ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

འཁོར་ལོའི་དོན་དང་དེའི་འཕེལ་འགྱུར་སྐོར་གླེང་བ།

སྤེལ་དུས 2021-11-30 ཡོང་ཁུངས། རྩེར་སྙེག རྩོམ་པ་པོ། ཀུན་རིག་འཚོ།
ནང་དོན་གནད་བསྡུས། འཁོར་ལོ་ཞེས་པའི་མིང་དེ་ཐོག་མར་ཇི་ལྟར་བྱུང་བ་དང་། དེའི་གྲུབ་ཚུལ་དང་དོན་ག་རེ་ཡིན་པ་དང་། རིགས་གཞུང་དུ་བེད་སྤྱད་པ་ནས་བཟུང་དོན་གྱི་ཁྱབ་རྒྱ་ཆེ་རུ་སོང་བ་སོགས་ནས་ཕྱོགས་སུ་འཕྲོས་ཡོད།
བརྡ་ཆད་གཙོ་བོ། འཁོར་ལོ། འཁོར་ལོའི་གྲུབ་ཚུལ། འཁོར་ལོའི་འཕེལ་འགྱུར། 
དཔེ་དེབ་དབྱེ་རྟགས། ཡིག་ཚང་མཚོན་བྱང་། Aརྩོམ་ཡིག་སྒྲིག་ཨང་། 1005-2089(2013)01-000-04
འཁོར་ལོ་ནི་བོད་མིའི་འཚོ་བའི་ཁྲོད་རྒྱུན་སྤྱོད་ཀྱི་ཐ་སྙད་སྤྱིར་བཏང་བ་ཞིག་ཏུ་གྱུར་ཡོད་ནའང་། སེམས་ཁམས་རིག་གནས་ཀྱི་ཐད་ནས་བསམས་ན། དེར་དཔྱད་པའི་རིན་ཐང་ཆེས་ཆེར་ལྡན་ཕྱིར། འདིར་འཁོར་ལོའི་རིག་གནས་ཀྱི་བྱུང་འཕེལ་གཙོས་ཏེ་དཔྱད་ཁུལ་ཅུང་ཙམ་བགྱིའོ། །
    དང་བོ། འཁོར་ལོའི་ཐ་སྙད་ཀྱི་དོན་བཤད་པ།
    ༡.འཁོར་ཞེས་པའི་དོན།
    "འཁོར"ཞེས་པ་ནི་སྐབས་བབ་ཀྱི་བརྗོད་པ་དང་བསྟུན་ནས་དོན་རྣམ་པ་དུ་མ་ལ་འཇུག་མོད། ང་ཐོག་བྱེད་མེད་ལས་ཚིག་ཅིག་ནས་དངོས་པོའི་མིང་དུ་འཕེལ་འགྱུར་བྱུང་བར་བལྟ་རུང་སྟེ། ཚིག་མཛོད་ཚད་ལྡན་དག་ན་འཁོར་ཞེས་པ་ནི་ལྟེ་བ་ཞིག་ལ་བསྐོར་བ་བྱེད་པའི་དོན་ཏེ་འཁོར་ལོ་འཁོར་ལྟ་བུའམ། ཁ་ཕྱོགས་འགྱུར་བའི་དོན་ཏེ་ཁ་ཤར་ཕྱོགས་སུ་འཁོར་ལྟ་བུ་དང་། འདུ་བའམ་འོང་བའི་དོན་ཏེ་རི་བཟང་བོར་རི་དྭགས་འཁོར་ལྟ་བུ་ནི་བྱེད་མེད་ལས་ཚིག་གིས་གྲུབ་པ་དང་། གཞན་ཡང་བྲན་ནམ། ཕྱིར་འབྲང་ངམ། གཉེན་གྲོགས་སོགས་ཞབས་འདེགས་ཞུ་མཁན། འགྲམ་དང་འདབས་ལའང་གོ་བ་སོགས་ནི་བྱེད་མེད་ལས་ཚིག་དེ་ལ་བརྟེན་ནས་འཕེལ་བའི་དངོས་པོའི་མིང་ཡིན་པ་ཐག་གིས་ཆོད་སླའོ། །
    ༢.འཁོར་ལོ་ཞེས་པའི་དོན།
