གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་བཙན་པོ་མང་སྲོང་མང་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་མ་ལོད་དང་དེའི་རུས་རྒྱུད་མཚམས་སྦྱོར་བྱས་པ་བརྒྱུད། ཏུན་ཧོང་ཤོག་དྲིལI.O.J 750ནང་བྱུང་བའི“བཙན་མོ་ཁྲྀ་མོ་ལན་གྱྀས། སྟོན་མོ་ཆེན་པོ་གསོལད”[2] ཅེས་པའི་ཁྲོད་ཀྱི་བཙན་མོ་ཁྲྀ་མོ་ལན་བྱ་བ་དེ“འབྲོ་བཟའ་ཁྲི་མ་ལོད”ཡིན་པར་བསྒྲུབས་ཡོད་པ་དང་། དེ་མིན“པོང་ལག་རང་དུ་བཙན་པོ་གཅེན་ལྷ་བལ་ཕོ་རྒྱལ་ས་ནས་ཕབ།”[3]ཅེས་ལྷ་བལ་ཕོ་རྒྱལ་ས་ནས་ཕབ་དོན་ལ་སོགས་པར་དཔྱད་པ་ཅུང་ཟད་བགྱིས་ཡོད།
གནད་ཚིག ཏུན་ཧོང་ཤོག་དྲིལ། I.O.J 750 འབྲོ་བཟའ་ཁྲི་མ་ལོད། ལྷ་བལ་ཕོ།
གླེང་གཞི།
དེང་སྐབས་མཐོང་ཆོས་སུ་གྱུར་བའི་ལོ་རྒྱུས་ཀྱི་འགྲེལ་ལོག་མང་ཆེ་ཤོས་ཤིག་ནི།ཆོས་དང་སྲིད་དང་མི་སྒེར་བའི་ཆགས་སྡང་གི་གཞན་དབང་དུ་གྱུར་པ་ལས་བསྐྱེད་པ་ཡིན་པས། དཔྱད་གསུམ་དག་པའི་ལུང་དང་སྒྲུབ་བྱེད་ལ་བརྟེན་ནས་ལོ་རྒྱུས་ཀྱི་བདེན་པ་འཚོལ་རྒྱུ་ནི་ལོ་རྒྱུས་སྨྲ་བ་དག་གི་འགན་འཁུར་ཡིན། ཁྱད་པར་དུ་ཆོས་འབྱུང་དང་ཡིག་ཚང་ཁག་ཅིག་ལས་མངོན་པའི་ལྟ་ལུགས་མི་མཐུན་པ་དེ་དག་ལ་དཔྱད་བསྡུར་ཞིབ་མོ་བགྱིས་ཤིང་། སྐབས་ཐོག་དེའི་སྤྱི་ཚོགས་ཀྱི་གནས་སྟངས་ནས་དཔྱད་ཞིབ་བྱས་ཚེ། ལོ་རྒྱུས་ཀྱི་དོན་དངོས་དང་ཁད་ཉེ་བོ་བྱ་ཐུབ་པ་ཡིན། མ་ཟད། དེང་རབས་ལོ་རྒྱུས་དཔྱད་ཞིབ་ཀྱི་ཐབས་ལམ་སྟེ། གཤིབ་བསྡུར་རིག་པ་དང་ས་ཁམས་རིག་པ་སོགས་བྱེ་བྲག་གི་ཐབས་ཤེས་བཀོལ་སྤྱོད་དང་ཉེར་ལེན་བྱས་ན། ལོ་རྒྱུས་ཀྱི་དོན་གནད་མང་དག་ཅིག་ཁ་གསལ་དུ་ཐོན་པ་ཡིན་གཤིས། འདིར་ཁོ་བོས་འབྲོ་བཟའ་ཁྲི་མ་ལོད་དང་འབྲེལ་བའི་དོན་གནད་རེ་ཟུང་དམིགས་བྱར་བཟུང་སྟེ།ཆོས་འབྱུང་དང་ཡིག་ཚང་ཁག་ཅིག་ལ་གཞི་བཅོལ་ནས་དེ་འབྲེལ་གྱི་རང་ལུགས་འགོད་པར་བྱའོ།།
དང་པོ། རུས་རྒྱུད་འབྲོ་དང་འབྲོ་བཟའ་ཁྲི་མ་ལོད།
གཅིག “འབྲོ”ཞེས་པའི་ཁྱིམ་རྒྱུད་ཀྱི་འབྱུང་ཁུངས་སྐོར།
དེ་ཡང་སྤུ་རྒྱལ་བཙན་པོའི་ཆབ་སྲིད་དང་དཔལ་འབྱོར། དམག་དོན། སྤྱི་ཚོགས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་ལ། སྤུ་རྒྱལ་བཙན་པོ་རང་སྟེང་ནས་འཇོན་ཐང་དང་ནུས་བ་གང་ལེགས་ཤིག་ཡོད་དགོས་པ་མ་ཟད། འོག་གི་བློན་ཚོགས་ཀྱི་ཁྲོད་དུའང་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་དང་། རིགས་རུས་མཐོ་བའམ་དབང་ཐང་ཆེ་བའི་རུས་རྒྱུད་དམ་ཚོ་བ་དག་རང་ཕྱོགས་སུ་བཀུགས་ནས་སྲིད་དབང་སྲ་བརྟན་དུ་གཏོང་རྒྱུ་དེའང་དོན་དག་འགངས་ཆེན་ཞིག་ཏུ་གྱུར་ཡོད། སྐབས་དེའི་དབང་ཐང་ཆེ་བའི་རུས་རྒྱུད་དེ་དག་ལས“འབྲོ”ཞེས་པའི་ཁྱིམ་རྒྱུད་ནི་བོད་ཀྱི་ཆེས་སྔ་བའི་རུས་ཁུངས་ཤིག་ཡིན་ཏེ། ཏུན་ཧོང་ཤོག་དྲིལ་ལས། “ཡུལ་གནུབས་གྱྀ་གླྀང་དགུའ་ན། རྗེ་གནུབས་རྗེ་འི་སྲྀས་པ། བློན་པོ་རྨེའུ་དང་གྲོ་གཉིས”[1]ཞེས་བཀོད་ཡོད་པ་དང་།《ལྡེའུ་ཆོས་འབྱུང》དུ། “ཡུལ་སྣུབས་ཡུལ་གླིང་དགུ་ན། རྒྱལ་བོ་སྣུངས་རྗེ་སྲིད་པ། བློན་པོ་རྨེའུ་དང་འགྲོ།”[2]ཞེས་དང་།《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “གནུབས་ཡུལ་གླིང་དགུ་ན་སྣུབས་རྗེ་དམིགས་པ་བློན་པོ་རྨེའུ་དང་འབྲོ།། ”[3] ཞེས་བཀོད་ཡོད། དེ་དག་ལས་རྗེ་བློན་གྱི་མིང་ཅུང་མི་འདྲ་བ་བྱུང་ཡང་སྲིས་པ་དང་། གནུབས། གྲོ་བཅས་ནི་འབྲི་སྲོལ་སྔ་བ་ཡིན་པ་ལ་ད་ལྟའི་འབྲི་སྲོལ་སྲིད་པ་དང་སྣུབས།འབྲོ་བཅས་ཡིན་པ་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་པ་སངས་དབང་འདུས་ལགས་ཀྱིས་གསུངས།[4]ཡང་འགྲོ་དང་འབྲོ་གཉིས་ནི་གཟུགས་མི་འདྲ་བ་ལས་ངག་ནས་བརྗོད་ཚེ་སྒྲ་གདངས་ཤིན་ཏུ་ཉེ་བས་མི་རྣམས་ཀྱི་ངག་ནས་ངག་རྒྱུད་ནས་རྗེས་རབས་རྣམས་ལ་བརྒྱུད་བསྒྲགས་བྱས་ནས་འབྲི་སྲོལ་གཉིས་སུ་ཆགས་པ་ཙམ་ལས་འགྲོ་དང་འབྲོ་གཉིས་དོན་གཅིག་ཡིན། དེས་ན་འགྲོ་ཞེས་པའི་རུས་རྒྱུད་འདིའི་འབྱུང་ཁུངས་ནི་རྒྱལ་ཕྲན་བཅུ་གཉིས་སྐབས་ཀྱི་སྣུབས་ཡུལ་གླིང་དགུའི་བློན་པའི་རུས་ཚན་ཞིག་ཡིན་པ་ཤེས་ཐུབ།
གཉིས། “འབྲོ”ཁྱིམ་རྒྱུད་དེ་ཉིད་རིམ་བཞིན་བཙན་པོའི་ཆབ་སྲིད་དུ་ཞུགས་པའི་བརྒྱུད་རིམ།
གོང་བཀོད་ལུང་འདྲེན་དག་ལས་དཔོག་ཐུབ་པར།རུས་རྒྱུད“འབྲོ”ནི་ཐོག་མར་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡ་གྱལ་གནུབས་ཡུལ་གླིང་དགུའི་རྗེ་བོ་སྣུབས་རྗེ་སྲིད་པའི་བློན་པོའི་རུས་ཤིག་ཡིན་པ་ལ། སྤུ་རྒྱལ་གདུང་རབས་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ་ཡུལ་སྤོ་བོའི་ཡུལ་ནས་ཡར་ཀླུང་དུ་བྱོན་པ་དང་། བོད་ཡུལ་ན་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཙམ་ཡོད་པ་ཚང་མས་གཉའ་ཁྲི་བཙན་པོའི་དོ་མ་བསྡོ་པར་སྤུ་རྒྱལ་བཙན་པོའི་མངའ་འོག་ཏུ་བཅུག་ནས་འབངས་སུ་བཀུག། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “མཚན་དུ་གཉའ་ཁྲི་བཙན་པོ་ཞེས་བྱུང་གྲགས།། སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་མཛད།། སུམ་པའི་བོན་པོ་ཨོ་ལོང་རྒྱལ་བ་བཏུལ།། སྣུབས་ཇི་སྲིབས་པ་རྒྱལ་ཕྲན་འབངས་སུ་འདུས།། ”[1]ཞེས་སྣུབས་ཡུལ་གླིང་དགུའི་ས་ཁོངས་དང་མངའ་རིས་ལ་སོགས་པ་སྤུ་རྒྱལ་བཙན་པོའི་ཆབ་འོག་ཏུ་བཅུག་ནས་འབངས་སུ་བཀུག་ཡོད་པ་ཤེས་ཐུབ།དེས་ན“འབྲོ”ཁྱིམ་རྒྱུད་ཡང་སྐབས་དེ་དུས་ནས་བཟུང་སྤུ་རྒྱལ་བཙན་པོའི་མངའ་འོག་ཏུ་བཅུག་ཡོད་པ་ཤེས་ཐུབ། བོད་ཀྱི་བཙན་པོ་རིམ་བྱོན་གྱིས་ཐོག་མར་ནང་ཁུལ་གྱི་ཚོ་བ་ཁག་དང་གཉེན་འབྲེལ་བཙུགས་ཏེ་ནང་ཁུལ་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས།ཆབ་སྲིད་གཏན་འཇགས་ཡོང་བར་རྨང་གཞི་བཏིངས་པ་ཡིན། རུས་རྒྱུད“འབྲོ”ནི་ནང་ཁུལ་ཚོ་བ་དེ་དག་ལས་ཆབ་སྲིད་ཀྱི་སྟོབས་ཤུགས་དང་གོ་གནས་ངེས་ཅན་ཟིན་པའི་རུས་རྒྱུད་ཅིག་ཡིན་པ་ནི་ལོ་རྒྱུས་ཀྱི་བསྟན་བཅོས་ཁག་ལས་མཐོང་གསལ་ལྟར་ལགས།
