདུ་ཤེས་ནི་ཆེས་དཔེ་མཚོན་ཅན་གྱི་སྐྱེ་ཁམས་རྩོམ་རིག་གི་ཁྱབ་ཁོངས་ཡིན། དེའི་རྐྱེན་གྱིས་བོད་ཀྱི་རྩོམ་རིག་ཡོངས་ཀྱི་དེང་རབས་རང་བཞིན་དང་དེའི་དོན་སྙིང་ཧ་ཅང་མངོན་གསལ་དོད་པོ་རེད། འོན་ཀྱང་ཞིབ་ཏུ་གཞིགས་ཚེ་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་སྐྱེ་ཁམས་མཛེས་རིག་གི་བསམ་བློ་དེ་ནི་སྐྱེ་ཁམས་རྩོམ་རིག་གི་ལྟ་སྦྱོང་དང་ཕྱི་ངོས་རྒྱས་བཤད་ཙམ་གྱི་ཐོག་གཏན་ནས་ལུས་མེད་པར་དེའི་ནང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་དང་མཛེས་དཔྱོད་ཀྱི་རིན་ཐང་ཚུད་ཡོད་པ་དང་། ད་དུང་རང་བྱུང་གི་བརྩེ་སེམས་དང་། མི་གཤིས་ཀྱི་སྙིང་སྟོབས། ཚེ་སྲོག་གི་འདུ་ཤེས་སོགས་ཞིབ་ཕྲའི་སྒོ་ནས་མངོན་དང་མངོན་བཞིན་ཡོད། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་སྐྱེ་ཁམས་མཛེས་རིག་གི་བསམ་བློ་ལས་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་རིན་ཐང་དང་མཛེས་རིག་གི་འདུ་ཤེས་མཚོན་པ་དང་། བོད་རིགས་ཀྱི་གནའ་གཞུང་རྩོམ་རིག་གི་དེང་རབས་རིན་ཐང་མངོན་གྱི་ཡོད་ལ། ད་དུང་མིའི་རིགས་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་ཡོངས་ཁྱབ་ཀྱི་མི་ཆོས་ཀྱི་རིན་ཐང་དང་མཛེས་རིག་གི་དོན་སྙིང་ཆེན་པོ་ལྡན་ཡོད་དོ། །
          དཔྱད་གཞིའི་ཡིག་ཆ།
①王诺:《欧美生态文学》[M],北京:北京大学出版社,2003年,第7页。
②〔美〕霍尔姆斯•罗尔斯顿(Holmes Rolston)著,杨通进译:《环境伦理学》[M],北京:中国社会科学出版社,2000年,第161页。
③④རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ། 《དགེ་ཚུལ་དང་བྱ་རོག》[M] 《སྲོག་ཆགས་གཏམ་རྒྱུད་གཅེས་བསྡུས》[C] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་186; 201
⑤〔美〕欧文•拉兹洛著,黄觉、闵家胤译:《人类的内在限度:对当今价值、文化和政治的异端的反思》[M],北京:社会科学文献出版社,2014年,第3页。
⑥ངག་དབང་རྒྱ་མཚོ། 《བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་བོད་མི་རིགས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ལ་ཐེབས་པའི་ཤུགས་རྐྱེན》[J] 《ཀན་སུའུ་མི་རིགས་མཐོ་རིམ་དགེ་འོས་སློབ་གྲྭའི་རིག་གཞུང་དུས་དེབ》 2007ལོའི་དེབ་དང་པོ། ཤོག་ངོས་122-123
⑦〔德〕舍勒:《资本主义的未来》[M],北京:三联书店,1997年,第234页。
⑧ངག་དབང་རྒྱ་མཚོ། 《བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་བོད་མི་རིགས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ལ་ཐེབས་པའི་ཤུགས་རྐྱེན》[J] 《ཀན་སུའུ་མི་རིགས་མཐོ་རིམ་དགེ་ཐོན་སློབ་གྲྭའི་རིག་གཞུང་དུས་དེབ》 2007ལོའི་དུས་དེབ་དང་པོ། ཤོག་ངོས་123
⑨〔法〕列维•布留尔著,丁由译:《原始思维》[M],北京:商务印书馆,1997年,第30页。
⑩གྲགས་པ་ཕུན་ཚོགས། 《རྒྱ་གར་གྱི་བྲམ་ཟེའི་རིག་གནས་དང་བོད་རིགས་ཀྱི་གནའ་གཞུང་རྩོམ་རིག》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་109
⑪〔法〕雅克•莫诺:《偶然性和必然性》[M],上海:上海人民出版社,1977年,第22页。
⑫ རྡོ་རིང་བསྟན་འཛིན་དཔལ་འབྱོར། 《བྱ་སྤྲེའུ་གཏམ་རྒྱུད》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000ལོ། ཤོག་ངོས་2
⑬《马克思恩格斯全集》(第42卷)[M],北京:人民出版社,1979年,第95页。
⑭སྟག་ཕུ་པ་བློ་བཟང་བསྟན་པའི་རྒྱལ་མཚན། 《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས་139
⑮〔美〕霍尔姆斯•罗尔斯顿著,刘耳译:《哲学走向荒野》[M],长春:吉林人民出版社,2000年,第214页。
⑯⑰王克俭:《生态文艺学:为了人类“诗意地栖居”》[J],《浙江师大学报》(社会科学版)2001年第1期,第2页。
⑱王克俭:《生态文艺学:为了人类“诗意地栖居”》[J],《浙江师大学报》(社会科学版)2001年第1期,第5页。
⑲⑳རྫ་དཔལ་སྤྲུལ། 《གཏམ་པདྨའི་ཚལ་གྱི་ཟློས་གར》[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་21; 23
(21)彭松乔:《论生态文学的审美价值》[J],《江汉大学学报》(人文科学版)2011年第10期。