    འཁོར་ཞེས་པའི་རྗེས་འཇུག"ར"ཡིག་མ་ནིང་གི་མཐར་དབྱངས་ཨོ་ལྡན་པའི་མིང་གཞིའི་ཡི་གེ"ལ"ཡིག་མོ་གཤམ་བརྗོད་བདེའི་དབང་གིས་དྲངས་པས། ཁྱད་གཞི་བརྗོད་པའི་མིང"འཁོར་ཡོ་ཞེས་པ་གྲུབ་པས་ཐོག་མའི་འཁོར་གྱི་ནང་དོན་ལས་རིང་དུ་བརྒལ་ཏེ། མཐའ་དབྱིབས་ཟླུམ་སྒོར་དང་དེའི་ལྟེ་བ་ནས་རྩིབས་མ་ཡོད་པ་ཅན། ཤིང་རྟའི་འཁོར་ལོ་ལྟ་བུའི་མིང་ལ་འཇུག་པར་གྱུར། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འཁོར་ལོ་གྲུབ་བྱེད་ཀྱི་རྒྱུ་ཆ་མང་དུ་བྱུང་བས། འཁོར་ལོའི་འཇུག་དོན་གྱི་རྣམ་གྲངས་ཀྱང་མང་བོ་ཞིག་ལྷགས་ཡོད། དཔེར་ན། མེ་ཡིས་འཁོར་བར་བྱེད་པས་ན་མེ་འཁོར་དང་། ལྕགས་ཀྱིས་གྲུབ་པའི་འཁོར་ལོ་ཡིན་པས་ན་ལྕགས་འཁོར་ལྟ་བུ་སོགས་སོ། །
    གཉིས་པ། འཁོར་ལོའི་མིང་གི་འཕེལ་འགྱུར་བཤད་པ།
    ༡.འཁོར་ལོའི་ཐོག་མའི་མིང་གི་མཚོན་དོན།
      སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཐོན་སྐྱེད་ཀྱི་མཁོར་མཁོར་དམིགས་ཏེ། ངལ་རྩོལ་མི་དམངས་ཀྱིས་དངོས་ཟོག་དབོར་འདྲེན་བྱེད་སྤྱད་ཤིང་རྟ་གསར་དུ་བསྐྲུན་པས། སྐབས་དེའི་སྤྱི་ཚོགས་ཁྲོད་དུ་དབོར་འདྲེན་ལ་ནུས་པ་ཆེས་ཆེར་ཐོན་ཡོད་པ་གདོན་མི་ཟ། དཔེར་ན། རླུང་དང་ཡིད་མགྱོགས། མདོག་ལྔ་བ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་བོ་འཇོམས་བཅས་རྟ་བདུན་གྱིས་ཉི་མ་བཞུགས་པའི་ཤིང་རྟ་འཁོར་ལོ་འདྲུད་ཀྱིན་ཡོད་པར་སྙམ་སྟེ། ང་ཚོས་ཉི་མའི་མངོན་བརྗོད་ལ་རྟ་བདུན་དབང་བོ་ཟེར་བ་ནི་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་ལས་བྱུང་ཞིང་། སྐབས་དེའི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་དངོས་ཟོག་དབོར་འདྲེན་ལ་ཤིང་རྟ་སྤྱོད་བཞིན་ཡོད་པ་རྗེས་དཔག་བྱ་ནུས་པ་ལྟ་བུ་རེད། དེ་འདྲའི་བེད་ནུས་ཅན་གྱི་དངོས་པོར་བརྟེན་ནས་བྱས་པའི་བྱ་བའི་གྲུབ་འབྲས་ཀྱིས་མི་དམངས་ལ་དགའ་སྣང་བླ་ན་མེད་པ་སྦྱིན་པ་དང་ཆབས་ཅིག