སྤྱིར་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཀུན་དུ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་ལོ་རྒྱུས་འཕེལ་རིམ་ཞིབ་ཕྲ་འཁོད་པའི་ཡིག་ཆ་མེད་ཁར། རུས“འབྲོ”ཅན་གྱི་ཆབ་སྲིད་ཀྱི་དབང་ཆ་བཟུང་བའི་སྐོར་དང་བཙུན་མོར་བསུས་བའི་སྐོར་ནི་ཉིན་མོའི་སྐར་མ་ཇི་བཞིན་དཀོན། འོན་ཀྱང་ཏུན་ཧོང་ཤོག་དྲིལ་ལས“ཁྲྀ་སྙ་ཟུང་བརྩན་དང་། འབྲོའ་ཟ་དུང་པྱང་བཞེར་དུ་བཤོས་པ་འྀ་སྲས། འབྲོ་མཉེན་ལྡེ་རུ”[2]ཞེས་བཙན་པོ་དང་བཙུན་མོ་སོགས་ཀྱི་མཚན་ཙམ་བྱུང་ཡོད། དེ་བས་ལོ་རྒྱུས་ཡིག་ཆ་འདི་ལ་བལྟས་ན་སྤུ་རྒྱལ་གདུང་རབས་རིམ་བྱོན་ལས“འབྲོ”ཁྱིམ་རྒྱུད་ནས་ཐོག་མར་བཙན་པོའི་བཙུན་མོར་གཤེགས་པའི་ཐོག་མ་ནི་འབྲོའ་ཟ་དུར་པྱང་བཞེར་ཞེས་པ་འདི་ཡིན་པར་མངོན། བཙུན་མོ་འདི་ཉིད་ཀྱི་མིང་གི་འདོགས་ཚུལ་ལ《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་“འབྲོ་བཟའ་མི་དུར་ཡང་བཞིན”[1] ཞེས་དང་།《ལྡེའུ་ཆོས་འབྱུང་རྒྱས་པ》ལས་“འབྲོ་བཟང་དུར་ཡང་བཞེད”[2] སོགས་མཚན་འབྲི་སྟངས་མི་འདྲ་བ་བྱུང་ཡང་། བཙན་མོ་འདི་ཉིད་ཀྱི་རུས“འབྲོ”ཡིན་པ་ནི་གཅིག་མཐུན་དུ་སྣང་། བཙན་པོ་ཁྲི་གཉན་གཟུང་བཙན་དང་བཙུན་མོ་འབྲོ་ཟ་མོ་དུར་གཉིས་ལས་བཤོས་པའི་སྲས་ལ་ཏུན་ཧོང་ཤོག་དྲིལ་ལས་“འབྲོའ་མཉེན་ལྡེ་རུ”[3]《ཆོས་འབྱུང་མཁས་པའི་དགའ་སྟོན》ལས“འབྲོང་གཉན་ལྡེ་རུ”[4]《ལྡེའུ་ཆོས་འབྱུང་རྒྱས་པ》 ལས“འབྲོ་སྙན་ལྡེ་རུ”[5] བཅས་བཀོད་ཡོད་པས། “འབྲོ”ཁྱིམ་རྒྱུད་ནི་མ་མཐར་ཡང་སྤུ་རྒྱལ་གདུང་རབས་ཉེར་བདུན་པ་ཁྲི་གཉན་གཟུང་བཙན་སྐབས་སུ་བཙན་པོའི་གཉེན་ཚན་དུ་གྱུར་པ་མ་ཟད། གོ་གནས་ཀྱང་ངེས་ཅན་ཞིག་བཟུང་ཡོད་པར་འདོད། རྒྱུ་མཚན་ནི“འབྲོ”ཁྱིམ་རྒྱུད་ལ་སྟོབས་ཤུགས་དང་ནུས་པ་གང་ལེགས་ཤིག་མེད་ཚེ་བཙན་པོའི་ཁྱིམ་རྒྱུད་དང་གཉེན་འབྲེལ་འཛུགས་མི་ཐུབ་པ་ཁ་ཚོན་གཅོད་ཐུབ། དེ་ལྟར་ན་སྐབས་དེར“འབྲོ”ཁྱིམ་རྒྱུད་བཙན་པོའི་གཉེན་ཚན་དུ་གྱུར་ནས་བུ་སྲིད་འཛིན་པའི་ལས་དོན་ཡང་འབྲོ་བཟའ་ཉིད་ལ་གནངས་ཡོད་པར་མ་ཟད། སྤུ་རྒྱལ་གདུང་རབས་ཉེར་བརྒྱད་པ་འབྲོ་གཉན་ལྡེ་རུའི་མིང་ལ་ཡང་འབྲོ་ཞེས་པའི་རུས་སྦྱར་ནས་མཚན་བཏགས་ཡོད་པས་སོ།《ཆོས་འབྱུང་མཁས་པའི་དགའ་སྟོན》 ལས་“གདུང་གི་བང་སོ་དོན་མཁར་མདའ་རུ་བརྩིགས།། གྲལ་ནི་ཁྲི་གཟུངས་བང་སོའི་གཡོན་ན་ཡོད།། དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ།། དེ་ཡི་འོག་ན་བཙུན་མོ་འབྲོ་ཟ་སྨན་བཙུན་དང་མོན་བུ་རྒྱལ་མཚན་གཉིས་ཀྱི་བང་སོ་ས་ཕུང་གཉིས་ཡོད”[6]ཅེས་རྒྱལ་བུ་སྟག་རི་གཉན་གཟིགས་ཀྱི་བང་སོའི་མདུན་དུ་བཙུན་མོ་འབྲོ་ཟ་སྨན་བཙུན་བྱ་བའི་བང་སོ་ཡོད་པ་ཤེས་ཐུབ་ཅིང་། བཙུན་མོ་འབྲོ་ཟ་སྨན་བཙུན་ནི་རྒྱལ་བུ་སྟག་རི་གཉན་གཟིགས་ཀྱི་བཙུན་མོ་ཡིན་ལ། “འབྲོ”ཁྱིམ་རྒྱུད་ནས་བཙན་པོའི་ཁྱིམ་རྒྱུད་ལ་བཙུན་མོར་གཤེགས་པའི་བཙུན་མོ་གཉིས་པ་ཡིན། བཙུན་མོ་འབྲོ་ཟ་སྨན་བཙུན་བཙན་པོའི་ཁབ་ཏུ་བསུས་པ་འདིས“འབྲོ”ཁྱིམ་རྒྱུད་དང་བཙན་པོའི་ཁྱིམ་རྒྱུད་དབར་གཉེན་ཐོག་གཉེན་བརྩེགས་ཀྱི་དབོན་ཞང་འབྲེལ་བ་ཇེ་བརྟན་དུ་བཏང་བའི་རྨང་གཞིའི་ཐོག་འབྲོ་ཚང་གི་ཐོབ་ཐང་དང་སྤྱི་ཚོགས་གནས་བབ་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད་པ་རྟོགས་ཐུབ།
བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ“འབྲོ”ཁྱིམ་རྒྱུད་ནི་ཞང་གསུམ་བློན་བཞིའི་གྲས་སུ་གཏོགས། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས“ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན།། དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་།”[1]དང་ཡང“སྟོད་ན་འབྲོ་སྨད་ན་མཆིམས་བར་ན་སྣ་ནམ་བློན་པོ་སྦས་རྣམས་ལ་ཞང་གསུམ་བློན་དང་བཞི་ཞེས་སྐུ་ཞང་དང་བློན་ཆེན་གྱི་བྱ་བ་བྱེད་དོ”[2] ཞེས་བྱུང་ཡོད་པ་ལས“འབྲོ”ཁྱིམ་རྒྱུད་བཙན་པོའི་གཉེན་ཚན་དུ་གཏོགས་པར་མ་ཟད། སྤུ་རྒྱལ་བཙན་པོས་ཞང་བོར་བཀུར་ནས་མཐོང་ཆེན་བྱེད་བཞིན་ཡོད་པ་དང་ཆབ་སྲིད་སྟེང་དབང་ཆེན་པོ་བཟུང་ཡོད་པ་ཤེས་ཐུབ། 《བཀའ་ཐང་སྡེ་ལྔ》ལས“མང་གར་ཁྲི་དགོངས་འབྲོ་ཡི་སྟོང་སྡེ་ཡིན། གྲོམ་པ་ལྷ་རྩེ་འབྲོ་ཡི་སྟོང་སྡེ་ཡིན། རྒྱ་བོད་འཐབ་དུས་རུ་བཞི་དམག་དཔོན་ལ། རུ་ལག་དམག་དཔོན་འབྲོ་རྒྱལ་སེང་གེ་ཡིན ”[3] ཞེས“འབྲོ”ཁྱིམ་རྒྱུད་ཀྱི་མིས་མང་གར་དང་གྲོམ་པའི་ཡུལ་གྱི་སྟོང་སྡེའི་དཔོན་གནས་བཟུང་ཡོད་པ་དང་། འབྲོ་རྒྱལ་སེང་གེ་བྱ་བ་ཡང་བོད་ཀྱི་རུ་ཆེན་བཞིའི་ཡ་གྱལ་རུ་ལག་སྟོང་སྡེའི་དམག་དཔོན་དུ་བསྐོས་ནས་རྒྱ་དང་འཐབ་ནས་བོད་ཀྱི་མཐའ་མཚམས་སྲུང་བའི་ལས་སུ་ཞུགས་ཡོད་པ་གསལ། ཡང《བཀའ་ཐང་སྡེ་ལྔ》ལས།“འབྲོ་ལ་བློན་པོ་ལྔ་བྱུང་སྟེཿ འབྲོ་ཆུང་བཟང་ངོ་རམ་དངཿ ཁྲོམ་གསུམ་རྗེ་སྟིག་སྣང་དངཿ གཙུག་སྦ་ལྷ་སྣང་དངཿ བཙན་པ་སྟག་ཚབ་དངཿ ཁྲི་རྗེ་ནི་ཤམ་དང་ནི་ལྔཿ”[4]ཞེས་བློན་ཆེན་པོ་ལྔ་བྱུང་ཡོད་པ་སོགས་ལས“འབྲོ”ཁྱིམ་རྒྱུད་ཀྱིས་བློན་ཚོགས་ཀྱི་ཁྲོད་དུ་གོ་གནས་གང་འདྲ་ཞིག་བཟུང་ཡོད་པ་དང་བཙན་པོའི་སྲིད་གཞུང་ལ་ནུས་པ་ག་འདྲ་བཏོན་ཡོད་པ་རྟོགས་ཐུབ། དེ་ནས་སྤུ་རྒྱལ་གདུང་རབས་སོ་གསུམ་པ་བཙན་པོ་མང་སྲོང་མང་བཙན་གྱིས“འབྲོ”ཁྱིམ་རྒྱུད་ནས་བཙན་མོ་འབྲོ་བཟའ་ཁྲི་མ་ལོད་ཁྲི་སྟེང་བྱ་བ་ཁབ་ཏུ་བསུས་ནས“འབྲོ”ཁྱིམ་རྒྱུད་སྤུ་རྒྱལ་བཙན་པོའི་ཆབ་སྲིད་ཀྱི་གོ་གནས་ལས་ཡང་རྩེར་འཛེགས་པའི་རྨང་གཞི་བསྐྲུན།
གསུམ། འབྲོ་བཟའ་ཁྲི་མ་ལོད།
འབྲོ་བཟའ་ཁྲི་མ་ལོད་ནི་སྤུ་རྒྱལ་བཙན་པོས“འབྲོ”ཚང་ནས་བསུས་པའི་བཙུན་མོ་གསུམ་པ་ཡིན། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཀུན་དུ་འབྲོ་བཟའ་ཁྲི་མ་ལོད་ཀྱི་འཁྲུངས་ལོ་དང་དུས་ནམ་ཞིག་ལ་མང་སྲོང་མང་བཙན་གྱི་བཙུན་མོར་བསུས་པའི་སྐོར་འཁོད་པ་གཅིག་ཀྱང་མི་སྣང་། འོན་ཀྱང་ཏུན་ཧོང་ཤོག་དྲིལ་ལས་ཕག་གི་ལོ་སྟེ་སྤྱི་ལོ་676ལོར་བཙན་མོ་ཁྲི་མ་ལོད་ཀྱི་མཚན་ཐོག་མར་ལོ་རྒྱུས་དོན་ཆེན་གནད་བསྡུས་སུ་བྱུང་ཡོད། ལོ་དེར་ཞེ་ཤིང་བྱ་བའི་ཡུལ་དུ་བཙན་མོ་ཁྲི་མ་ལོད་ཀྱིས་བཙན་པོ་ཕེབས་པར་སྟོན་མོ་ཆེན་པོ་གསོལ། ཕྱི་མའི་ལོ་སྟེ་བྱི་བའི་ལོའི་དགུན་དུས་བཙན་པོ་མང་སྲོང་མང་བཙན་ཚང་བར་སྣ་ནས་སྐུ་དགུང་དུ་གཤེགས་པ་དང་། བཙན་པོའི་སྲས་ཁྲི་འདུས་སྲོང་སྒྲེགས་ཀྱི་ལྷ་ལུང་དུ་འབྲོ་བཟའ་ཁྲི་མ་ལོད་ནས་སྐུ་བལྟམས། སྲས་སྐུ་ན་ཕྲ་བའི་དབང་གིས་བཙན་པོ་མང་སྲོང་མང་བཙན་སྐུ་འདས་ཚུལ་གསང་རྒྱ་བྱས་པ་དང་སྲིད་ཀྱི་བྱ་བ་རྣམས་བློན་ཆེན་མགར་བཙན་སྙ་དང་མགར་ཁྲི་འབྲིང་སྤུན་མཆེད་གཉིས་ཀྱིས་བསྐྱངས།འོན་ཀྱང་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བཙན་པོ་སྐུ་ཆུང་དུས་ནས་ཐུགས་གཉེར་གསོ་སྐྱོང་གནང་ནས་དཔའ་མཛངས་ལྡན་ཞིང་ལུས་སྟོབས་དང་ལྡན་པའི་རྒྱལ་པོ་ཞིག་ཏུ་འགྱུར་བར་སྐྱེད་སྲིང་གནང་ཡོད། དེ་དང་མཉམ་དུ་རང་ཕྱོགས་ཀྱི་བློན་པོ་དག་དང་མཛའ་མཐུན་རིང་དུ་བསྲིངས་ནས་རང་ཉིད་ཀྱི་སྟོབས་ཤུགས་ཇེ་ཆེར་བཏང་སྟེ། དུས་ཕྱིའི་མགར་ཁྱིམ་རྒྱུད་ལ་བཀྱོན་ཕབ་ནས་བཙན་པོའི་སྲིད་དབང་སྲ་བརྟན་གཏོང་བར་རྨང་གཞི་བསྐྲུན། རིམ་བཞིན་རྒྱལ་ཡུམ་གྱི་མིང་ཐོག་ནས་སྲིད་ཕྱོགས་ཀྱི་བྱ་བ་ལ་ཐེ་གཏོགས་བྱས་ནས། ཐོག་མར་ཕོ་བྲང་ནང་ཁུལ་བདེ་ལ་བཀོད་པ་དང་། དམག་དཔོན་བསྐོ་བཞག་བྱས་ནས་རྒྱལ་ཁབ་མཐའ་བཞིར་བསྐྱེད་པར་རམ་འདེགས་གནང་། སྤྱི་ལོ703ལོར་སྲས་འདུས་སྲོང་སྐུ་གཤེགས་རྗེས་ཕོ་བྲང་ནང་ཁུལ་ཟིང་འཁྲུག་གི་གནས་སུ་གྱུར་པའི་ཚེ་འབྲོ་བཟའ་ཉིད་ནས་དབང་ཆ་ཡོད་དོ་ཅོག་བདག་ཏུ་བཟུང་ནས་བཙན་པོ་ཁྲི་འདུས་སྲོང་གི་སྲས་ལྷ་བལ་ཕོ་བྱ་བ་ཁྲི་ལས་ཕབ་པ་དང་དབོན་ཁྲི་ལྡེ་གཙུག་བཙན་བཙན་པོའི་ཁྲི་ལ་མངའ་གསོལ་ནས་ནང་ཁུལ་བདེ་ལ་བཀོད། བཙན་པོ་སྐུ་ན་ཕྲ་བའི་དབང་གིས་སྲིད་ཀྱི་བྱ་བ་རྣམས་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བསྐྱངས་པ་དང་། བྱི་བའི་ལོ་སྟེ་སྤྱི་ལོ712ལོར་བཙན་མོ་ཁོང་ཉིད་དྲོན་ཡུལ་དུ་སྐུ་གཤེགས།
མདོར་ན་འབྲོ་བཟའ་ཁྲི་མ་ལོད་ནི་སྤུ་རྒྱལ་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་བཙན་མོ་ཞིག་ཡིན་ལ། མང་སྲོང་མང་བཙན་གྱི་བཙུན་མོ་དང་། འདུས་སྲོང་མང་བོ་རྗེའི་མ་ཡུམ། ཁྲི་ལྡེ་གཙུག་བརྟན་གྱི་ཨ་ཕྱི་བཅས་གཅིག་ལྕོགས་སུ་ཡིན་པ་ཏུན་ཧོང་ཤོག་དྲིལ་དང་རྒྱའི་ཡིག་ཚང་སོགས་སུ་གཅིག་མཐུན་དུ་སྨྲ། དེ་བས་ཁོ་མོ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་རྒྱལ་མོ་ཐོག་མ་ཡིན་ཞེས་བརྗོད་ན་མི་ཐལ་བ་ཅི་ཡང་མེད། གཞན་ཡང་ཏུན་ཧོང་ཤོག་དྲིལ་གྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་སུ་ཡུམ་ཁྲི་མ་ལོད་དང་ཡང་ན་ཕྱི་ཁྲི་མ་ལོད་ཅེས་འབྲོ་བཟའ་ཁྲི་མ་ལོད་འདི་ཉིད་ཀྱི་གཞུགས་གནས་ཀྱང་གསལ་བོར་འཁོད་ཡོད་པ་ལ། ཁོང་གིས་བོད་ཀྱི་ལོ་རྒྱུས་གར་སྟེགས་ཐོག་གལ་འགངས་ཆེ་བའི་གནས་བབས་བཟུང་ཡོད་པ་ཤེས་ཐུབ། སྤྱི་ལོ་676ལོར་མང་སྲོང་མང་བཙན་སྐུ་འདས་རྗེས་སྲས་འདུས་སྲོང་ལ་ཆབ་སྲིད་གཉེར་རོགས་གནང་བ་དང་། དབོན་ཁྲི་ལྡེ་གཙུག་བརྟན་གྱི་སྐུ་ཚེའི་སྟོད་དུ་དམག་སྲིད་གཉིས་ཀྱི་དབང་ཆ་ཡོངས་སུ་རྫོགས་པ་བཞེས་ཏེ་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་འཕེལ་རྒྱས་ཀྱི་ལམ་དུ་བཀོད་ཡོད་པ་སོགས་ལས། ཁོ་མོའི་ཆབ་སྲིད་ཀྱི་མི་ཚེའི་བགྲོད་ལམ་རགས་ཙམ་ཞིག་རྟོགས་ཐུབ།དེང་རབས་བོད་ཀྱི་ལོ་རྒྱུས་སྨྲ་བ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས།“ཏུན་ཧོང་གི་རྒྱལ་རབས་ལས་འབྱུང་བ་ལྟར་ན་བཙུན་མོ་འདི་ནི་སྲས་འདུས་སྲོང་གི་སྐུ་རིང་དང་། དབོན་ཁྲི་ལྡེ་གཙུག་བརྟན་སྐུ་གཞོན་ནུའི་སྐབས་བཅས་པར་བཙན་པོ་ཡབ་སྲས་ཀྱི་ཆབ་སྲིད་སྐྱོང་རོགས་གནང་བས་བོད་བཙན་པོའི་རྒྱལ་རབས་ཀྱི་བཙུན་མོའི་ནང་ནས་ཆབ་སྲིད་ཀྱི་མཁྱེན་རྒྱ་དང་། དབང་ཐང་སྙན་གྲགས་བཅས་ཆེ་ཤོས་ཤིག་བྱུང་བར་སྣང་།”[1] ཞེས་ཚད་མཐོའི་གདེང་འཇོག་བྱས་ཡོད་པ་ཇི་བཞིན་ནོ།།
གཉིས་པ། བཙན་མོ་ཁྲྀ་མོ་ལན་ཞེས་པ་ནི་ཁྲི་མ་ལོད་ཡིན་ཚུལ་བཤད་པ།
ཏུན་ཧོང་ཤོག་དྲིལ་I.O.J 750ལས། “ཕ་གྀ་ལོ་ལ་བབ་སྟེ། བཙན་པོ་དཔྱིད་ཞེ་ཤིང་དུ་གཤེགསྟེ། བཙན་མོ་ཁྲྀ་མོ་ལན་གྱྀས། སྟོན་མོ་ཆེན་པོ་གསོལད།”[2]ཅེས་བྱུང་བ་ལ། ཐའེ་ཝན་གྱི་བོད་རིག་པའི་ཆེད་མཁས་པ་ལེ་ཀོན་ཆོན(林冠群)ནས་བཙན་མོ་ཁྲི་མོ་ལན་ཞེས་པ་དེ་འབྲོ་བཟའ་ཁྲི་མ་ལོད་མིན་པའི་སྒྲུབ་བྱེད་གསུམ་བཀོད་ཡོད་དེ། གཅིགཏུན་ཧོང་ཤོག་དྲིལ་ལས་བཙན་པོ་དང་བཙུན་མོའི་མཚན་བརྗོད་སྐབས་ཁྲི་མ་ལོད་ཅེས་བཀོད་ཡོད་པ་མ་གཏོགས་ཁྲྀ་མོ་ལན་ལྟར་བྱུང་མེད་ཅིང་། རྗེས་མའི་ལོ་སྟེ་སྤྱི་ལོ700ནས་བཟུང་ཁྲི་མ་ལོད་མ་གཏོགས་པའི་འགྱུར་བ་གཞན་མ་བྱུང་བ །གཉིས། བོད་ཡིག་ཡིག་གཟུགས་ཀྱི་འགྱུར་བ་དང་སྐད་གདངས་ཀྱི་འགྱུར་བའི་ཁྲོད་མ་ལོད་དང་མོ་ལན་གཉིས་འགྱུར་བ་བྱུང་མི་སྲིད་པ། གསུམ། བོད་བཙན་པོའི་རྒྱལ་བོ་ལ་ཁྱོ་གཅིག་ཤུག་མང་གི་ལུགས་སྲོལ་ཡོད་པས་ཁྲི་མོ་ལན་བྱ་བ་དེ་བཙན་པོ་མང་སྲོང་མང་བཙན་གྱི་བཙུན་མོ་གཞན་ཞིག་གམ་མིང་སྲིང་གང་རུང་ཞིག་ཡིན་པར་འདོད་པ་བཅས་ཡིན།[1]སྤྱིར་ན་མཁས་པ་ཁོང་ཉིད་ཀྱིས་བོད་རིག་པ་ཞིབ་འཇུག་ཐད་བྱས་རྗེས་བླ་མེད་བཞག་ཡོད་པ་དང་གྲུབ་འབྲས་ཀྱང་གཡུར་ཏུ་ཟ་བ་བླངས་ཡོད་མོད།འོན་ཀྱང་ཁོང་གི་བལྟ་ལུགས་འདི་དག་ལ་བློ་ཆུང་ང་རང་མི་འཐད་དེ་རྒྱུ་མཚན་ནི་གཤམ་གསལ་ལྟར།
གཅིག སྤྱིར་ན་བོད་ཡིག་གི་བརྡ་རྙིང་པ་ལ་རྗེས་འཇུག་ད་ན་གཉིས་ཕན་ཚུན་བརྗེ་སྤོར་བྱེད་པའི་སྲོལ་ཡོད་པ་དཔེར་ན། བཙན་པོ་དང་བཙད་པོ། བོན་དང་བོད། ཆེན་པོ་དང་ཆེད་པོ། ཆུན་པོ་དང་ཆུད་པོ་སོགས་ཡོད་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི《དེབ་དཀར》ལས་གསལ། འོ་ན་དབྱངས་ཡིག་ན་རོ་རྐྱེན་གང་ཞིག་གིས་བཅོས་པ་རེད་ཅེ་ན། ཡིག་མཁན་གྱིས་གཟབ་གཟབ་མ་བྱས་པར་ཁྲི་མ་ལོད་དང་ཁྲི་མོ་ལན་གཉིས་ལ་དབྱངས་ཡིག་སྦྱོར་སྐབས་མིང་གཞི་གོང་འོག་འཁྲུལ་ནོར་བྱུང་སྲིད་དེ། ཏུན་ཧོང་ཤོག་དྲིལ་ནི་བོད་བཙན་པོའི་རྒྱལ་རབས་སྐབས་བྱང་མཐའ་ནས་ཡིག་ཐོག་ཏུ་བཀོད་པའི་ཡི་གེ་ཡིན་ལ། ཡིག་མཁན་ཡང་གཞུང་ཕྱོགས་ཀྱི་མི་སྣ་དང་དེ་གའི་མི་རིགས་གང་རུང་ཞིག་གམ་བྲན་འབངས་ཀྱང་ཡིན་ཏེ། དེ་དག་གི་རིག་གནས་ཆུ་ཚད་མི་འདྲ་བ་དང་གཟབ་ནན་ཡིན་མིན། ཡི་གེ་འབྲི་བའི་ལས་ཀ་དང་དུ་ལེན་མིན་གྱི་རྣམ་འགྱུར་ལས་ནོར་སྐྱོན་འབྱུང་སྲིད་པ་ནི་གཡོལ་དུ་མེད་པའི་དོན་དངོས་ཤིག་ཡིན་ཕྱིར། ཁྲྀ་མོ་ལན་དང་ཁྲྀ་མ་ལོད་གཉིས་ལ་དབྱངས་ཡིག་སྦྱོར་སྐབས་མིང་གཞི་གོང་འོག་འཁྲུལ་ནོར་བྱུང་ནས་ནོར་སྐྱོན་འབྱུང་སྲིད།
གཉིས། བོད་ཡིག་གི་བརྡ་རྙིང་བར་རྗེས་འཇུག་ད་ན་གཉིས་ཕན་ཚུན་བརྗེ་སྤོར་བྱེད་པ་དང་། སྡེ་བ་གཅིག་པའི་མིང་གཞིའི་ཡི་གེ་ཡང་རེས་མོས་ཀྱིས་བེད་སྤྱོད་བྱེད་པའི་སྲོལ་ཡོད་པ་མ་ཟད། བོད་ཡིག་གི་བརྡ་རྙིང་པའི་ཡིག་གཟུགས་ཀྱི་འགྱུར་བ་དང་སྐད་གདངས་ཀྱི་འགྱུར་བའི་ཁྲོད། མོ་ལན་དང་མ་ལོད་ལྟ་བུ་ལ་ཡང་འགྱུར་བ་བྱུང་སྲིད་དེ། ཏུན་ཧོང་ཤོག་དྲིལP.T.1287ནང་བོད་ཀྱི་ལོ་རྒྱུས་ཐོག་གི་མཛངས་མི་བདུན་གྱི་ཐོག་མར་བགྲེང་བའི་བློན་པོ་རུ་ལས་སྐྱེས་ཀྱི་མིང་ལ་འབྲི་ཚུལ་མི་འདྲ་བ་ཁ་ཤས་བྱུང་ཡོད་དེ།“རུ་ལ་སྐྱེས། ངར་ལེ་སྐྱེས། ངར་ལ་སྐྱེས”[1] བཅས་ཡིན། མིང་འབྲི་ཚུལ་མི་འདྲ་བ་གསུམ་ཙམ་བྱུང་ཡོད་པ་འདི་དག་ལས་སྐད་གདངས་དང་ཡིག་གཟུགས་གཉིས་ཀྱི་ཐད་འགྱུར་བ་བྱུང་ཡོད་དེ་མིང་འདི་གསུམ་བློན་པོ་རུ་ལས་སྐྱེས་ཡིན་པ་ལས་ར་སྤྲོད་བྱེད་ཐུབ། འོ་ན་བྱི་བའི་ལོ་སྟེ་སྤྱི་ལོ་700རྗེས་སུ་ཐེངས་དགུ་ལ་ཁྲི་མ་ལོད་ཅེས་པ་ལས་ཁྲི་མོ་ལན་ལྟར་འགྱུར་བ་མ་བྱུང་བ་ནི་སྔོན་མ་676ལོ་ནས་700ལོའི་བར་ཡིག་མཁན་མི་གཅིག་ཡིན་པའི་ངེས་པ་མེད་དེ། སྔ་མའི་སྐབས་ཁྲི་མ་ལོད་ཀྱི་ཆབ་སྲིད་ཐད་དབང་ཆ་དང་ནུས་པ་གང་ཡང་བཏོན་མེད་པས་ཡི་གེ་ལ་འགོད་པའི་སྐབས་སུ་ཡང་དེ་འདྲ་མཐོང་ཆེན་མ་བྱས་པར་སྒྲ་གདངས་ཙམ་བཀོད་པ་དང་། དུས་ཕྱིས་སུ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བཙན་པོའི་རྒྱལ་ཡུམ་གྱི་མིང་ཐོག་ནས་ཆབ་སྲིད་ཐད་དབང་ཆ་ཆེན་པོ་བཟུང་ཡོད་པས་ཡི་གེ་ལ་འགོད་པའི་སྐབས་སུའང་མཐོང་ཆེན་ནམ་གཟབ་ནན་བྱེད་སྲིད་པ་ནི་ཐག་ཆོད་ཡིན། དེ་བས་སྔོན་མའི་ཡིག་མཁན་གྱི་ཡི་གེར་འགོད་སྐབས་ནོར་སྐྱོན་བྱུང་པ་དང་རྗེས་མའི་ཡིག་མཁན་གྱིས་ཡི་གེར་བཀོད་པ་འདི་ཡང་དག་ཡིན།