དེའི་གསར་གཏོད་པ་ལ་རྗེས་སུ་ཡི་རང་དང་དང་བསྟོད་བགྱིས་ཏེ། མི་དམངས་ཀྱི་འདོད་བློ་བསྐང་ཐུབ་པའི་རིག་ཚན་དང་བློ་རིག་ཅིག་གསར་དུ་བཏོད་མཁན་ཐམས་ཅད་ལ་རིགས་འགྲེའི་སྒོ་ནས་ཤིང་རྟའི་སྲོལ་འབྱེད་པ་ཞེས་བཏགས་དང་འདོགས་བཞིན་མཆི་སྟེ། དགེ་ལུགས་བསྟན་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཞེས་བཏགས་པ་ལྟ་བུ་རེད།
    ༢.སྲིད་དོན་གྱི་མཚོན་བྱེད་དུའཇུག་པ།
    སྔར་རྒྱ་གར་དུ་དཔུང་ཚོགས་ཡན་ལག་བཞི་ལྡན་ཞེས་པར་གླང་པོ་ཆེའི་དཔུང་ཚོགས་དང་། རྟའི་དཔུང་ཚོགས། ཤིང་རྟའི་དཔུང་ཚོགས། རྐང་ཐང་གི་དཔུང་ཚོགས་བཅས་གཡུལ་འགྱེད་དམག་དཔུང་རིགས་བཞི་བསྡུབ་ལས། ཤིང་རྟ་ནི་དམག་རྒྱག་སྐབས་ཀྱི་དཔུང་ཁག་གལ་ཆེན་ཞིག་ཡིན་ལ། 《མངོན་བརྗོད་མཁས་པའི་རྣ་རྒྱན》དུའང་། "འཁོར་ལོ་ཙཀྲ་གཡུལ་དུའཛིན་པར་བྱེད"①ཅེས་འཁོར་ལོ་ནི་གཡུལ་དུ་འཛིན་པའི་མཚོན་ཆ་ཞིག་གི་མིང་ཡིན་པར་བསྟན་པ་དང་། མདའ་མདུང་གྲི་གསུམ་ལ་འཁོར་གསུམ་ཟེར་བ་སོགས་ཀྱི་སྟེང་ནས་འཁོར་ལོ་ནི་མཚོན་ཆའི་སྤྱི་མིང་དུ་ཆགས་ཡོད་པ་རྟོགས་ཐུབ་ལ། དབང་སྒྱུར་རིམ་པའི་དུས་སྐབས་སུ་འཁོར་ལོ་ནི་སྲིད་དོན་ལག་བསྟར་བྱེད་དུས་སུ་མེད་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པའང་རང་ཤུགས་སུ་གོ་ནུས་སོ། །
    གཞན་ཡང་འཁོར་ལོ་རིན་པོ་ཆེ་དང་ནོར་བུ་རིན་པོ་ཆེ་སོགས་རྒྱལ་སྲིད་སྣ་བདུན་དང་སྦྱར་ནས་སྲིད་སྐྱོང་གི་མཚོན་བྱེད་གལ་ཆེན་རེ་བསྟན་པའི་སྟེང་ནས་ཀྱང་འཁོར་ལོ་དང་སྲིད་དོན་གཉིས་ལ་ཐོག་མའི་དུས་སུ་འབྲེལ་བ་གཏིང་ཟབ་མཆིས་པ་དཔག་ནུས་ཏེ། 《དུང་དཀར་ཚིག་མཛོད》དུ"སྔོན་དུས་འཁོར་ལོས་དབང་བསྒྱུར་པའི་རྒྱལ་པོ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ལས་ཕོ་བྲང་གི་རྩེ་ནས་བདེན་ཚིག་བརྗོད་པས་ཤར་ཕྱོགས་ཀྱི་ནམ་མཁའ་ནས་རྒྱལ་པོའི་མདུན་དུ་བབས་ཏེ་གང་དུ་འགྲོ་འདོད་པའི་ཡུལ་དེར་འཁོར་ལོ་དེས་སྣ་དྲངས་ནས་འགྲོ་བ་དང་། དེ་དང་མཉམ་དུ་རྒྱལ་སྲིད་གཞན་རྣམས་ཀྱང་འབྱོར་འོངས་པ་དེ་ཡིན"②ཞེས་གསུངས་པར་བརྟགས་ན། ཤིང་རྟའི་འཕང་ལོ་ཡི་དབྱིབས་ལྟ་བུའི་འཁོར་ལོ་དེས་རྒྱལ་སྲིད་གཞན་རྣམས་དབང་དུ་བསྡུ་བར་ནུས་པ་ཆེན་པོ་ཐོན་གྱིན་ཡོད།