གཞན་ཡང་། ལ་ལས་ཏུན་ཧོང་ཤོག་དྲིལ་ནང་བྱུང་བའི་བཙན་མོ་སད་མར་ཀར་དང་བཙན་མོ་སྙ་མོ་སྟེངས། བཙན་མོ་ཁྲི་བངས་སོགས་ལ་གཞི་བྱས་ཏེ་བཙན་མོ་བྱ་བ་ནི་བཙན་པོའི་ལྕམ་སྲིང་ལ་ངོས་འཛིན་བྱེད་པ་ལས་བཙན་པོའི་བཙུན་མོར་ངོས་འཛིན་བྱ་མི་རུང་ཞེས་སྐད་ཆ་བཤད་མཁན་ཡང་ཡོད། དེ་ནི་མ་ངེས་ཏེ་སྤྱིར་ན་བཙན་མོ་བྱ་བ་རྒྱལ་རིགས་ཀྱི་བུད་མེད་སྤྱི་ལ་གོ་དགོས་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས《དེབ་དཀར》ལས། “བཙན་མོ་བྱ་བ་དེ་ཡང་རྒྱལ་པོའི་ལྕམ་གཅིག་པུ་ལ་མིན་པར་རྒྱལ་རིགས་ཀྱི་བུད་མེད་སྤྱི་ལ་སྦྱར་བ་འོག་གི་རྒྱལ་རབས་ཀྱི་ཞར་ལ་ཡང་གསལ།”[1] ཞེས་བཀོད་ཡོད། ཡང་ཏུན་ཧོང་ཤོག་དྲིལ་ལས་བཙན་མོ་ག་ཏུན་དང་བཙན་མོ་ཁོང་ཅོ། བཙན་མོ་ཀྀམ་ཤང་ཀོང་ཅོ་སོགས་མང་པོ་ཞིག་གི་མིང་བྱུང་ཡོད་པ་ལས། བཙན་མོ་གྱིམ་ཤིང་ཀོང་ཇོ་ནི་བཙན་པོའི་བཙུན་མོ་ཡིན་པ་ལས་ལྕམ་སྲིང་མིན་པ་བོད་ཀྱི་ལོ་རྒྱུས་ལ་ལྟ་ཀློག་བྱེད་མྱོང་མཁན་ཞིག་ཡིན་ཕྱིར་ཧ་གོ་ངེས། ང་ཚོས་ཞིབ་ཏུ་བསམ་བློ་ཞིག་བཏང་ན་འདི་ལྟ་སྟེ། ཏུན་ཧོང་ཤོག་དྲིལ་དོན་ཆེན་གནད་བསྡུས་ལས། ཕག་གི་ལོ་སྟེ་སྤྱི་ལོ་675ལོའི་དཔྱིད་ཀར་བཙན་པོ་མང་སྲོང་མང་བཙན་བཙན་མོ་ཁྲི་མ་ལོད་ཀྱི་བཞུགས་གནས་ཞེ་ཤིང་དུ་གཤེགས་པ་དང་། བཙན་མོ་ཉིད་ནས་བཙན་པོ་ཕེབས་པར་དགྱེས་སྟོན་ཆེན་པོ་གསོལ་པ《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལས། “སྤྱི་ལོ་675བོད་ཤིང་ཕོ་ལོའི་དཔྱིད་དུས་སུ་བཙན་པོ་མང་སྲོང་མང་བཙན་ཞེ་ཤིང་ཞེས་པ་བཙུན་མོ་འབྲོ་བཟའི་འཁྲུངས་ཡུལ་དུ་ཕེབས་པ་དང་། དེར་བཙུན་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་དགྱེས་སྐྱེམས་ཀྱི་གསོལ་སྟོན་ཆེན་མོ་ཞིག་བཤམས་པ་དང་། དབོན་ད་རྒྱལ་ཁྲི་ཟུང་གིས་གསེར་དང་ཟངས་ཀྱི་འབུལ་བ་ཆེན་པོ་བཏེགས་སོ།”[2] ཞེས་བརྗོད་པ་ཇི་བཞིན་ནོ།།
གསུམ་པ། བཙན་པོ་གཅེན་ལྷ་བལ་ཕོ་རྒྱལ་ས་ནས་ཕབ་དོན་གང་ཡིན་སྐོར།
དེ་ཡང་ཏུན་ཧོང་ཤོག་དྲིལI.O.J750ལས། “སྤྲུལ་གྱྀ་ལོ་ལ་བབ་སྟེ། བཙན་པོ་སྲས:རྒྱལ:གཙུག་རུ་དང། པྱྀ་ཁྲྀ་མ་ལོད:དྲོན་ན་བཞུགས། ལྡེག་རེན་པའ:མནོན:སྣང་གྲགས:དང། ཁེ་རྒད་མདོ་སྣང་ལས:སྩོགས:པ:ལོག་སྟེ་:བོན་མོ་:ན་ལ་ཙེར:ལྡེག་རེན་པ་ལོག་པ་རྣམས:བཀུམ། པོང་ལག་རང་དུ:བཙན་པོ་གཅེན་ལྷ:བལ་ཕོ:རྒྱལ་ས་ནས:ཕབ།”[3] ཞེས་སྤྱི་ལོ705ལོར་བཙན་པོའི་སྲིད་དབང་ནི་ཟིང་འཁྲུག་གི་ཡོ་ལང་ཚ་ཚ་འུར་འུར་གྱི་དུས་སྐབས་ཤིག་ཏུ་སླེབས་ཡོད། སྤྱི་ལོ703ལོར་བཙན་པོ་ལྷོ་ཕྱོགས་འཇང་ཡུལ་དུ་སྐུ་གཤེགས་རྗེས་ཕོ་བྲང་ནང་ཁུལ་དུ་རྒྱལ་རྒྱུད་འཛིན་མཁན་ནམ་སྐྱོང་མཁན་སུ་བསྐོ་ཐད་གྲོས་ཁ་མ་མཐུན་པར་ཕྱོགས་ཁག་གཉིས་སུ་གྱེས་ནས་ནང་འཁྲུག་ལངས་བཞིན་ཡོད་པ་རྒྱའི་ཐང་ཡིག་ལས། “བཙན་པོ་རང་ཉིད་འདུལ་དུ་ཆས་ནས་དམག་དཔུང་དུ་ཚེ་ལས་འདས། རྒྱལ་བུ་རྣམས་ཀྱིས་རྒྱལ་སྲིད་བརྩད་དེ་ཡུན་རིང་ཕྱིན་རྗེས། རྒྱལ་ཁབ་དེའི་སྐྱེ་བོ་རྣམས་ཀྱིས་ཁྲི་འདུས་སྲོང་གི་བུ་ཁྲི་ལྡེ་གཙུག་བཙན་བཙན་པོའི་ཁྲི་ལ་བཀོད།”[1] ཅེས་བཀོད་ཡོད་པ་ལས་རྟོགས་ཐུབ། དེས་ན《ལྡེའུ་ཆོས་འབྱུང》ལས། “རྒྱལ་བོ་འདིའི་གཅེན་པོ་པ་ཚབ་ལྷ་བལ་ཕོ་དང་གཅུང་ལོད་པོ་ལོད་ཆུང་གཉིས་ཏེ་གསུམ་ཐང་མཚམས་སུ་ཕབ་བོ”[2] ཞེས་བྱུང་ཡོད། གོང་གསལ་ལུང་ཁུངས་དག་ལ་བརྟགས་ན་བཙན་པོ་ཁྲི་འདུས་སྲོང་སྐུ་འདས་རྗེས་རུས་པ་ཚབ་ཅན་གྱི་ལྷ་བལ་ཕོ་གནས་སྐབས་བཙན་པོའི་ཁྲི་ལ་བཞུགས་ཡོད་པ་ཤེས་ཐུབ།དེ་བས་ཁོ་བོས་དོན་དག་འདི་དམིགས་བྱར་བཟུང་ནས་སྐབས་དེའི་གནས་ཚུལ་ལ་ཅུང་ཙམ་དཔྱད་ན་འདི་ལྟ་སྟེ།
གཅིག པ་ཚབ་ཁྱིམ་རྒྱུད་དང་ལྷ་བལ་ཕོ།
པ་ཚབ་ཁྱིམ་རྒྱུད་ནི་དུས་ཐོག་མར་རྒྱལ་བུ་སྟག་རི་གཉན་གཟིགས་སྐབས་ཉེན་ཀར་རྙིང་བར་གནས་པའི་རྒྱལ་ཕྲན་རྒྱལ་བོ་ཟིང་བོ་རྗེ་སྟག་སྐྱ་བོའི་བློན་པོ་མཉན་འཛི་ཟུང་ནག་པོའི་ཆུང་མའི་རུས་མཚན་ཡིན། བཙན་པོ་གནམ་རི་སྲོང་བཙན་སྐབས་ནས་བཟུང་པ་ཚབ་ཁྱིམ་རྒྱུད་རིམ་བཞིན་སྤུ་རྒྱལ་བཙན་པོའི་ཆབ་སྲིད་ལ་ཞུགས་པའི་འགོ་བརྩམས་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་གཡས་རུ་དམག་དཔོན་གཞོན་པའི་གོ་གནས་པ་ཚབ་མཚོ་བཞེར་རྩང་ལོད་བྱ་བ་ཞིག་གིས་བཟུང་པ《ལྡེའུ་ཆོས་འབྱུང་རྒྱས་བ》ལས། “གཡས་རུ་སྟོད་ཀྱི་རུ་དཔོན་ནི། རྒྱལ་ལྷོ་ཡོ་སྡེ་དྲུག་གི་མེས་པོ་ཁྱུང་ཕོ་སྟག་བཟང་ཉ་སྟོང་གིས་བགྱིས། རུ་རྟ་ནི་འཚལ་ལུ་མེ་སྟག རུ་དར་ནི་དར་ནག་སྙིང་དཀར་ལ་བྱ་ཁྱུང་བྲིས་པ་འཕྱར། དཔའ་ཟླ་ནི་སྤ་ཚབ་མཚོ་གཞེར་རྩང་ལོད། ཡིག་ཚང་ཟངས་ཀྱི་ཡི་གེ”[3] ཞེས་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “དཔའ་ཟླ་བ་ཚབ་མཚོ་ཞེར་ཙད་ལོད་”[4]ལྟར་བཀོད་ཡོད་ཀྱང་སྤ་ཚབ་དང་བ་ཚབ་གཉིས་ནི་བརྡ་རྙིང་པ་ཡིན་དེ་བརྡ་གསར་ལ་པ་ཚབ་ཡིན་པ་ཤེས་གསལ་ལྟར། བཙན་པོ་ཁྲི་འདུས་སྲོང་གི་སྐབས་སུ་པ་ཚབ་རྒྱལ་ཙན་ཐོམ་པོ་བྱ་བ་ཞིག་གཡོ་རུ་ཡུལ་གྱིས་ཁྲལ་དཔོན་དུ་བསྐོས་པ་ཏུན་ཧོང་ཤོག་དྲིལ་ལས།“རྩང་སྟོན་དྔ། པ་ཙབ་རྒྱལ་ཙན་ཐོམ་པོ་གཉིས་གྱིས། གཡོ་རུའྀ་ཞིང་གྱི་ཕྱྀང་རིལ་བཏབ་ཕར་ལོ་གཆིག”[1]ཅེས་བཀོད་ཡོད་པ་དང་། པ་ཚབ་བཟའ་བཙུན་མོར་བསུས་པ་སོགས་ཀྱི་ལས་བགྱིས་ནས་པ་ཚབ་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་བའི་དུས་སྐབས་ཤིག་དང་ཁེལ་ཡོད། བཙན་པོ་ཁྲི་འདུས་སྲོང་དང་པ་ཚབ་བཟའ་གཉིས་ཀྱི་སྲས་སུ་པ་ཚབ་ལྷ་བལ་ཕོ་སྐུ་བལྟམས། རྒྱས་སྲས་འདི་ཉིད་ཀྱི་འཁྲུངས་འདས་ཐད་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་ཡིག་ཚང་སོགས་གང་དུའང་གསལ་པོ་ཞིག་མི་འདུག་པས་ཁ་ཚོན་གཅོད་དཀའ། འོན་ཀྱང་ཏུན་ཧོང་ཤོག་དྲིལ་དང《ལྡེའུ་ཆོས་འབྱུང》གཉིས་ཀྱི་ནང་དུ་བཙན་པོ་འདི་ཉིད་ཁྲི་ལས་ཕབ་པའི་སྐོར་ཟུར་ཙམ་བརྗོད་ཡོད་དེ།《ལྡེའུ་ཆོས་འབྱུང》དུ་རྒྱལ་བོ་འདིའི་གཅེན་པོ་པ་ཚབ་ལྷ་བལ་ཕོ་དང་གཅུང་ལོད་པོ་ལོད་ཆུང་གཉིས་ཏེ་གསུམ་ཐང་མཚམས་སུ་ཕབ་བོ།[2]ཞེས་བཀོད་ཡོད་པ་དང་། ཏུན་ཧོང་ཤོག་དྲིལ་ལས་པོང་ལག་རང་དུ་བཙན་པོ་གཅེན་ལྷ་བལ་ཕོ་རྒྱལ་ས་ནས་ཕབ།[3]ཞེས་པ་ལྟར་བཀོད་ཡོད་པ་ལས།ཁྲི་འདུས་སྲོང་སྐུ་གཤེགས་རྗེས་སྲས་ཆེ་བ་པ་ཚབ་ལྷ་བལ་ཕོ་རྒྱལ་སྲིད་ཀྱི་ཁྲི་ལ་མངའ་གསོལ་ཡོད་པ་ཤེས་ཐུབ།
གཉིས། བཙན་པོའི་གཅེན་ལྷ་བལ་ཕོ་རྒྱལ་ས་ནས་ཕབ་དོན།
འོ་ན་རྒྱུ་མཚན་གང་འདྲ་ཞིག་ལ་བརྟེན་ནས་བཙན་པོའི་སྲས་པ་ཚབ་ལྷ་བལ་ཕོ་རྒྱལ་སྲིད་ལས་ཕབ་པ་ཡིན་ཞེ་ན། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དེབ་ཐར་དག་ལས། བཙན་པོ་ཁྲི་འདུས་སྲོང་ལ་བཙུན་མོ་གང་དག་ཁབ་ཏུ་བསུ་བ་བཀོད་མེད་རུང་། བཙན་པོ་ཁྲི་ལྡེ་གཙུག་བཙན་ནི་ཁྲི་འདུས་སྲོང་དང་མཆིམས་བཟའ་བཙན་ཐོག་གཉིས་ཀྱི་སྲས་ཡིན་པ་ཏུན་ཧོང་ཤོག་དྲིལ་དང་ཆོས་འབྱུང་ཁག་གི་ལྟ་བ་གཅིག་མཐུན་དུ་སྣང་། གོང་དུ་དྲངས་པའི《ལྡེའུ་ཆོས་འབྱུང》ལས་བཙན་པོ་ཁྲི་འདུས་སྲོང་གིས་རུས་པ་ཚབ་ཅན་གྱི་བཙུན་མོ་ཞིག་ཁབ་ཏུ་བསུས་པ་ལས་སྲས་པ་ཚབ་ལྷ་བལ་ཕོ་ཡོད་པ་ཤེས་ཐུབ། དེ་ན་འབྲུག་གི་ལོ་སྟེ་སྤྱི་ལོ་703ལོར་བཙན་པོ་འཇང་ཡུལ་དུ་སྐུ་གཤེགས་རྗེས་ཕོ་བྲང་ནང་ཁུལ་དུ་ནང་འཁྲུག་ལངས་བཞིན་ཡོད་པ་དེ་ནི་པ་ཚབ་ཁྱིམ་རྒྱུད་དང་མཆིམས་ཁྱིམ་རྒྱུད་བར་གྱི་འཐབ་རྩོད་ཅིག་ཡིན་དེ། མཆིམས་ཁྱིམ་རྒྱུད་ནི་བོད་ཀྱི་རུས་རྒྱུད་རྙིང་པ་ཞིག་སྟེ། རྒྱལ་ཕྲན་བཅུ་གཉིས་སྐབས་ནས་མངའ་ཁོངས་དང་འབངས་རིས་ངེས་ཅན་ཅིག་ཡོད་ལ། ཏུན་ཧོང་ཤོག་དྲིལ་ལས། “ཡུལ་མཆྀམས་ཡུལ་གྱི་དགུའ་ཡུལ་ནའ། རྗེ་མཆིམས་རྗེ་འྀ་ནེ་འུ། བློན་པོ་དང་དང་དིང་དིང་གཉིས།། ”[1] ཞེས་བྱུང་ཡོད་པ་ལས་ཤེས་ཐུབ། དེ་ནས་བཙན་པོ་འབྲོ་གཉེན་ལྡེ་རུ་སྐབས་སུ་མཆིམས་ཁྱིམ་རྒྱུད་ནི་བཙན་པོའི་གཉེན་ཚན་དུ་གྱུར་ནས་རིམ་བཞིན་བློན་ཆེན་པའི་གོ་གནས་དང་སྟོང་སྡེའི་དཔོན་པོ་བཅས་ཀྱི་ལས་ཀ་གཉེར་ཞོར་བཙན་པོའི་སྲིད་གཞུང་ལ་སྲི་ཞུ་གང་ལེགས་སྒྲུབ་པ་དང་། བཙན་པོ་སྲོང་བཙན་སྒམ་པོ་སྐབས་ནས་བཙན་པོ་ཁྱིམ་རྒྱུད་ཀྱིས་ཞང་བོར་བཀུར་ནས་ཞང་གསུམ་བློན་བཞིའི་གྲས་སུ་བཅུག་ཡོད་པ《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “སྟོད་ན་འབྲོ་སྨད་ན་མཆིམས་བར་ན་སྣ་ནམ་བློན་པོ་སྦས་རྣམས་ལ་ཞང་གསུམ་བློན་དང་བཞི་ཞེས་སྐུ་ཞང་དང་བློན་ཆེན་གྱི་བྱ་བ་བྱེད་དོ”[2] ཞེས་བཀོད་ཡོད། བཙན་པོ་ཁྲི་འདུས་སྲོང་གི་སྐབས་སུ་མཆིམས་ཟ་བཙན་མ་ཐོག་བྱ་བ་བཙུན་མོར་བསུས་ནས་སྲས་རྒྱལ་གཙུག་རུ་སྐུ་འཁྲུངས། འོན་ཀྱང་ཁྲི་འདུས་སྲོང་འཇང་ཡུལ་དུ་སྐུ་གཤེགས་རྗེས་རྒྱལ་རྒྱུད་འཛིན་མཁན་སུ་བསྐོ་ཐད་བློན་ཚོགས་ཁྲོད་གྲོས་ཁ་མ་མཐུན་པར་པ་ཚབ་ཁྱིམ་རྒྱུད་དང་མཆིམས་ཁྱིམ་རྒྱུད་གཉིས་བར་འཁྲུག་རྩོད་བྱུང་།
སྤྱིར་ན་བོད་བཙན་པོའི་རྒྱལ་རྒྱུད་འཛིན་བསྐོ་ཐད་སྒྲིག་ལམ་གཏན་ཁེལ་བྱས་ཡོད་དེ།བཙན་པོའི་བཙུན་མོ་དག་ལས་ཆེན་མའི་སྲས་ཆེ་བ་ཁྲི་ལ་དབང་བསྐུར་དགོས། ཏུན་ཧོང་ཤོག་དྲིལ་དང《ཆོས་འབྱུང་མཁས་པའི་དགའ་སྟོན》གཉིས་ལས་ཁྲི་འདུས་སྲོང་གི་བཙུན་མོ་མཆིམས་བཟའ་བཙན་མོ་ཏོག་གི་མཚན་མ་གཏོགས་པས་བཙན་མོ་གཞན་གྱི་མཚན་གང་ཡང་བྱུང་མེད། དེ་བས་བཙན་མོ་འདི་ཉིད་ནི་བཙན་པོ་འདུས་སྲོང་གི་བཙུན་མོ་ལས་ཆེན་མ་ཡིན་པ་ཁ་ཚོན་གཅོད་ཐུབ། དེ་ལྟར་ན་པ་ཚབ་ཁྱིམ་རྒྱུད་དང་དེའི་ཕྱོགས་གཏོགས་བློན་ཚོགས་ཀྱིས་པ་ཚབ་ལྷ་བལ་ཕོ་བྱ་བ་བཙན་པོའི་སྲས་ཆེ་བ་ཡིན་པར་ཁ་གཡར་ནས་བཙན་པོའི་ཁྲི་ལ་མངའ་གསོལ་རྒྱུར་བརྩོན་ལེན་བྱས། རེ་ཞིག་པ་ཚབ་ལྷ་བལ་ཕོ་བྱ་བ་པང་ལོག་བྱ་བའི་གནས་དེ་རུ་ཁོང་ཅག་གིས་རྒྱལ་བོར་དབང་བསྐུར།འོན་ཀྱང་བཙན་པོའི་ཕོ་བྲང་ནང་ཁུལ་དུ་མཆིམས་ཁྱིམ་རྒྱུད་གཙོ་བྱས་པའི་བློན་ཚོགས་ཀྱི་ཁྲོད་དུ་དེ་ལ་དང་ལེན་དང་ཁས་ལེན་བྱས་མེད། དེ་དང་བསྟུན་ནས་མཆིམས་ཁྱིམ་རྒྱུད་གཙོ་བྱས་པའི་བློན་ཚོགས་ཀྱི་ཁྲོད་ནས་མཆིམས་བཟའི་སྲས་རྒྱལ་གཙུག་རུ་རྒྱལ་བོའི་ཁྲི་ལ་མངའ་གསོལ་པར་རྩོད་ལེན་བྱས་ནས་ཕོ་བྲང་ནང་ཁུལ་དུ་ཟིང་འཁྲུག་གི་ཡོ་ལང་འཕྱུར། སྐབས་འདིར་ཕོ་བྲང་ནང་ཁུལ་དུ་དབང་ཤུགས་གཉིས་འཛོམས་ཀྱི་མི་ཞིག་གིས་དོན་དག་འདི་ཐག་གཅོད་བྱེད་དགོས་ཏེ། དེ་ནི་འབྲོ་བཟའ་ཁྲི་མ་ལོད་ཡིན། འབྲོ་བཟའ་ཁྲི་མ་ལོད་ཀྱི་སྲས་འདུས་སྲོང་གི་སྐུ་ཚེ་སྨད་ནས་ཆབ་སྲིད་གཉེར་མགོ་བརྩམས་ཡོད་ལ། བཙན་པོ་སྐུ་གཤེགས་རྗེས་ཕོ་བྲང་ནང་ཁུལ་དུ་ཁོ་མོས་དབང་ཆ་ཆེ་ཤོས་བཟུང་ཡོད། དེ་ལྟར་ན་སྐབས་འདིར་ཁོ་མོས་དབང་ཤུགས་གཉིས་ཀྱི་སྒོ་ནས་རྒྱལ་རྒྱུད་འཛིན་མཁན་སུ་བསྐོ་ཐག་གཅོད་བྱས་ཆོག་སྟེ། མཆིམས་བཟའི་སྲས་རྒྱལ་གཙུག་རུ་བཙན་པོའི་ཁྲི་ལ་མངའ་གསོལ། ཁོ་མོས་མཆིམས་བཟའི་སྲས་རྒྱལ་གཙུག་རུ་ཁྲི་ལ་མངའ་གསོལ་བའི་རྒྱུ་མཚན་གཙོ་བོ་ནི་སྲིད་དབང་སྒེར་འཛིན་བྱེད་པའི་ཆེད་དུ་ཡིན་དེ། རྒྱལ་སྲིད་