    དེ་ཡང་རྒྱལ་པོ་རྣམས་ཀྱིས་ཕྱག་ཏུ་འཁོར་ལོ་འཛིན་པའམ་མདུན་དུ་འཁོར་ལོས་སྣ་འདྲེན་པའི་དབང་གིས་འཁོར་ལོས་བསྒྱུར་པའི་རྒྱལ་པོ་ཞེས་བྱ་ཞིང་། རྒྱལ་པོ་སོ་སོའི་བསོད་ནམས་ཀྱི་སྟོབས་དང་དབང་བསྒྱུར་པའི་མངའ་ཁོངས་རྒྱ་ཆེ་ཆུང་མི་འདྲ་བས། འཁོར་ལོ་ལའང་གསེར་གྱི་འཁོར་ལོ། དངུལ་གྱི་འཁོར་ལོ། ཟངས་ཀྱི་འཁོར་ལོ། ལྕགས་ཀྱི་འཁོར་ལོ་ཞེས་རིགས་འགའ་ཡོད་པ་དང་། དཔེར་ན་ལྕགས་ཀྱི་འཁོར་ལོས་གླིང་གཅིག་ལ་དབང་བསྒྱུར་ཐུབ་པ་དང་། ཟངས་ཀྱི་འཁོར་ལོས་གླིང་གཉིས་ལ་དབང་བསྒྱུར་ནུས་པ། རིམ་གྱིས་ཡར་བགྲངས་ན་གསེར་གྱི་འཁོར་ལོས་གླིང་ཡོངས་ལ་དབང་བསྒྱུར་ཐུབ་པས། གནའ་བོའི་དུས་སུ་འཁོར་ལོ་ནི་རྒྱལ་པོས་རྒྱལ་ཁམས་དབང་འདུལ་ཀྱི་མཚོན་ཆ་ཞིག་གམ་དབང་དུ་བསྡུས་པའི་རྒྱལ་ཁམས་དང་རྒྱལ་སྲིད་ཀྱི་ཆེ་ཆུང་མཚོན་པའི་རྟགས་མཚན་ཞིག་ཡིན་པར་བསམས། དེ་ནི་འཁོར་ལོའི་བྱེད་ནུས་ལ་འཕེལ་འགྱུར་བྱུད་སྟེ་སྲིད་ཕྱོགས་ལ་ཐོན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཀྱང་ཡིན་པར་འདུག་གོ །
    ༣.ཆོས་ཀྱི་དོན་སྟོན་པ་ལ་འཇུག་པ།
    རིག་གནས་ཀྱི་ཁྱབ་ཁོངས་མི་འདྲ་བའི་དབང་གིས། འཁོར་ལོ་ནི་ཆོས་ལུགས་ཀྱི་ཁྲོད་དུའང་མཚོན་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་དེ། དཔེར་ན། རྒྱན་བཀྲའི་རི་མོ་བཀྲ་ཤིས་རྟགས་བརྒྱད་སོགས་ནི་ཆོས་ལུགས་རིག་གནས་ཀྱི་ཤུགས་རྐྱེན་འོག་བྱུང་བའི་དད་མོས་བྱེད་སྟངས་ཤིག་ཡིན་པ་ལྟ་བུ་རེད། དེ་ཡང་ཐོག་མར་སྟོན་པ་ཤཱཀྱ་ཐུབ་པ་ལས་ཆོས་ཞུ་བའི་ཡོན་དུ་གསེར་གྱི་འཁོར་ལོ་ཞིག་ཕུལ་པར་སྟོན་པས་འཁོར་རྣམས་ལ་རྟེན་འབྲེལ་གྱི་བཀའ་ཡིས་འཁོར་ལོ་བསྐོར་ནས་འགྲོ་དྲུག་ངན་སོང་གི་གནས་ལས་ཐར་པའི་གདམས་ངག་མང་བོ་བསྩལ་པས། འཁོར་ལོའི་མིང་བརྡ་དེ་སངས་རྒྱས་ཆོས་ལུགས་ཁྲོད་དུ་སྤྱོད་རྒྱ་ཆེ་རུ་ཕྱིན་པ་རེད། དགོན་པའི་སྐུ་གསུང་ཐུགས་རྟེན་ལས་ལྷ་སྐུ་དག་གི་སྙིང་ཁ་དང་ཕྱག་མཐིལ། ཞབས་མཐིལ་སོགས་སུ་འཁོར་ལོའི་གཟུགས་རིས་བཀོད་ཡོད་པ་སོགས་ལས་འཁོར་ལོ་ནི་རྒྱན་རིས་ཙམ་ཞིག་མ་ཡིན་པར་ཆོས་ལུགས་ཀྱི་རྟེན་འབྲེལ་བྱེད་ལས་ཁྱད་དུ་འཕགས་པ་ཞིག་ཡོད་པ་ཤེས་ཐུབ། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། འཁོར་ལོ་ནི"གསང་སྔགས་རྡོ་རྗེ་ཐེག་པའི་ཡི་དམ་ལྷའི་ཕྱག་མཚན་ཞིག་སྟེ། དབྱིབས་འཁོར་ལོ་ལྟ་བུ། རྩིབ་རིམ་གྱི་ཁ་ཕྱིར་གདངས་ཤིང་མུ་ཁྱུད་མེད་པ། རྩེ་མོ་མཆོག་ཏུ་རྣོ་ཞིང་རྡོ་རྗེའི་ཡུ་བ་ཅན་ཞིག"③ཅེས་ལྷའི་ཕྱག་མཚན་ཞིག་ཡིན་པར་བརྗོད་ཡོད་པར་གཞིགས་ན། འཁོར་ལོ་ནི་གསང་སྔགས་ཀྱི་གནད་ཟབ་མོ་ཞིག་གི་མཚོན་བྱེད་ཡིན་པ་ཤེས་ཐུབ། གཞན་ཡང་འཁོར་ལོ་རྣམ་གསུམ། འཁོར་ལོ་བདེ་མཆོག འཁོར་ལོ་སྡོམ་ཆེན། འཁོར་ལོ་ཆེན་པོ་བཞི། འཁོར་ལོ་དྲུག འཁོར་ལོ་བདུན་བརྩེགས། འཁོར་ལོའི་མཚན་བཟང་། ཆོས་ཀྱི་འཁོར་ལོ། བསྐོར་བའི་འཁོར་ལོ། སྒོམ་པའི་འཁོར་ལོ། བསྲུང་བཟློག་གི་འཁོར་ལོ། སྲིད་པའི་འཁོར་ལོ། དུས་ཀྱི་འཁོར་ལོ་ལ་སོགས་ཆོས་ལུགས་ཀྱི་མིང་བརྡའི་ཁྲོད་ན་འཁོར་ལོ་དང་འདྲ་བ། འབྲེལ་བ། གྲངས་སོགས་རྒྱུ་མཚན་དུ་མ་ལ་བརྟེན་ནས་བཏགས་པའི་འཁོར་ལོའི་སྐོར་གྱི་ཐ་སྙད་མང་བོ་ཡོད་ལ། དེ་དག་སོ་སོའི་མཚོན་དོན་དང་རིག་གནས་ཀྱི་སྣང་ཚུལ་མི་འདྲ་བས་འཁོར་ལོ་ནི་ཆོས་ལུགས་ཁྲོད་དུ་སྤྱོད་རྒྱ་ཆེ་ཞིང་བྱེད་ནུས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད་པས། འཁོར་ལོ་ནི་ཆོས་ལུགས་རིག་གནས་ཀྱི་སྣང་ཚུལ་མཚོན་བྱེད་གལ་ཆེན་ཞིག་དང་། ཞིབ་འཇུག་དཔྱད་གཞི་ལེགས་པོ་ཞིག་ཡིན་པ་ཤེས་པའི་ཞོར་དུ། འཁོར་ལོ་ཞེས་པའི་ཐ་སྙད་དེ་ཐོག་མའི་མིང་རྐྱང་ཞིག་ནས་བསྟན་དོན་སྣ་མང་ཅན་ཞིག་ཏུ་འཕེལ་འགྱུར་བྱུང་བ་ངང་གིས་རྟོགས་ཐུབ་བོ། །