པ་ཚབ་ལྷ་བལ་ཕོ་ལ་གཏད་ན་ཁོང་མོའི་སྲིད་དབང་སྒེར་འཛིན་ཐད་ཉེན་ཁ་ཆེན་པོ་བསྐྲུན་ཡོད། རྒྱུ་མཚན་གང་ཡིན་ཞེ་ན་པ་ཚབ་ལྷ་བལ་ཕོ་བྱ་བ་རྒྱས་སྲས་གཞན་དག་ལས་ལོ་ན་ཆེ་བ་ཏུན་ཧོང་ཤོག་དྲིལ་དང《ལྡེའུ་ཆོས་འབྱུང》གཉིས་ཀྱི་ནང་གཅིག་མཐུན་དུ་བཞེད་པས། ཁོ་རང་ལ་སྲིད་དབང་གཉེར་བའི་ནུས་པ་ཡོད་སྲིད། ཆབ་སྲིད་མཆིམས་བཟའི་སྲས་རྒྱལ་གཙུག་རུ་ལ་གཏད་ན་སྲས་སྐུ་ན་ཕྲ་བའི་དབང་གིས་སྲིད་དབང་འབྲོ་བཟའ་ཉིད་ནས་སྒེར་འཛིན་བྱས་ཆོག་པ་དུས་ཕྱིས་སུ་འབྲོ་བཟའ་ཁྲི་མ་ལོད་གྱིས་ཆབ་སྲིད་གྱི་དབང་ཆ་ཡོངས་སུ་བཞེས་པ་ལས་ཤེས་ཐུབ། རྒྱུ་མཚན་གཞན་ཞིག་ནི་འབྲོ་ཁྱིམ་རྒྱུད་དང་མཆིམས་ཁྱིམ་རྒྱུད་གཉིས་ཏེ་ཁྱིམ་རྒྱུད་ཆེན་པོ་འདི་གཉིས་བར་གྱི་མཛའ་མཐུན་རིང་དུ་སྲིང་བའི་ཆེད་དུ་ཡིན་ཞེས་བརྗོད་ནའང་མི་ཆོག་རྒྱུ་མེད། འབྲོ་བཟའ་ཁྲི་མ་ལོད་ཀྱིས་སྲིད་དབང་སྒེར་འཛིན་ནམ་རང་ཕྱོགས་ཀྱི་སྟོབས་ཤུགས་ཆེ་རུ་འདེགས་པའི་ཆེད་དུ་པ་ཚབ་ལྷ་བལ་པོ་དང་དེའི་ཕྱོགས་གཏོགས་བློན་ཚོགས་ཚར་གཅོད་བྱེད་པའི་འགོ་བརྩམས། ཐོག་མར་བོན་མོ་ན་ལ་ཙེ་བྱ་བའི་ཡུལ་ནས་བློན་པོ་ལྡེག་རན་པ་མནོན་སྣང་གྲགས་དང་ཁེ་རྒད་མདོ་སྣང་ལ་སོགས་པ་སྲོག་ཁྲིམས་ལ་སྦྱར་བ་དང་། དེའི་རྗེས་སུ་ཁྲི་འདུས་སྲོང་གི་སྲས་པ་ཚབ་ལྷ་བལ་ཕོ་རྒྱལ་ས་ནས་ཕབ་པ་དང་གཅུང་ལོད་པོ། ལོད་ཆུང་གསུམ་ཐང་མཚམས་སུ་ཕབ་ནས་མཆིམས་བཟའི་སྲས་རྒྱལ་གཙུག་རུ་བཙན་པོའི་ཁྲི་ལ་མངའ་གསོལ་བ་དང་མཚན་ལ་ཁྲི་ལྡེ་གཙུག་བརྟན་དུ་གསོལ་ནས་ཆབ་སྲིད་ཀྱི་དབང་ཆ་ཡོད་དོ་ཅོག་འབྲོ་བཟའ་ཉིད་ནས་བཞེས།
བཞི་བ། མཇུག་གི་གཏམ།
ཏུན་ཧོང་ཤོག་དྲིལ་ལས་དོན་ཆེན་གནད་བསྡུས་དང་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཁག་ཅིག་གཞིར་བཟུང་ནས་བལྟས་ན། བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་བུད་མེད་སྲིད་འཛིན་པ་འབྲོ་བཟའ་ཁྲི་མ་ལོད་ཀྱི་ལོ་རྒྱུས་ནི་ངོ་མཚར་ཞིང་ཀྱག་ཀྱོག་གི་བརྒྱུད་རིམ་དང་ལྡན་པ་ཞིག་ཡིན་ཞིང་། འབྲོ་བཟའ་ཁྲི་མ་ལོད་ཀྱི་རུས་མིང་ཁྲོད་ཀྱི་འབྲོ་ཞེས་པའི་རུས་རྒྱུད་འདི་ནི་བོད་ཀྱི་གནའ་བོའི་རུས་ཁུངས་ཤིག་ཡིན་པ་དང་། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་རིམ་གྱིས་བོད་བཙན་པོའི་ཆབ་སྲིད་སྒྲིག་གཞིའི་ནང་གོམ་པ་སྤོ་འགོ་བརྩམས་པ་དང་། བཙན་པོའི་གདུང་རྒྱུད་ཀྱིས་རང་གི་སྲིད་དབང་གི་དགོས་མཁོར་དམིགས་ནས་རུས་རྒྱུད་འདི་དང་འབྲེལ་བ་བཙུགས་ཤིང་། ཁྲི་མ་ལོད་ཀྱི་དུས་སུ་འཕེལ་རྒྱས་ཀྱི་ཡང་རྩེར་སོན་པའི་ཚུལ་མངོན། ལོ་རྒྱུས་སུ་ཁྲི་མ་ལོད་ཀྱི་ཆབ་སྲིད་སྟོབས་ཤུགས་མི་འདྲ་བའི་དུས་སུ་མིང་ཡང་མི་འདྲ་བར་ཁྲྀ་མོ་ལན་དང་ཁྲྀ་མ་ལོད་ཅེས་གཉིས་བྱུང་མོད། རྒྱའི་མཁས་པ་ལེ་ཀོན་ཆོན་གྱིས་ཏུན་ཧོང་ཤོག་དྲིལ་ལས་བྱུང་བའི་ཁྲྀ་མོ་ལན་ཞེས་པ་ནི་ཁྲི་མ་ལོད་མ་ཡིན་པའི་ལྟ་བ་བཏོན་ཡོད་མོད། ཞིབ་ཏུ་བསམ་ན་དོན་ལ་ཁྲྀ་མོ་ལན་ཞེས་པ་ནི་ཁྲི་མ་ལོད་ཀྱི་འབྲི་ཚུལ་གཞན་ཡིན་པ་ལས་མི་གཞན་ཞིག་མིན་པ་དང་། ཁྲི་མ་ལོད་ཀྱིས་སྲིད་བཟུང་བའི་སྐབས་སུ། རང་གི་སྲིད་དབང་སྲ་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་པ་ཚབ་ཁྱིམ་རྒྱུད་དང་མཆིམས་རྒྱུད་སོགས་བོད་གནའ་བོའི་ཁྱིམ་རྒྱུད་སྟོབས་ཤུགས་ཆེ་བ་འགའ་རེ་དང་འབྲེལ་བ་བཙུགས་པ་མ་ཟད། ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་ཆེད་པ་ཚབ་ཁྱིམ་རྒྱུད་ཁྲོད་བཙན་པོའི་ཁྲི་ལ་མངའ་གསོལ་མྱོང་བའི་བཙན་པོའི་གཅེན་ལྷ་བལ་ཕོ་བྱ་བའང་ཁྲི་ལས་ཕབ་ནས་ཐང་མཚམས་སུ་ཕབ་པ་སོགས། རང་ཕྱོགས་ཀྱི་དབང་ཆ་སྒེར་འཛིན་དང་བོད་བཙན་པོའི་ཆབ་སྲིད་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དུ་ཐབས་ཇུས་སྣ་མང་བཀོལ་མྱོང་བར་མངོན་ནོ།།
དཔྱད་གཞིའི་ཡིག་ཆ།
[1] India Officeཡི་བསྡུས་མིང་། དབྱིན་ཇི་རྒྱལ་ཁབ་ནས་ཉར་བའི་ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཤོག་དྲིལ། ད་ལྟ་དབྱིན་ཇི་ལུན་ཏུན་གྱི་རྒྱ་གར་དོན་གཅོད་ལས་ཁུངས་ཀྱི་དཔེ་མཛོད་ཁང་དུ་ཉར་ཡོད། 750ནི་དེ་གར་ཡོད་པའི་བོད་ཡིག་ཤོག་དྲིལ་དག་ལས་བོད་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་མཚོན་པའི་ཤོག་དྲིལ་ཡིན།
[2]གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། 【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤ65
[3]གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། 【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤ87
[1]སྟོབས་ལྡན། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས།(བཅུ་གཅིག)【M】བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤ375
[2]མཁས་བ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་བ། 【M】བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོ། ཤ214
[3]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་བའི་དགའ་སྟོན། 【M】 མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤ84
[4]པ་སངས་དབང་འདུས། བོད་ཀྱི་གནའ་བོའི་རྒྱལ་ཕྲན་དང་། རྒྱལ་ཕྲན་སིལ་མ། སྟོང་སྡེ། ཡུལ་དཔོན་ཚན་བཅས་ཀྱི་ཞིབ་འཇུག། 【M】བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2020ལོ། ཤ15
[1]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་བའི་དགའ་སྟོན། 【M】 མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤ87
[2]སྟོབས་ལྡན། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས།(བཅུ་གཅིག)【M】བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤ 378
[1]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་བའི་དགའ་སྟོན། 【M】 མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤ92
[2]མཁས་བ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་བ། 【M】བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོ། ཤ238
[3]སྟོབས་ལྡན། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས།(བཅུ་གཅིག)【M】བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤ378
[4]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་བའི་དགའ་སྟོན། 【M】 མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤ92
[5]མཁས་བ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་བ། 【M】བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོ། ཤ238
[6]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་བའི་དགའ་སྟོན། 【M】 མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤ93
[1]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་བའི་དགའ་སྟོན། 【M】 མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤ100
[2]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་བའི་དགའ་སྟོན། 【M】 མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤ102
[3]གུ་རུ་ཨོ་རྒྱན་གླིང་བའི་གཏེར་ཡིག བཀའ་ཐང་སྡེ་ལྔ། 【M】བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤ33
[4]གུ་རུ་ཨོ་རྒྱན་གླིང་བའི་གཏེར་ཡིག བཀའ་ཐང་སྡེ་ལྔ། 【M】བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤ338
[1]ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། (སྟོད་ཆ) 【M】བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2016ལོ། ཤ221
[2]གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། 【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤ65
[1]林冠群 《唐代吐蕃历史与文化论集》【C】 中国藏学出版社2007年 226
[1]སྟོབས་ལྡན། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས།(བཅུ་གཉིས)【M】བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤ2-3
[1]མཁས་དབང་དགེ་འདུན་ཆོས་འཕེལ། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། 【M】 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2017ལོ། ཤ197
[2]ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། (སྟོད་ཆ) 【M】 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2016ལོ། ཤ219
[3]གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། 【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤ87
[1]འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར། རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས། (བཞི་བ)【M】 ཤ26 ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤ26
[2]ལྡེའུ་ཇོ་སྲས། ལྡེའུ་ཆོས་འབྱུང་།【M】 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1987ལོ། ཤ120
[3]མཁས་བ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་བ། 【M】 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོ། ཤ247
[4]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་བའི་དགའ་སྟོན། 【M】 མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤ102
[1]གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། 【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤ77
[2]ལྡེའུ་ཇོ་སྲས། ལྡེའུ་ཆོས་འབྱུང་། 【M】 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤ120
[3]གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། 【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤ87
[1]སྟོབས་ལྡན། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས།(བཅུ་གཅིག)【M】བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤ376
[2]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་བའི་དགའ་སྟོན། 【M】 མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤ102