ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ཚད་མའི་རིག་གཞུང་ཆོས་ལུགས་ཤིག་མ་ཡིན་པའི་སྐོར་གྱི་བསྐྱར་ཞིབ།

སྤེལ་དུས 2022-01-20 ཡོང་ཁུངས། བོད་ཀྱི་སློབ་གསོ། རྩོམ་པ་པོ། ཁྱུང་ཕྲུག་བློ་བཟང་དར་རྒྱས།
[གནད་བཏུས] འདིར་བོད་ཕྱི་རབས་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱིས་ཀྱང་ཚད་མའི་རིག་གཞུང་གི་རིན་ཐང་མངོན་གྱུར་དང་དབུ་འཕང་དགུང་དུ་འདེགས་ཕྱིར་ནང་ཆོས་སུ་དགོས་དབང་གིས་གསུངས་པ་ལགས་ན། དོན་དངོས་ལ་སྟག་ལོའི་བཞེད་པ་བཞིན་རིག་པ་འདི་ཉིད་ཆོས་ལུགས་མིན་པར་ཐུན་མོང་རིག་གནས་ཀྱི་གཞུང་ལུགས་སུ་འཇོག་པར་ཡོངས་གཅོད་ཀྱིས་གྲུབ་ཕྱིར། སྔ་ཕྱི་མཁས་པ་ཐུན་མོང་གི་དགོངས་པའི་ཤུགས་ལ་གནས་པའི་བཞེད་པ་མཐར་ཐུག་ཀྱང་དེ་ཉིད་ཡིན་པར་དཔྱད་འཇོག་བྱས་ཡོད།
[གནད་ཚིག] ཚད་མའི་ཡིག་ཆ། ནང་རིག་གི་བསྟན་བཅོས། སྟག་ཚང་ལོ་ཙཱ་པ། ཐུན་མོང་གི་རིག་གནས།
དང་པོ། གླེང་བསླངས་ཏེ་མཚམས་སྦྱོར་བ།
        དེ་ཡང་བོད་རིག་པ་ལ་སྲིད་དཔལ་རིག་གསུམ་དང་དངོས་བརྒྱུད་ཅི་རིགས་ཀྱིས་འབྲེལ་ཞིང་ཤེས་ལྡན་ཀུན་གྱིས་དོ་སྣང་མཛད་པའི་ལོ་རྒྱུས་ཅན་གྱི་བཅུ་ཕྲག་རིག་གནས་ཞེས་ཡོངས་སུ་གྲགས་པ་ནི་སའི་སྟེང་གི་ཤེས་རིག་རིམ་བཞིན་གོང་འཕེལ་དུ་ཕྱིན་པའི་རྗེས་ཤུལ་བསྙོན་དུ་མེད་ཅིང་བསུབ་ཏུ་མེད་པ་ཞིག་ཡིན། དེ་ལ་དེང་འདིར་གང་ལ་གང་མཁོ་དང་སུ་ལ་དགའ་མོས་སྣ་ཚོགས་ཀྱི་དབང་གིས་དར་སྤེལ་དང་ལག་ལེན་བྱ་བ་ལའང་གཞན་དག་ལྟ་ཅི། རྗེས་འཇུག་མཁས་དང་མཁས་མིན་དག་ཀྱང་རང་རང་གི་ས་ན་མི་མཐུན་པའི་ལྟ་ཚུལ་དང་གདེང་འཇོག་འདྲ་མིན་དུ་མ་ཆུ་གཉེར་ལྟར་དཀྲིགས་པ་སྨོས་མ་དགོས་པའི་ཕྱིར་རོ། །
        དེས་ན་སྐབས་སུ་བབ་པའི་དཔྱད་བྱར་གྱུར་པ་སྟེ། གོང་གི་བཅུ་ཕྲག་རིག་པའི་ནང་གི་ཚད་མ་རིག་པ་ཞེས་པ་འདི་ཡང་ཤེས་རིག་དར་འཕེལ་གྱི་སྒང་ན་དབུ་འཕང་བསྟོད་པ་སྨོས་ཅི། དེ་ལས་ལྷག་པར་ཉག་ཁའི་དར་ལྕོག་ལྟར་གྱུར་དང་འགྱུར་བཞིན་པ་ནི་ཉི་མ་ཤར་བ་དང་གཉིས་སུ་མ་མཆིས་པ་མཐོང་བ་མངོན་སུམ་ལྟར་རོ། །དེ་ཡང་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་འདུ་བྱས་པ་ལས་བྱུང་བ་ཡིན་ཏེ། ཁ་ཅིག་གིས་རིག་གཞུང་དེ་ཉིད་ཆེད་དུ་རང་གཞན་ལ་ཀླན་ཀ་འཚོལ་ཕྱིར་ཙམ་གྱི་སེར་མོའི་སྡེའི་དམོད་འཛིང་གི་ལག་ཆ་ཞིག་དང་། འགའ་ཞིག་ཉི་མ་འཕུད་ཐབས་ཀྱི་གནའ་སྒྲུང་ལྟ་བུ་ཞིག་ཏུ་ངོས་འཛིན་ཞིང་། ལ་ལས་ནི་རིག་གཞུང་གཞན་གྱི་རམ་འདེགས་སུ་མི་འགྲོ་བ་མ་ཟད། དེ་དག་ལ་ཕུང་ཀྲོལ་དང་མགོ་འཁྲུགས་སློང་བའི་གཏེ་བོ་ཞིག་ཏུ་ཡིད་ལ་བྱེད་མུས་སོ། །ལྷག་དོན་ཉེ་དུས་འདིར་རིག་གཞུང་དེ་ཉིད་ནང་བསྟན་ཆོས་ལུགས་གཤའ་མ་རང་དུ་བརྩིས་ནས་རིག་གཞུང་གང་ཉིད་དེང་གི་རིག་གཞུང་དཔྱད་གླེང་གར་སྟེགས་ལས་མར་སྤྱུགས་ཏེ་རང་ཉིད་ཀྱི་གནས་བབ་གད་སྙིགས་ཀྱི་གནས་བབ་ལ་བཀོད་དང་འགོད་བཞིན་པའི་ངང་ཚུལ་དུ་གྱར་བ་འདི་དག་ལ་ཆེད་དམིགས་ཀྱིས་རང་བློས་ལྕོགས་ཚོད་ཀྱི་སྒོ་ནས་བསམ་གཞིག་དང་། ཞིབ་འཇུག དཔྱད་འཇོག་ཅིག་བྱ་འདོད་པ་ནི་ཁོ་བོའི་དཔྱད་རྩོམ་འདིའི་དམིགས་ཡུལ་ལམ་དགོས་དོན་གྱི་སྙིང་བོ་ཡིན་ནོ། །
གཉིས་པ། ཚད་མ་རིག་པའི་དགོས་ནུས་དང་ཁྱབ་ཁོངས།
        སྤྱིར་རིག་པའི་གནས་གང་ཡིན་ཡང་འཇིག་རྟེན་འདིར་ཐོག་མར་བྱུང་བ་ལ་རང་ཉིད་ཀྱི་དུས་ཐོག་དེ་དང་དེ་ཉིད་ཀྱི་གནས་བབ་དང་དགོས་མཁོ་ལ་བརྟེན་ནས་གསར་ཐོན་བྱུང་བ་ལས་གང་ལ་ཡང་མི་འབྲེལ་ཞིང་སུ་ལ་ཡང་མི་མཁོ་བའི་དངོས་པོ་ནུས་མེད་ཅིག་མིན་པ་ནི་རིགས་པ་བཞིས་དཔྱད་པར་བཟོད་པ་ཁོ་ནའོ། །དོན་གྱི་དབང་དེ་དང་མཚུངས་པར་བོད་བརྒྱུད་ཚད་མ་རིག་པ་འདི་ཡང་དགེ་ཆོས་ཀྱིས། འཛམ་གླིང་གི་མཁས་པའི་གཙོ་བོ་སློབ་དཔོན་ཆོས་ཀྱི་གྲགས་པ་ལྟ་བུས་མཛད་པའི་ལེགས་སྦྱར་འདི་རྣམས་ཤིན་ཏུ་གོ་དཀའ་བར་ངེས་མོད། ཚིགས་བཅད་རྣམས་ཀྱི་མགོ་ལ་ཨོཾ་དང་མཇུག་ཏུ་སྭཱ་ཧཱ་སྦྱར་ན་གཟུངས་སྔགས་ཀྱི་གོ་ཡང་ཆོད་པར་ངེས་པས། གཡེལ་ཆུང་དུ་མི་བྱ་བར་འཚལ།①ཞེས་ཚད་མ་རིག་པ་དང་དེའི་བྱེད་པོ་གང་ཉིད་ལ་གཞན་གྱི་མཁས་པར་གནང་མ་མྱོང་བའི་གདེང་འཇོག་དང་རྩིས་མཐོང་བླ་མེད་གནང་བ་ལྟར་རོ། །དེ་ལ་ཚུལ་འདིའི་འཇུག་ཡུལ་དུ་གྱུར་པའི་གཞུང་ལ་ཡང་། མདོ་དང་སྡེ་བདུན་ཞེས་ཀུན་ལ་རླུང་ལྟར་གྲགས་པ་དེ་ཉིད་དོ། །དེ་ལྟར་རང་ཅག་མཁས་པས་གཅེས་གཅེས་སུ་འཛིན་པ་ལྟར། བེ་ཐིས་པུ་སཱ་ན་ཡིས་བརྩམས་པའི་རྒྱ་གར་ཚད་མ་རིག་པའི་ལོ་རྒྱུས་ལས། དཔལ་ལྡན་ཆོས་གྲགས་ཁོང་ནི་རླབས་ཆེ་བའི་སློབ་དཔོན་ཞིག་དང་རྩོད་སྒྲུབ་རིག་པ་སྨྲ་བ་ཞིག་ཡིན་ཞིང་། ཁོང་གི་མཚན་སྙན་ཡངས་པའི་རྒྱལ་ཁམས་ཀྱི་གྲུ་ཟུར་རེ་རེར་ཁེབས་པ་དང་ལྷན་དུ་ཁོང་ནི་འཕྲོག་བྱེད་དབང་པོ་ལྟར་གླང་བོའི་ཁྱུ་མཆོག་གི་ཀླད་པ་འགེམས་འདྲའི་སྨྲ་བའི་རྒྱལ་པོ་ཞིག་གོ །②ཞེས་གསལ་བ་ཡང་མཐོང་སྣེ་མི་འདྲ་བའི་འགྲོས་ཀྱི་ལམ་ནས་ཚུལ་འདིའི་རིགས་པ་ཤེས་ཏེ་སྨྲས་པའི་རང་སྐད་གཟུ་བོའི་གདེང་འཇོག་དབང་མེད་དུ་ཤོར་བ་རང་རེད།
        སྤྱིར་ཚད་མ་རིག་པ་ནི་འཇིག་རྟེན་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ངོས་འཛིན་ལ་བརྟེན་པའི་འདུ་ཤེས་དང་དེའི་སེམས་པས་གཡོ་སྒུལ་གྱི་ངལ་རྩོལ་སྣ་ཚོགས་རིམ་པར་བརྒྱུད་ནས་རང་ཉིད་ཀྱི་བསམ་བློ་དང་གོ་རྟོགས། ངེས་ཤེས་སོགས་མི་འདྲ་བ་དུ་མ་དེ་མཚུངས་སུ་འཕེལ་རྒྱས་སུ་ཕྱིན་པའི་སྤྱི་འགྲོས་རང་བཞིན་ཅན་དང་ཆོས་ཉིད་ལྡོག་མེད་ཅན་ཞིག་ཏུ་གྲུབ་པའི་རིག་ཚན་ཉིད་དུ་གསལ་ལོ། ། དེས་ན་རིག་པ་འདི་ཉིད་དང་ཐོག་འགྲོ་བ་མིའི་རིགས་ཀྱིས་རང་རང་གི་འཚོ་གཞེས་ཁྲོད་དུ་ཕྱི་རོལ་ཡུལ་གྱི་དངོས་པོའི་གནས་ལུགས་དང་རང་བཞིན་ལ་ཕོག་ཐུག་དང་འགུལ་སྐྱོད། སྐྱེ་འཇིག་དང་འཕེལ་འགྱུར་ལ་བསམ་གཞིགས་བྱས་པ་དང་ལྷན་དུ་ནང་གི་རིག་པའམ་བློའི་ར་བ་ལས་དག་མ་དག་གི་བསམ་བློ། བདེན་མི་བདེན་གྱི་འཆར་སྒོ་རྣམས་ལ་འདོར་ལེན་དང་དགག་སྒྲུབ་ཀྱི་ཤེས་རྟོགས་སད་པ་ཡིན་ཕྱིར་གནའ་བོའི་གྲུབ་མཐའ་གྲངས་ཅན་པའི་སྟོན་པ་དྲང་སྲོང་སེར་སྐྱའམ་རྐང་མིག ནང་པའི་རྗེས་འབྲངས་ཀྱི་སློབ་དཔོན་ཕྱོགས་གླང་དང་དཔལ་ཆོས་ཀྱི་གྲགས་པ་ཡབ་སྲས་ཀྱིས་ཐོག་མའི་རྨང་གཞི་ཅི་ཡང་མ་མཆིས་པའི་སྔོན་མེད་གསར་གཏོད་གནང་བ་ཞིག་གཏན་ནས་མིན་པ་ཤེས་སོ། །
        དེ་ལྟར་ཡིན་པའི་རྒྱུ་མཚན་ནི་སྔོན་གྱི་ཚེ་ན་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ཉིད་ཀྱི་འགྱུར་ལྡོག་དང་བྱེད་ནུས་ལས་བརྩམས་ཏེ་ཚུལ་དེ་དང་མཐུན་པའི་གནས་ལུགས་ཀྱི་ངོས་འཛིན་དང་འགྲེལ་བཤད། བཀོལ་སྤྱོད་སོགས་གང་བདེ་ཅི་དགར་བགྱིད་པའི་བློ་གྲོས་ཀྱི་ན་ཚོད་རེ་ཞིག་མ་རྒྱས་པར་ཟས་སུ་ཤིང་ཏོག་དང་མ་རྨོས་པའི་ལོ་ཏོག་ཟ་བ་སོགས་སྤྱི་སྒེར་གྱི་འདུ་ཤེས་མེད་པའི་ཆེས་དམའ་རིམ་གྱི་གདོད་མའི་སྤྱི་ཚོགས་ཀྱི་དུས་རབས་ཤིག་བྱུང་བ་ནི་ཐུན་མོང་གིས་ཁས་ལེན་པའི་ལོ་རྒྱུས་དག་ལས་གསལ་བ་བཞིན་ནོ། །
        དེ་ནས་རིམ་བཞིན་བསྐལ་མང་དང་ལོ་མང་གི་སྤྱི་ཚོགས་འཚོ་བའི་བདེ་སྡུག་སྣ་ཚོགས་བརྒྱུད་པའི་མཐར་རང་ཉིད་འཚོ་ཐབས་ཀྱི་ཉམས་མྱོང་ཤེས་བྱ་ཕུན་ཚོགས་བསགས་པའི་འབྲས་བུར་རྨོངས་པ་འཇོམས་པའི་བློ་གྲོས་སམ་ཚད་མའི་རིག་པ་རྙེད་པར་གྱུར་པ་ནི་སུས་ཀྱང་ལྡོག་དཀའ་བའི་གཏན་ཚིགས་སོ། །དེ་ལྟར་ཡིན་ན་ཡང་ཚད་མའི་རིག་པ་མགོ་འབུས་པ་ཉིད་ནས་རིག་པའི་གཞུང་ལུགས་ལྡན་པའི་ཚད་མ་རིག་པ་མ་གྲུབ་ནའང་བླང་དོར་འབྱེད་པའི་མིག་ལྟ་བུ་རུ་གྱུར་པའི་ཐབས་ཤེས་སྟོང་གི་སྙིང་བོ་སྟེ། ཚད་མའི་རིག་པ་དེ་ཉིད་དེང་གི་མཚན་ཉིད་རིག་པའི་རྟ་ལྗང་དབང་པོ་འཇིག་རྟེན་འདི་རུ་དྲངས་པའི་ཉེར་བསྡོགས་ཁྱུང་སྔོན་སྐྱེས་ཉིད་དུ་ཡོངས་གཅོད་ལ་གྲུབ་པ་ཉིད་དོ། །
        ལྷག་དོན་སྡེ་བདུན་གྱི་གཞུང་ལུགས་ལྟར་ན་ཡང་སྐྱེ་བོ་གང་དང་སུ་ཡིན་རུང་རང་ཉིད་འཇུག་སའི་གནས་དེ་ལ་ལེགས་ཉེས་དང་། བདེན་རྫུན་གྱི་ཁྱད་པར་འདོར་ལེན་བྱ་བ་དེ་མི་ཚེའི་ལམ་བུ་ལས་བདེ་སྡུག་གི་གདམ་གའི་རྩ་བ་ཉིད་དུ་བསྟན་ཡོད། འདོར་ལེན་དེ་ཡང་གོང་དུ་བཤད་པ་ལྟར་ཉམས་མྱོང་ཚད་མས་ཁྲུན་ཐག་གཅོད་པ་ལ་ལྟོས་པས་དེ་ཉིད་ཇི་ལྟར་འཚོལ་དགོས་པ་རེད་ཅེ་ན། དེ་ཡང་རང་ཉིད་འཚོ་གཞེས་གནང་སའི་འཇིག་རྟེན་གང་ཉིད་ལ་ངོས་འཛིན་གྱི་འདུ་ཤེས་དང་གོ་རྟོགས་ཀྱི་ངེས་ཤེས་རྣལ་མ་ཞིག་རྙེད་པ་ལས་ད་གཟོད་བྱུང་བའི་བསམ་བློའི་ལྟ་བ་དང་། དེ་ནས་ནང་གི་ལུས་སེམས་གཉིས་ཀྱི་དོན་གྱི་གྲུབ་སྟངས་དང་ཁྱད་པར། རབ་དབྱེ་ཇི་འདྲ་ཡིན་པ། དེ་ལ་བརྟེན་ནས་འགྲོ་བ་མིའི་ཚེ་སྲོག་གི་རྒྱུ་བ་དང་སྐྱེ་འཇིག རྣམ་ཤེས་ཕྱི་མའི་རྒྱུན་སོགས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་གོ་བ་འཐུས་ཚང་ཞིག་རྙེད་པ་ལས་སྐྱེས་པའི་མཚན་ཉིད་རིག་པའི་ལྟ་བ་ཟུང་སྦྲེལ་གྱི་ལག་ལེན་ལ་མ་བརྟེན་པར་འབྱུང་ཐབས་མེད་པའི་ཕྱིར་རོ། །
        དེས་ན་ཚད་མ་རིག་པ་འདི་ནི་རིག་ཚན་གཞན་དག་དང་མི་མཚུངས་པར་ཤེས་བྱ་ཡུལ་གྱི་སྤུ་རིས་ཕྲ་ཞིབ་འབྱེད་པ། དངོས་ཡོད་འཚོ་བའི་བླང་དོར་སྟོན་པའི་དཔྲལ་བའི་མིག་ལྟ་བུ་ཞིག་ཡིན་པས། ཚད་མ་རིག་པའི་མཁས་པ་ཆེན་པོ་ཞིག་གིས། དེང་སྐབས་ཀྱང་རྒྱལ་ཁབ་ཕྱི་ནང་མང་པོས། རིག་གནས་ཆེ་བ་ལྔའི་ཡ་གྱལ་ཚད་མ་རིག་པ་ལ་མཐོང་ཆེན་དང་། ལྟ་རྟོག ཞིབ་འཇུག་བྱས་པ་བརྒྱུད། ཚད་མ་རིག་པ་མ་ཤེས་ན་རིག་གནས་གཞན་དག་ཀྱང་དཔྱིས་ཕྱིན་པ་ཤེས་དཀའ་བ་དང་། ཚད་མ་རིག་པ་ཤེས་ན། རིག་གནས་གཞན་དག་ཀྱང་དཀའ་ཚེགས་ཆུང་ངུས་ཤེས་པར་གོ་ནས། ཚད་མ་རིག་པའི་དཔེ་ཆ་མང་པོ་དཔར་བསྐྲུན་མཛད་ཡོད་པ་ཡིན། འོན་ཀྱང་ཚད་མ་རིག་པའི་རིགས་ལམ་གྱི་འགྲོ་ཚུལ་མ་ཤེས་ན། དེའི་ནང་དོན་ཕྲ་ཞིང་ཕྲ་བ་གོ་བ་ལྟ་ཅི། དོན་རགས་པ་རྣམས་ཀྱང་ཤེས་དཀའ།③ཞེས་གསུངས་པ་ནི་ཉམས་མྱོང་ཚད་མ་བརྒྱ་ཕྲག་གི་ལམ་ནས་བརྩམས་པའི་ལེགས་བཤད་ཡིན་པས་རིག་གཞུང་འདི་ཉིད་ལ་ཅི་ནས་ཀྱང་མི་བསླབ་མི་རུང་བ་ཤེས་པར་འགྱུར་རོ། །
        ལར་ཁོ་བོ་ཅག་ལ་མཚོན་ནའང་ཐོག་མའི་སློབ་གཉེར་གྱི་སྐབས་སུ་ཚད་མ་རིག་པའི་གཞུང་བསྡུས་གྲྭ་ཐེངས་མང་བཀླག་རྒྱུའི་གོ་སྐབས་བྱུང་བའི་རྐྱེན་གྱིས་ཡིན་ནམ། གང་ལྟར་རིག་གཞུང་འདི་ནི་རང་ཅག་གིས་མི་ལོ་བཅུ་ཕྲག་གཉིས་ལྷག་གི་བར་དུ་སྦྱངས་ཏེ་འོངས་པའི་རིག་གནས་ཐམས་ཅད་ཀྱི་ནང་ནས་ཆེས་དགའ་སྤྲོ་སྐྱེ་ས་དང་ཡིད་དབང་འཕྲོག་མཁན་གྱི་ཟླ་མེད་ཆོམ་པོ་གཅིག་པུ་ཉིད་དུ་གྱུར་ཡོད། དེས་ན་ཚད་མའི་རིག་གཞུང་འདི་ཉིད་ནི་ད་ལྟའི་བོད་རིག་པ་སྤྱི་དང་བྱེ་བྲག་དེང་དུས་ཀྱི་རྩོམ་རིག་སྨྲ་བ་དང་བརྡ་སྤྲོད་མཁན་པོ། ལོ་རྒྱུས་ཞིབ་འཇུག་གི་ལས་ལ་འཇུག་པ་དག་ལ་མཚོན་ན་ཡང་ངེས་པར་དུ་སློབ་ཀྱང་དགོས་ལ། བསླབས་པ་ཙམ་གྱིས་མི་ཚིམ་པར་དོན་གྱི་གོ་སྟོབས་ལ་བརྟེན་རིགས་པའི་གསང་གནད་ལ་འཇུག་པ་གལ་ཆེ། ཅི་ཡིན་ཞེ་ན། ཐོག་མར་ཕྲན་གྱི་མྱོང་ཚོར་ལ་ངེད་ཅག་བོད་རིག་པའི་ཆེད་ལས་རྩོམ་པ་པོའམ་ཞིབ་འཇུག་པ་མང་པོ་ཞིག་གི་ཆེད་རྩོམ་དག་བཀླགས་ན། དཔྱད་འཇོག་གི་ཟླ་བའི་བཞིན་རས་སུ་འགལ་མ་ངེས་མ་གྲུབ་ཀྱི་མཚན་མ་སྟེ་སབ་སོབ་རབ་རིབ་དང་། སྤྱི་ཁྱབ་སྒོས་ཁྱབ་མ་ཕྱེད་པའི་བམ་བཤད་སྤྲིན་ཚོགས་ཀྱིས་རེ་ཞིག་མོག་པོར་བགྱི་དང་བགྱིད་བཞིན་པའི་སྣང་བ་འགོག་མེད་དུ་སྟེར་བར་འདུག་པ་ལགས་ན། དེ་དག་རེ་རེ་ནས་མིང་འཛིན་ཚགས་འཛིན་བྱས་ན་ཕོག་ཐུག་དང་མངས་པར་འགྱུར་བས་རེ་ཞིག་སྤྲོར་མི་འདོད་དོ། །
        ཚུལ་དེ་ཡང་གནད་ལ་གཏུགས་ན་འཁྲུལ་མུན་ཚར་གཅོད་ཀྱི་གཉེན་པོ་སྟེ། ཚད་མའི་ཉིན་བྱེད་ཀྱི་ཞལ་རས་རེ་ཞིག་མཐོང་སྐལ་མ་བྱུང་བའི་དན་རྟགས་ཉིད་དུ་གསལ། ད་དུང་རིག་གཞུང་འདི་ལ་གཞན་པའི་རིག་གནས་ལ་མེད་པའི་ཁྱད་ཆོས་མངའ་སྟེ། ངེད་ཅག་གིས་ཚད་མ་རིག་པར་སྦྱངས་སྐབས་རིག་གཞུང་འདིའི་ཐུན་མོང་མ་ཡིན་པའི་སྐད་བརྡ་རྣམས་ཀྱི་གོ་དོན་དང་བཀོལ་ཚུལ་སོགས་དགེ་རྒན་དམ་པའི་གསུང་སྒྲོས་ཁོ་ན་ལ་བརྟེན་པ་ལས་བསྡུས་གཞུང་རང་ན་གསལ་བོ་བཤད་མེད་པ་དང་། ཡང་རྟགས་གསལ་འགོད་པ། ལན་འདེབས་པ། འཁོར་གསུམ་བསྐོར་བ་སོགས་རྩོད་པ་བྱ་སྟངས་ཤེས་པ་ཡང་དགེ་རྒན་དང་གྲོགས་པོ་ཅི་རིགས་ཀྱིས་དངོས་སུ་བརྒལ་བརྟག་གི་སྲོལ་ག་བརྒྱུད་པ་ལ་ལྟོས་པ་ཉིད་དང་། ཚིག་གི་སྦྱོར་བ་དང་དོན་གྱི་ཞིབ་ཆ་རེ་རེ་ནས་རྒོལ་ཕྱི་རྒོལ་གྱི་རྩོད་པས་དཔྱད་དེ་ཡིད་ལ་ངེས་ཤིང་བྱང་དགོས་པའི་ཤེས་བྱའི་སྤུ་རིས་ཕྲ་ཞིང་ཕྲ་བ་རྣམས་ཀྱི་དོན་དཔེ་ཆའི་ནང་དུ་མི་གསལ་བ་ཤིན་ཏུ་མང་པོ་འདུག་པ་རྣམས་སློབ་གཉེར་པ་རང་རང་གིས་བརྗེད་དུ་ཕངས་ཏེ་དུས་དུས་སུ་རེག་ཟིག་ཏུ་བཏབ་པ་ཤིན་ཏུ་མང་པོ་བཞུགས་ཤིང་། ཕྱིས་ཙམ་ན་སློབ་དཔོན་ཆེན་མོ་དམུ་དགེ་བསམ་གཏན་གྱིས་དེའི་སྐོར་གྱི་དུས་ཐོག་ཆར་བ་ལྟ་བུའི་ལེགས་བཤད་གཏེར་གྱི་ཁ་བྱང་ཞེས་པ་དང་། ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ་ཞེས་པ་གཉིས་འོ་སྐོལ་གྱི་བགོ་སྐལ་དུ་བརྩམས་ཏེ་དུས་ཀྱི་འདུན་ལྡན་གསར་སློབ་པ་དག་གི་ཚད་གཞུང་བསླབ་རྟེན་དུ་བྱས་ནས་བློ་གྲོས་ཀྱི་སྒོ་མོ་ཕྱེ་བར་གྱུར་པས་དཔྱོད་ལྡན་རྣམས་སྤྲོ་བས་ཁེངས། དེ་ནས་རིམ་བཞིན་ཚད་མའི་སྤྱི་སྐད་ཅུང་ཆགས་པ་ན་བརྒལ་བརྟག་རྩོད་པའི་འགྲོས་ཀྱི་ལམ་ནས་སྦྱངས་ན་ད་གཟོད་ཆེ་གསལ་མྱུར་ཟབ་ཀྱི་རྣམ་འབྱེད་རིགས་པའི་རང་རྩལ་རྒྱས་ཤིང་འཁྲུལ་འཇོམས་རིག་པ་ཡི་ཕན་ནུས་རོ་མཆོག་ཅི་དགར་མྱོང་བར་འགྱུར་བ་ནི་ལུང་རིགས་ཉམས་མྱོང་ཚད་མ་སྟོང་ཕྲག་གིས་གྲུབ་པ་ཁོ་ནའོ། །
        འདི་ལ་དིང་སང་གི་དཔྱོད་ལྡན་དུ་རློམ་པ་འགའ་ཞིག་གིས། ཚད་མ་རིག་པ་ལ་རྩ་ནས་འབྲེལ་བ་མེད་པའི་དོན་དག་ཅིག་ལ་སློབ་འདོད་ཡོད་པའམ་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ན་ཅིའི་ཕྱིར་ཡིན་གཅིག་མིན་གཅིག་ཚད་མ་ལ་སྦྱོང་དགོས་པ་རེད། རྩོམ་རིག་སྨྲ་བ་དང་ལོ་རྒྱུས་ཞིབ་འཇུག བརྡ་སྤྲོད་མཁན་པོ་དག་ཚད་མ་ལ་ག་རེ་བྱས་ནས་འབྲེལ་བ་ཡོད་པ་རེད་ཅེས་སྨྲ་བར་བྱེད་དོ། །
        དེ་ནི་རང་འདོད་ཀྱི་གཏམ་ཁོ་ན་སྟེ། ཚད་མ་རིག་པ་ནི་གོང་དུ་བཤད་ཟིན་པ་ལྟར་མཚན་ཉིད་རིག་པའི་བྱེ་བྲག་ཅིག་ཏུ་གསལ་ལ། དེ་ནི་ཤེས་བྱའི་སྤུ་རིས་སམ། སྤྱི་ཚོགས་འཚོ་བའི་སྤང་བླང་གི་རྣམ་གཞག་ཕྲ་ཞིབ་ཏུ་འབྱེད་བྱེད་ཀྱི་ལག་ཆ་ཞིག་ཡིན་པས་ཤེས་བྱ་ཡིན་ན་འདི་ལ་འབྲེལ་བ་མེད་པའི་དོན་དག་ཅིག་གཏན་ནས་མེད་པའི་ཕྱིར། གཞན་དུ་ན་བསྙོན་འདིང་བ་ཁོ་ན་རུ་ཟད་པའི་ཕྱིར་རོ། །དེས་ན་བོད་རིག་པའི་རྩོམ་རིག་དང་བརྡ་སྤྲོད་སོགས་ལྟ་ཅི། དེང་གི་རྩིས་དངོས་རྫས་གསུམ་སོགས་རིག་པའི་གནས་ཡོད་ཚད་ལ་ཚད་མ་རིག་པའི་རིགས་ལམ་གྱི་དཔྱད་པས་མ་ཁྱབ་པ་ཞིག་གང་ན་ཡོད། མང་པོ་བཤད་མ་དགོས། ཐ་ན་བརྡ་སྤྲོད་གཞུང་གི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་གཅིག་པུར་ཞིབ་མཇལ་བྱོས་དང་ངེས་ཤེས་ངང་ངམ་ཤུགས་ཀྱིས་འདྲོངས་པར་འགྱུར་བ་ལྟར་རོ། །དེའི་ཕྱིར་ཚད་རིག་ལ་སྦྱངས་པ་མེད་ན་རིག་པའི་གནས་གཞན་གྱི་སྒྲོ་འདོགས་མི་ཆོད་པ་ནི་ཟློག་ཏུ་མེད་པའི་གཏན་ཚིགས་ཡིན་ནོ། །དོན་གྱི་དབང་དེ་ལ་བརྟེན་སྨྲ་སེང་ཤེས་རབ་རྒྱ་མཚོས། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །ཞེས་སྒྲ་ཚད་སེང་གེའི་མཇིང་སྣོལ་གྱི་ངང་ཚུལ་གསུངས་པ་ཡིན་པའི་ཕྱིར་རོ། །
        གལ་ཏེ་ཆོས་ལུགས་རིག་གནས་སོགས་རིག་གཞུང་ཕལ་མོ་ཆེ་ལ་ཚད་ཅུང་ཟད་མཐོ་ཤོས་དང་ཟབ་ཤོས་ཀྱི་སྒོ་ནས་ངེས་ཤེས་འཚོལ་བ་དང་ཞིབ་འཇུག་དཔྱད་འཇོག་བྱ་འདོད་ན་ཐོག་མར་སྒྲ་ཚད་ཀྱི་རིགས་པའི་སྤྱི་འགྲོས་དང་ནང་བསྟན་རྒྱུན་ཤེས་ཀྱི་གོ་བ་ཆགས་པའི་རྨང་གཞི་ངེས་ཅན་ཞིག་སྔོན་དུ་མ་སོང་ཐུ་མེད་ཡིན་ན་ཡང་། དེང་གི་རིགས་པ་སྨྲ་བ་འགའ་ཞིག་གིས། འོ་ན་བོད་ཀྱི་ཆོས་ལུགས་ནང་། ནང་ཆོས། བོན་ཆོས། ཁ་ཆེའི་ཆོས། ཡེ་ཤུའི་ཆོས་སོགས་མང་པོ་ཞིག་ཡོད་པ་རེད་ལ། དེ་རེ་རེ་ལ་ནང་གསེས་ཀྱིས་དབྱེ་བ་འབྱེད་རྒྱུ་མང་པོ་ཞིག་ཡོད་པ་རེད། སྨོན་ལམ་གསོལ་འདེབས་སོགས་མི་འདྲ་བའི་དབྱེ་སྒོ་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་པ་འདི་ཚོ་ཚང་མ་སྦྱོང་བའམ་ཉམས་ཞིབ་བྱེད་པར་སྒྲ་དང་ཚད་མ་དགོས་པ་རེད་ཟེར་ན་དེ་ལས་གླེན་བཤད་ཅིག་གང་ན་ཡོད་ཅེས་སྤྱི་བརྟོལ་གྱིས་འགོག་པར་བྱེད། དེ་ནི་ཆེས་དགོད་བྲོ་ཞིང་ཡི་མུག་པའི་གནས་ལས་མ་འདས་ཏེ། འདིར་བཤད་པ་ནི་བོད་བརྒྱུད་ནང་བསྟན་ལ་ཆོས་ལུགས་རིག་གནས་ཞེས་སྤྱི་མིང་བྱེ་བྲག་ལ་སྦྱར་བ་ཡིན་མོད། འོན་ཀྱང་དེ་ལས་གཞན་ཚང་མ་སྦྱངས་པ་ལ་ཡང་རང་རང་གཞུང་གི་བརྡ་སྤྲོད་པའི་མིང་བརྡ་ལ་བྱང་དགོས་པ་གཞིར་བྱས་དེ་དག་གི་ཞིབ་འཇུག་དང་དཔྱད་འཇོག་ལ་ཡང་གོང་ལྟར་མཚན་ཉིད་རིགས་པའི་ཉམས་ཞིབ་ལས་ལྷག་པའི་ཐབས་ཤེས་ཤིག་གཞར་ཡང་མ་མཆིས་པའི་ཕྱིར། དེར་ཐལ། ཤེས་བྱ་ཡིན་པའི་ཕྱིར་ཞེ་ན་ལྡོག་ཏུ་མི་ནུས་པའི་གཏན་ཚིགས་སོ། །
        དེས་ན་ཕྱོགས་སྔ་གང་དག་གིས་ཐོག་མར་སྒྲ་དང་ཚད་མ་ཞེས་པའི་མིང་བརྡའི་གོ་དོན་དང་དབྱེ་བ། ཁྱབ་ཁོངས་རྣམས་གཞུང་དངོས་ལ་ཞུགས་ཏེ་སྦྱངས་པ་མི་འཇོན་ན། མ་མཐའ་ཡང་དུང་དཀར་ཚིག་མཛོད་དང་། སྨོན་ལམ་ཚིག་མཛོད། སྒོམ་སྡེའི་ཚིག་མཛོད་སོགས་དག་ཡིག་རྣམས་ལས་དེ་དག་གི་མཆན་འགྲེལ་རེ་བཙལ་ནས་ངེས་པར་བྱས་ན་མ་མཐའ་ཡང་འདི་འདྲའི་ལོག་རྟོག་དང་གླེན་གཏམ་འབྱུང་མི་སྲིད་པ་ཤེས་པར་བྱའོ། །
གསུམ་པ། སྔོན་བྱོན་མཁས་པ་རྣམས་ཀྱི་གསུང་སྟངས་ལ་དཔྱད་པ།
        དེ་ཡང་རྗེ་ཙོང་ཁ་པ་ཁོང་ཉིད་ཕ་ཡུལ་མདོ་སྨད་ནས་དབུས་གཙང་ལ་སློབ་གཉེར་དུ་ཕེབས་སྐབས་ཁོང་གི་དགེ་རྒན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རང་ཉིད་ལ་སློབ་གཉེར་གྱི་ལམ་སྟོན་དུ་ཕུལ་བའི་ཡི་གེའི་ནང་དུ། ཚད་མ་སྡེ་བདུན་འཛམ་གླིང་ན། །སངས་རྒྱས་བསྟན་པ་གསལ་བྱེད་པར། །ཉི་མ་ཟླ་བར་ཀུན་ཏུ་གྲགས། །ཞེས་གདམས་པ་འདིས་ནི་སྤྱིར་ཚད་མ་རིག་པའི་དགོས་མཁོ་དང་སྒོས་སུ་ནང་པའི་དབུ་ཕར་སོགས་གཞུང་ཆེན་ལ་འཇུག་བྱེད་ཀྱི་ལག་ཆ་ཉི་ཟླ་ལྟ་བུར་གྱུར་པ་ཆོས་རྗེ་དོན་རིན་པ་རང་ཉིད་ཀྱི་མྱོང་བ་བཞིན་བཤད་པ་ཡིན་ངེས་ལ། གདམས་དོན་ལྟར་སྐབས་དེའི་གངས་རིའི་ཁྲོད་ན་གཞན་དྲིང་མི་འཇོག་པའི་ཤིང་རྟ་པ་ཆེན་པོ་རྗེ་རེད་མདའ་པའི་ཞལ་སྔ་ནས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལ་གསན་སྦྱོང་མཛད་ཅིང་། དེ་ནས་ས་པཎ་གྱི་དངོས་སློབ་འུ་ཡུག་པ་རིགས་པའི་སེང་གེས་མཛད་པའི་རྣམ་འགྲེལ་གྱི་འགྲེལ་བ་རྣམ་བཤད་རིགས་མཛོད་ལ་གཟིགས་རྟོག་ཞིབ་པར་མཛད་ལ། ཁྱད་པར་དུ་ལེའུ་གཉིས་པ་ཚད་མ་གྲུབ་པའི་སྐབས་སུ་ལམ་གྱི་རྣམ་གཞག་སྟོན་པའི་ཚུལ་ལ་ལེགས་པར་གཟིགས་པས་རྐྱེན་བྱས་ནས་ཕྱོགས་གླང་གྲགས་པའི་གཞུང་ལུགས་དང་རིགས་པའི་ལམ་སྲོལ་ལ་གོ་རྟོགས་གཏིང་ཟབ་མོ་རྙེད་དེ་དཔག་མེད་མཁྱེན་དཔྱོད་ཀྱི་སྒོ་མོ་ཕྱེ་ཞིང་། ཟློག་མེད་ཀྱི་ཡིད་ཆེས་བརྟན་པོ་བྱུང་བ་ཡིན་པར་རྣམ་ཐར་དུ། སྟོན་དེར་བཞུགས་ཀྱི་རིང་ལ་རྣམ་འགྲེལ་གྱི་གཞུང་ལ་གཟིགས་པ་ཙམ་ནས་དད་པའི་སྤུ་ལོང་གཡོས་ཏེ་སྤྱན་ཆབ་ཀྱི་རྒྱུན་གཅོད་པར་མི་ནུས་པ་རྟག་ཏུ་འོང་བ་ཞིག་བྱུང་།④ཞེས་གསུངས་པ་ལྟར་ཚད་མ་རིག་པ་སྤྱི་དང་སྒོས་སུ་རྣམ་འགྲེལ་གྱི་དགེ་མཚན་དང་ནུས་པ་དོན་གྱིས་གོ་འོང་ལ། དེ་ཉིད་ཀྱང་ནང་རིག་ཐུན་མིན་གཞུང་གི་ཤེས་བྱེད་དུ་སྦྱངས་པར་གསལ་བས་རིག་གཞུང་གང་ཉིད་ཐུན་མོང་གི་རིག་པ་ཞིག་ཏུ་ངང་གིས་གྲུབ་བོ། །
        དེ་ལྟ་ནའང་རྗེ་ཙོང་ཁ་པའི་ཡར་སྔོན་དུ་རྔོག་ལོ་ཙཱ་པ་ཆེན་པོ། ཀུན་མཁྱེན་ཕྱཱ་པ་ཡབ་སྲས། ཆོས་རྗེ་ས་པཎ། འུ་ཡུག་པ། ཀུན་མཁྱེན་བུ་སྟོན། སྟག་ཚང་ལོ་ཙཱ་པ། མང་ཐོས་ཀླུ་སྒྲུབ་ཡབ་སྲས། རྒྱལ་མཆོག་ལྔ་པ། བོད་མཁས་པ་སོགས་ཀྱིས་སྡེ་བདུན་མདོ་དང་བཅས་པ་ཕྱི་ཐ་སྙད་རིག་པའི་རྣམ་གཞག་གཏན་ལ་འབེབས་པའི་ཐུན་མོང་བའི་གཞུང་ལུགས་ཤིག་ཏུ་འཛིན་པ་ལས། ནང་པའི་ཐར་བ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གྱི་རིམ་པ་ཁོ་ན་སྟོན་པའི་གཞུང་ལུགས་ཐུན་མོང་མ་ཡིན་པ་ཞིག་མིན་པར་མགྲིན་གཅིག་ཏུ་གསུངས་སོ། །དེ་ལ་འཇིག་རྟེན་མིག་གཅིག་རྔོག་ལོ་ཆེན་པོས། གང་ཞིག་རིགས་པའི་གྲུ་མཆོག་འདི་མི་བསྟེན། །དེས་ནི་ཉེས་ཀུན་དག་བྱེད་ཆུ་རྒྱས་ཤིང་། །དགེ་ལེགས་རིན་ཆེན་དམ་པའི་གཞིར་གྱུར་པ། །གསུང་རབ་རྒྱ་མཚོར་འཇུག་པར་བྱེད་མི་ནུས། །⑤ཞེས་ཚད་མ་རྣམ་ངེས་སོགས་སྡེ་བདུན་ནི་འཇུག་ཡུལ་གསུང་རབ་རྒྱ་མཚོ་ལ་འཇུག་བྱེད་ཀྱི་རིགས་པའི་གྲུ་མཆོག་ཉིད་དུ་བསྟན་ཅིང་། འཇམ་མགོན་ས་པཎ་གྱིས། དེ་ལྟར་སྒྲུབ་དང་སུན་འབྱིན་གྱི། །རིགས་པའི་གཞུང་ལུགས་གང་གིས་ཤེས། །མཁས་པ་དེ་ནི་རྫོགས་པ་ཡི། །སངས་རྒྱས་རྣམས་ཀྱི་བསྟན་པ་འཛིན། །⑥ཅེས་གསུངས་པ་ཡང་གོང་ལྟར་རྒྱལ་བསྟན་འཛིན་བྱེད་དུ་གསུངས་པ་ལས་དེ་ལ་བསྟན་པས་མ་ཁྱབ་པ་ཐུན་མོང་གིས་གྲུབ་ལ། རྗེ་ཙོང་ཁ་པས། བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་བོ་ལ། །དངོས་སུ་འདི་རྩོམ་འདི་ནི་མ་འོངས་དུས། །འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གི་གནང་བ་སྩལ་པའང་ཚད་མར་བྱེད། །དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན། །ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས། །ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །⑦ཅེས་གསུངས་པ་འདིས་ནི་ཚད་མའི་གཞུང་གི་རིགས་པས་ནི་ཕྱི་ནང་གི་དངོས་པོའི་གནས་ལུགས་རྟོགས་བྱེད་དུ་འགྲོ་བ་མ་ཟད། ནང་རིག་ཐུན་མིན་གྱི་དཀའ་གནས་ཀུན་ཀྱང་གསལ་བྱེད་ཀྱི་ཉི་མ་ལྟ་བུར་འགྲོ་བ་གསུངས་པ་ལས་མཐའ་གཅིག་ཏུ་ནང་རིག་ཆོས་ལུགས་ཀྱི་ངོ་བོ་ཁོ་ན་སྟོན་བྱེད་དུ་བསྟན་པ་མ་ཡིན་པའི་ཕྱིར་རོ། །མཁས་མཆོག་འཇུ་མི་ཕམ་པས་ཀྱང་། ཚད་མར་གྱུར་པ་རྒྱལ་དང་རྒྱལ་བའི་གསུང་། །དངོས་སྟོབས་ཚད་མའི་ལམ་ནས་གསལ་བྱེད་པ། །ཆོས་ཀྱི་གྲགས་པའི་གཞུང་བཟང་སྲིད་པའི་མིག །རིགས་པའི་ནང་ན་རིགས་པའི་སྙིང་པོ་ཡིན། །⑧ཞེས་ཚད་གཞུང་གང་ཉིད་གོང་དུ་བཤད་པ་ལྟར་རྒྱལ་བསྟན་གསལ་བྱེད་ཉིད་དུ་བསྔགས་པ་ལས་ནང་ཆོས་རང་ལྡོག་ཏུ་མ་སྨོས་སོ། །
        དེ་ལྟར་གཞུང་ཆེན་པོའི་ཐོས་བསམ་ལ་འཇུག་པའི་ཐབས་མཆོག་ཏུ་གསུངས་པ་ཡིན་ཏེ། སྔགས་རིམ་ཆེན་མོ་ལས། དེས་ན་སྡེ་བདུན་ལ་སོགས་པ་རིགས་པའི་བསྟན་བཅོས་རྣམས་ནི། རང་གི་སྟོན་པ་སངས་རྒྱས་དང་དེའི་བསྟན་པ་ལུང་རྟོགས་གཉིས་དང་། དེ་དག་ཚུལ་བཞིན་དུ་ཉམས་སུ་ལེན་པ་ལ་ཚིག་ཙམ་མིན་པའི་གུས་པ་ཆེན་པོ་སྐྱེད་པའི་ཐབས་མཆོག་ཏུ་ཤེས་པར་བྱོས་ཤིག⑨ཅེས་ཐབས་མཆོག་ཉིད་དུ་གསལ་བར་གསུངས་པ་འདིས་ཀྱང་ཤེས་སོ། །དེ་ལ་དགོངས་ནས་རྒྱལ་ཚབ་དར་མ་རིན་ཆེན་གྱིས། ཀུན་རྫོབ་དང་། དོན་དམ་པའི་བདེན་པ་གཉིས་གསར་དུ་རྟོགས་པའི་ཤེས་པ་ནི་ཚད་མ་ཡིན་ལ། དེ་བརྗོད་བྱར་བྱེད་པའི་གསུང་རབ་དང་ཚད་མ་ཀུན་ལས་བཏུས་ལ་ཡང་ཚད་མའི་སྒྲས་བསྟན་ལ། དེ་དག་གི་དགོངས་པ་མ་ནོར་བར་འགྲེལ་པས་རྣམ་འགྲེལ།⑩ཞེས་དང་། མཁས་གྲུབ་སྨྲ་བའི་ཉི་མས། ནང་རིག་པའི་བསྟན་བཅོས་མ་ཡིན་པར་འདོད་པ་ཡང་མི་འཐད་དེ། སྤང་བྱ་མ་རིག་པ་སྤོང་བ་དང་། གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་སྐྱེད་པའི་ཐབས་སྟོན་པའི་བསྟན་བཅོས་ལ་བརྗོད་པ་ཡིན་ལ། ཚད་མའི་བསྟན་བཅོས་འདི་དག་ལས་ཀྱང་། གང་ཟག་དང་ཆོས་ཀྱི་བདག་མེད་རིགས་པས་ལེགས་པར་གཏན་ལ་ཕབ་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་ཕྱིར་རོ། །⑪ཞེས་དང་། རྒྱལ་བ་དགེ་འདུན་གྲུབ་ཀྱིས། བསྟན་བཅོས་འདི་དག་གིས་ཀྱང་གསུང་རབ་ཀྱི་དགོངས་པ་རྒྱུ་མཚན་ཡང་དག་གི་སྒོ་ནས་རིག་པར་བྱེད་པའི་ཕྱིར། དེས་ན་འདི་དག་ནི་གཏན་ཚིགས་རིག་པ་དང་ནང་རིག་པའི་བསྟན་བཅོས་གཉིས་ཀ་ཡིན།⑫ཞེས་དེ་ཁོ་ན་ལྟར་གསུངས་ཤིང་བཞེད་པའི་རྗེས་སུ་བོད་ཕྱི་རབས་པའི་ཤེས་ལྡན་ཕལ་མོ་ཆེ་འབྲངས་ཏེ་ཡོད་པ་རང་རང་གི་གཞུང་ན་གསལ་བ་བཞིན་ནོ། །
        དེ་དག་ཀྱང་ཚིག་གི་ཟིན་སོ་ཙམ་མ་ཡིན་པར་དགོངས་པ་ལ་ཞིབ་ཏུ་བརྟགས་ན་དགོངས་གཞི་དང་དགོས་པ་གཞན་ལ་དམིགས་ཏེ་དེ་ལྟར་གསུངས་པ་ཡིན་པར་གོང་དུ་ཞུས་པ་ཇི་བཞིན་ཡིན་པ་ཤེས་འོང་། དེ་ཡང་སྤྱིར་སྡེ་བདུན་མདོ་དང་བཅས་པའི་རིགས་པ་གཏིང་ཟབ་ཅིང་བརླིང་བ་དང་། ཤེས་བྱའི་གནས་ལུགས་དང་བདེན་དོན་གྱི་ཆོས་ཉིད་ལ་གཅིག་ཏུ་གཞོལ་བས་ཚུལ་འདི་ཉིད་ལ་སློབ་པར་འཇུག་སླད། བོད་པ་རྣམས་སྔོན་གྱི་བཙན་པོའི་རྒྱལ་རབས་ནས་ད་ལྟའི་བར་ནང་བསྟན་ལ་དད་མོས་རྩེ་གཅིག་ཏུ་བྱེད་ཅིང་ཆོས་ལུགས་རིག་གནས་གང་ཉིད་སྙིང་གི་ནོར་བུ་ལྟར་གྱུར་ཡོད་པས་ཚད་མའི་གཞུང་འདི་དག་ཀྱང་དེ་མཚུངས་སུ་རིན་ཐང་ཆེ་བའི་དབང་གིས་ནང་བསྟན་གཞུང་གྲལ་གྱི་གདན་ཐོབ་སྩལ་པ་ཡིན་པར་རྗེས་སུ་དཔོག་ཐུབ་བོ། །
        དེ་ལ་གངས་རིའི་སྨྲ་སེང་ཆེན་པོ་སྟག་ཚང་ལོ་ཙཱ་པ་ཤེས་རབ་རིན་ཆེན་གྱིས། སྡེ་བདུན་མདོ་དང་བཅས་པ་ནི། བོད་ཀྱི་རྗེ་བཙུན་གོང་མ་རྣམས་ཀྱང་གཏན་ཚིགས་རིག་པ་ཡིན་གྱི། ནང་རིག་མ་ཡིན་པས་སྒྲ་ཚད་ལ་ཆོས་འབྲེལ་དུ་མི་བཞེད་དེ། འོ་སྐོལ་གྱི་སྟོན་པས་ཕྱི་པའི་དྲང་སྲོང་རིང་འཕུར་སྐྱེས་དང་ལྷག་སྤྱོད་ལ་བསམ་གཏན་གཟུགས་མེད་ཀྱི་མན་ངག་གསན་པ་བཞིན་ནོ། །ཞེས་བཞེད་ལ། ཀུན་མཁྱེན་བུ་སྟོན་གྱིས་ཀྱང་ཆོས་འབྱུང་དུ་རིག་གནས་ཐུན་མོང་བར་བགྲངས་སོ། །ཕྱིས་ཆོས་རྗེ་བླ་མ་དམ་པ་སོགས་ནི།མངོན་དུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པའི་མཚན་ཉིད་བཞི་བ་ཚང་བས་མངོན་པར་བཞེད་ཅིང་། དཔང་ལོ་ཡབ་སྲས་ཀྱིས་ལུང་གི་མངོན་པ་དང་། རིག་པའི་མངོན་པ་ཞེས་གཉིས་སུ་བྱ་བའི་ཕྱི་མའི་མཚན་གཞིར་མཛད་ལ། བསྟན་འཛིན་ཆེན་པོ་ཙོང་ཁ་པས་ཀྱང་། བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །ཞེས་པ་ནས། འདི་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །མཐོང་ནས་ཚུལ་དེར་ལེགས་པར་དཔྱད་པ་ན། །ཞེས་སོགས་ཀྱི་འགལ་འདུ་འཛིན་མོད་ཀྱི། དེ་ནི་སྒྲ་རིག་ལའང་མཚུངས་ཏེ། བྱང་ཕྱོགས་འདི་ན་སྒྲ་ཡི་གཞུང་ལུགས་ལ། །སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །ཀ་ལཱ་ཙནྡྲ་ཀུན་ན་བྱང་ཆུབ་ཏུ། །བགྲོད་པའི་གོ་སྐབས་རིམ་པ་ཡོད་མིན་ཞེས། །སྤྱན་རས་གཟིགས་ཀྱིས་ཙནྡྲ་གོ་མི་ལ། །དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གི་སྣང་བ་སྩལ་པ་འང་ཚད་མར་འཛིན། །འདི་ཡང་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །འགྱུར་བའི་ཕྱིར་རོ། །⑬ཞེས་དང་། བདག་མེད་ཀྱི་གཞི་གཏན་འབེབས་ཅུང་ཟད་ཡོད་ཀྱང་། མཆོད་བརྗོད་ཀྱི་འཕྲོས་དོན་ཙམ་ཡིན་པས། བསྟན་བྱའི་གཙོ་བོ་མ་ཡིན་ཞིང་དེ་ཡང་མངོན་དུ་བྱེད་ཐབས་ཀྱི་བསྒོམ་རིམ་མངོན་པ་ལྟ་བུ་ཅུང་ཟད་མེད་པའི་ཕྱིར་རོ། །
        གཞན་ཡང་ནང་པ་ལ་རིག་གནས་བཞི་བ་སྟོན་པའི་གཞུང་མེད་པར་འགྱུར་བ་དང་། གསུང་རབ་སྤྱིའི་དོན་གྱི་དགོངས་འགྲེལ་ཡིན་པ་ཙམ་གྱིས་ནང་རིག་ཏུ་འཇོག་ན་སྒྲ་རིག་སྐྱོན་དུ་འཇུག་པ་དང་། མདོའི་མཆོད་བརྗོད་ཀྱི་དངོས་བསྟན་ནང་རིག་དང་མཐུན་པ་ཙམ་གྱིས་དེར་འཇོག་ན། སྨན་དཔྱད་ཡན་ལག་བརྒྱད་པ་དང་། ཞེས་པ་ནས། ཙནྡྲ་པ། སྡེབ་སྦྱོར་རིན་འབྱུང་། མངོན་བརྗོད་འཆི་མེད་མཛོད་རྣམས་ཀྱི་མཆོད་བརྗོད་ནི། དེ་དག་ལས་ཀྱང་ནང་གི་གཉེན་པོར་ཤིན་ཏུ་གསལ་བ་རྣམས། ཆོས་གྲགས་ལྟ་བུས་རྒྱས་པར་བཤད་ན། ནང་རིག་དང་ཤིན་ཏུ་མཐུན་པ་འབྱུང་མོད། དེ་དག་ནང་རིག་ཏུ་འདོད་ན་ཧ་ཅང་ཐལ་ལོ། །དེས་ན་དངོས་བསྟན་དང་དེ་ཡང་བསྟན་བྱའི་གཙོ་བོའི་སྒོ་ནས་ཐུན་མོང་རིག་གནས་སུ་གཟུང་དགོས་ཏེ། གཞལ་བྱའི་གནས་གསུམ་དང་རྟོག་གེའི་ཚིག་དོན་བརྒྱད་པོ་དངོས་བསྟན་བསྟན་བྱའི་གཙོ་བོར་ངེས་པའི་ཕྱིར་རོ། །ཁྱབ་སྟེ། དྲང་དོན་དང་ངེས་དོན་གྱི་མདོ་དང་། མདོ་ཕྱོགས་སྡེ་སྣོད་གསུམ་དང་། སྔགས་ཕྱོགས་ལ་རྒྱུད་སྡེ་བཞིར་འབྱེད་པ་སོགས་ཀྱང་དངོས་བསྟན་བསྟན་བྱའི་གཙོ་བོས་འབྱེད་པའི་ཕྱིར་རོ། །⑭ཞེས་རིག་གནས་ཀུན་ཤེས་རྩ་འགྲེལ་དུ་རྒྱས་པའི་སྒོ་ནས་དགག་པ་མཛད་པ་ཡང་དོན་དེ་ག་རང་གཟིགས་པའི་དབང་གིས་ཡིན་ལ། འདི་ལ་རྒྱལ་མཆོག་ལྔ་པའི་དབྱངས་ཅན་དགྱེས་གླུར། སྟག་ཚང་ལོ་ཙཱ་པས་རིག་གནས་ཀུན་ཤེས་རྩ་འགྲེལ་དུ་དགག་པ་མཛད་པ་ནི། ལོ་ཙཱ་པ་མཁས་པ་ཆེན་པོ་ཡིན་པས་དགོངས་པ་ཅན་གྱི་གསུང་ཡིན་མཆི། དེ་ལྟར་མིན་ན། ས་པཎ་གྱིས། ཆོས་ཀྱི་གྲགས་པའི་གསུང་རབ་དྲི་མ་མེད། །ཅེས་འགྱུར་བྱང་དུ་མཛད་པས་གསུང་རབ་ཡིན་ཕྱིན་སྡེ་སྣོད་དང་དེའི་དགོངས་འགྲེལ་གང་རུང་ལས་མ་འདས་ཤིང་། དེ་གང་རུང་ཡིན་ཕྱིན་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་བརྗོད་བྱར་མི་བྱེད་མི་སྲིད་པས་དོན་མེད་ཀྱི་དགག་པ་མི་མཛད་པར་ཞུ། གཞན་ཡང་དཔང་ལོས་མངོན་པ་ལ་ལུང་གི་མངོན་པ་དང་། རིགས་པའི་མངོན་པ་གཉིས་སུ་བཞེད་པས་ཀྱང་རྗེ་བླ་མའི་དགོངས་པའི་རྒྱབ་སྐྱོར་དུ་འགྲོའོ། །དྭགས་བརྒྱུད་ཅི་རིགས་ཀྱིས་སྟག་ཚང་པའི་གསུང་དེ་དག་ལ་བརྟེན་ནས་རྗེ་བླ་མ་ལ་ཟུར་ཟ་བར་འདོད་པའི་ཚིག་གི་སྦྱོར་བ་བྱེད་པ་ནི་ས་དགེའི་མཁས་པ་ལུང་རིགས་ཀྱི་ལུས་སྟོབས་རྫོགས་པའི་སྟག་སེང་ཁ་འཐབ་པའི་བར་དུ་བཀའ་བརྒྱུད་པའི་སྒོམ་ཆེན་ཝ་སྐྱེས་ལྟ་བུ་དག་རྒྱུ་བ་ནི་ཤིན་ཏུ་མཚང་ཆེ་བས་བག་ཡོད་པར་བྱོས་ཤིག །⑮ཅེས་གསུངས་པ་དག་ལའང་ལོ་ཙཱ་པ་ཁོང་གིས་ཕྱོགས་སྔར་བསུས་ནས་བཀག་པ་གོང་དུ་དྲངས་ཟིན་པ་དང་། དགྱེས་གླུའི་རྩོམ་པ་པོ་ཁོང་ཡང་ས་དགེའི་རིགས་པའི་རོལ་རྩེད་ཀྱིས་ཐུགས་དེ་ལ་གཞོལ་ཅིང་བབ་ཡོད་པ་ཤུགས་ཀྱིས་ཤེས་སོ། །
        གཞན་ཡང་རིགས་པའི་གཏེར་ཆེན་པོར་གྱུར་པ།འགྲོ་མགོན་བཀའ་བརྒྱུད་པའི་མཁས་པའི་གཙུག་གི་ནོར་བུ་ཀརྨ་ཆོས་གྲགས་རྒྱ་མཚོའི་ཞལ་ནས་ཀྱང་། སངས་རྒྱས་ཀྱི་གསུང་རབ་ཇི་སྙེད་པའི་དགོངས་པ་གཏན་ཚིགས་རིགས་པའི་སྒོ་ནས་འགྲེལ་བར་བྱེད་པའི་བསྟན་བཅོས་ཚད་མའི་མདོ་ཀུན་ལས་བཏུས་པ་འདི་མཛད།ཅེས་དང་། ཆོས་ཀྱི་གྲགས་པས་མདོ་མཛད་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་ནས། དེའི་དགོངས་པ་འགྲེལ་བར་བྱེད་པའི་བསྟན་བཅོས་ཚད་མ་སྡེ་བདུན་མཛད།⑯ཅེས་གསུངས་པ་ཡང་རྗེ་ཡབ་སྲས་སོགས་ཀྱི་བཞེད་དགོངས་ཇི་བཞིན་བསྐྱངས་པར་གསལ་ན་སྒོམ་ཆེན་ཝ་སྐྱེས་ཤིག་ཅེས་པ་ནི་གཞན་གྱི་དགོས་དབང་གི་བརྩེ་གཟིགས་ཙམ་ལས་དོན་དངོས་དང་རིང་དུ་འདས་ཡོད་པ་ལེགས་བཤད་ཆུ་བོ་ཡོངས་འདུ་རིགས་པའི་གཞུང་གི་རྒྱ་མཚོར་མཇལ་ན་ངེས་པར་འགྱུར་རོ། །
        ཡང་འགའ་ཞིག་གིས། སྟག་ཚང་ལོ་ཙཱ་པས་ཚད་མའི་བསྟན་བཅོས་དག་ཕྱི་རོལ་པའི་གཞུང་དུ་བཞེད་ཅེས་སྨྲ་བ་ནི། ཁོ་བོས་གོང་དུ་བཤད་པ་བཞིན་རིག་གནས་ཐུན་མོང་བར་བཞེད་པ་ལས་ཐུན་མིན་ཕྱི་རོལ་པའི་གཞུང་ཉིད་དུ་བཞེད་པའི་གནས་མེད་དེ། ཅོ་ནེའི་བསྟན་འགྱུར་དཀར་ཆག་ཏུ། འདི་དག་ཀྱང་གང་ཟག་དང་ཆོས་ཀྱི་བདག་མེད་རིགས་པས་གཏན་ལ་ཕབ་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་ཕྱིར་ནང་དོན་རིག་པའི་བསྟན་བཅོས་དངོས་ཡིན་མོད། སྟག་ལོ་ཤེས་རབ་རིན་ཆེན་གྱིས་ཕྱི་རིག་པ་ཡིན་ཞེས་མགོ་མྱོས་མྱོས་སུ་སྨྲ་བ་ནི་བསྟན་པའི་གནད་མ་དགོངས་པའི་མུ་ཅོར་ཙམ་དུ་ཟད་དོ། །⑰ཞེས་པ་ལ་བརྟེན་པར་སྣང་མོད། དེའི་ཕྱི་རིག་པ་ཞེས་པ་ནི་ཕྱི་རོལ་པའི་གཞུང་ཡིན་ཞེས་སྨྲས་པ་ག་ལ་ཡིན། དེ་ལྟར་ཕྱི་རིག་པ་ཡིན་ན་ཕྱི་རོལ་པའི་གཞུང་ཡིན་དགོས་ན་སྒྲ་ཀ་ཙན་དབྱངས་གསུམ་དང་། མངོན་བརྗོད་འཆི་མེད་མཛོད། སྙན་ངག་མེ་ལོང་མ་སོགས་ཀྱང་ཕྱི་རོལ་པའི་གཞུང་དུ་འགྱུར་དགོས་པའི་ཕྱིར་མི་འཐད་པ་ཤེས་སླ། ཚུལ་འདི་ལ་དགོངས་ཏེ་འཇམ་མགོན་ཀོང་སྤྲུལ་གྱིས། ཚད་མའི་གཞུང་འདི་རྗེ་ཙོང་ཁ་པ་སོགས་ཀྱིས། ལྟ་བ་ངན་པ་སུན་ཕྱུང་སྟེ་བདེན་བཞིའི་རྣམ་གཞག་མ་འཁྲུལ་བར་སྟོན་པའི་བསྟན་བཅོས་སུ་བཞེད། མཁས་མཆོག་ངག་དབང་ཆོས་གྲགས་ཀྱིས་འདི་ལ་ནང་དོན་རིག་པ་ཚང་བའི་བསྟན་བཅོས་ཞེས་བྱ་དགོས་ཀྱི། བསྟན་བཅོས་ཀྱི་ངོ་བོ་ནི་ཕྱི་རིག་པར་འཇོག་སྟེ་ཚད་མ་རིག་པའི་བསྟན་བཅོས་ཡིན་པའི་ཕྱིར།⑱ཞེས་གསལ་བ་ཡང་གོང་གི་དེ་དང་མཚུངས་པར་གྱུར་ཡོད་དོ། །དེ་ནས་བོད་ཀྱི་མཁས་པ་ཤོང་དཔང་རྣམ་གཉིས་ཀྱིས་ཚད་མ་སྡེ་བདུན་མངོན་པའི་སྡེ་སྣོད་དུ་བཤད་ཅིང་། ཀུན་མཁྱེན་བུ་སྟོན་དང་སྡེ་དགེའི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ཀྱིས་ཤོང་དཔང་གི་བཤད་པ་བཀག་ནས་རྟོག་གེ་གཏན་ཚིགས་རིག་པ་རུ་འཇོག་གོ །
བཞི་པ། ཚད་མ་རིག་པ་ནང་རིག་མ་ཡིན་པའི་སྡོམ་ཚིག་འགོད་པ།
        ལར་རིག་གཞུང་འདི་ཉིད་ལ། ནང་རིག་འོད་ཟེར་ཅན་ཞེས་གངས་རིའི་ཁྲོད་ཀྱི་རིགས་པ་སྨྲ་བ་ཕལ་མོ་ཆེའི་སྤྱི་བོའི་ཏོ་ཀེར་ན་བརྟན་ཆགས་སེར་བཞུགས་ཤིང་རླུང་ལྟར་རྣ་བའི་སྒོ་ལ་བྱང་བར་གྱུར་ཡོད་པ་ལ། ཁོ་བོས་ཡུལ་དུས་དགོས་མཁོའི་རང་བཞིན་ལ་དམིགས་པ་དབང་བཙན་པར་བྱས་ཏེ་རིག་གཞུང་གང་ཉིད་ད་ནི་དེ་ག་ནས་བཞུགས་གདན་སྤོར་བ་འདི་ཀློག་པ་པོ་དག་གིས་མཐོང་ཐོས་ཀྱི་འཕྲལ་མ་ཙམ་ལ་ཞལ་འཛུམ་གྱི་རང་མདངས་ཟུམ་པའམ། ཧང་སངས་པར་འགྱུར་ཐང་ནའང་རེ་ཞིག་རིགས་པའི་རྗེས་འབྲང་གི་བརྟུལ་ཞུགས་ཀྱིས་བག་ཕབ་སྟེ་དགོངས་འཁྲོལ་དཀྱེལ་ཡངས་གནང་བ་གུས་པས་ཞུ་བ་དང་ལྷན་དུ། ཁ་བ་གངས་ཅན་གྱི་མཁས་པའི་གཙུག་རྒྱན་སྟག་ཚང་ལོ་ཙཱ་པ་མཆོག་གི་བཞེད་པ་དེ་ཉིད་དུས་མཐའ་འདི་རུ་དངོས་པོའི་གནས་ལུགས་དང་མཐུན་པའི་བཤད་པའི་གྲུབ་དོན་གང་ཉིད། རྗེ་ཙོང་ཁ་པ་ཡབ་སྲས་ཀྱིས་ཀྱང་རིག་གཞུང་གང་གི་བླ་མེད་རིན་ཐང་སྔོག་འདོན་དང་རིན་ཐང་དེ་ལྡན་གྱི་རིག་གནས་དབུ་འཕང་དགུང་དུ་འདེགས་ཕྱིར་དེ་ལྟར་ཆེད་དམིགས་ཀྱིས་གསུངས་པ་ལས་དགོངས་པ་དངོས་མ་ཡང་མཁས་པ་ཐུན་མོང་གི་དེ་ལྟར་གནས་པ་སྟག་ལོའི་བཤད་པ་ལྟར་གནས་སོ། །
        དེ་ལ་ཇི་སྐད་དུ། སྤྱིར་བཏང་དམིགས་ཀྱིས་བསལ་བ་དག །བསྟན་བཅོས་ཀུན་ལ་རབ་ཏུ་གཅེས། །ཞེས་པའི་དོན་བཞིན་གཟིགས་རྒྱང་རིང་བའི་བཞེད་དགོངས་ནི་ཡུལ་དུས་དང་དགོས་དབང་གིས་ཡིན་པ་ངེད་ཅག་ཕྱི་རབས་པས་རྟོགས་དགོས་པའི་གནད་དམ་པའོ། །རིག་གཞུང་གང་གི་ནང་དུ་ཆོས་ཀྱི་གནས་ལུགས་སམ་རྣམ་པ་ཅི་རིགས་བསྟན་པ་ཙམ་དང་། འདྲེས་པ་ཙམ་གྱིས་དེ་དང་དེའི་ཆོས་ལུགས་སུ་འགྱུར་ན་མགོ་བརྡ་སྤྲོད་པ་ནས་བཟུང་ཐུན་མོང་གི་རིག་གནས་ཡོད་ཚད་ནང་རིག་ཐུན་མོང་མ་ཡིན་པའི་གཞུང་དུ་འགྱུར་བར་ཐལ་བའི་ལྡོག་མེད་ཀྱི་རིགས་པས་ཚད་མ་རིག་པ་ཆོས་ལུགས་མ་ཡིན་པར་འགྲུབ་པ་ཤེས་པར་བྱ། ཡུལ་དུས་དང་མི་བསྟུན་པའི་ཨུ་ཚུགས་མཁྲེགས་འཛིན་ཙམ་ནི་ནམ་ཡང་རྒུད་པའི་སྣ་འདྲེན་ཉིད་དུ་འགྱུར་བའི་ཕྱིར་རོ། །
        དེས་ན་རྒྱའི་མཁས་པ་ཆེན་པོ་དབྱང་ཧྭ་ཆོན་དང་ལོས་ཁྲིན་སོགས་ཀྱིས། བོད་ཀྱི་མཁས་པ་རྣམས་ཀྱིས་ཚད་མ་རིག་པ་ནི་ནང་དོན་རིག་པའི་གཞུང་ལུགས་ཤིག་ཏུ་མཐའ་གཅིག་ཏུ་བཟུང་བས་ཚད་མ་རིག་པའི་རྩོད་སྒྲུབ་ཀྱི་ཁྱད་འཕགས་རང་བཞིན་བསྒྲིབས་པ་དང་། ཚད་མ་རིག་པ་དང་ནང་དོན་རིག་པའི་དབྱེ་མཚམས་དཀྲུགས་པ། གཏན་ཚིགས་རིག་པའི་འཕེལ་རྒྱས་ལ་ཚད་བཀག་བཟོས་པར་སྨྲ་བ་རྣམས་ནི་འཐད་པའི་གནས་མེད་དེ། གཏམ་དེ་དག་ནི་ཆོས་ཉིད་དང་འགལ་བ་གཞིར་བྱས། ཚད་མའི་གཞུང་སྤྱི་དང་ཁྱད་པར་དུ་རྗེ་ཙོང་ཁ་པའི་ལེགས་བཤད་ལ་མ་བལྟས་པའམ་བལྟས་ཀྱང་གཏིང་མ་ཕིགས་པ། ཡང་ན་མངོན་སུམ་ལ་བསྙོན་པའི་ནོར་འཁྲུལ་གྱི་གཏམ་དུ་ཟད་དོ། །
        དེ་ཡང་ཡིན་ཏེ་ཚད་མ་རིག་པ་དེ་ཉིད་ནང་རིག་གི་གཞུང་དུ་བཙུད་པ་དེས་ཁྱེད་ཅག་གི་འདོད་པ་ལས་ལྡོག་སྟེ་ཚད་མའི་འཆད་མཉན་ལ་སྐུལ་འདེད་ཇི་ཙམ་གནང་བ་དང་། རིག་གཞུང་འདི་ཉིད་དེ་ནས་བཟུང་སྟེ་མ་ལག་འཐུས་ཚང་དུ་གྱུར་པ། རིག་གཞུང་འདིའི་རིགས་ལམ་ངོ་མཚར་རང་བཞིན་སྔོག་འདོན་ག་ཚོད་བྱས་སོང་བ་དབུ་ཚད་ཀྱི་གཞུང་ལ་སྦྱངས་མྱོང་བ་སུས་ཀྱང་ཤེས་པས། བཤད་ཚུལ་དེ་དག་ནི་རིག་གཞུང་འདི་ལ་རིང་དུ་མ་འདྲིས་པའི་འོལ་ཚོད་ཀྱི་སྨྲ་བ་རང་དུ་སེམས་སོ། །
        དེ་ཡང་བདེན་དཔང་ཞིག་བྱ་ན་འདི་ལྟར། དུས་རབས་བཅུ་གཅིག་པ་ནས་ཚད་མ་རིག་པ་བོད་ལ་དར་ཏེ་ད་ལྟའི་བར་མི་ལོ་བརྒྱད་བརྒྱ་ལྷག་གི་རིང་ལ་བོད་བརྒྱུད་ཚད་མ་རིག་པའི་མཁས་པ་གྲགས་ཅན་བརྒྱ་དང་བཅུ་བདུན་ལྷག་བྱུང་ཡོད། དེའི་ནང་རྗེ་ཙོང་ཁ་པའི་རྗེས་འབྲང་གི་མཁས་པ་བརྒྱད་ཅུ་གྱ་དགུ་ཡོད། དེས་སྤྱིའི་མཁས་པའི་གྲངས་ཀ་ལས་བརྒྱ་ཆའི་དོན་དྲུག་ཟིན་ཡོད། བོད་རང་གི་མཁས་པས་བརྩམས་པ་ལ་ད་སྔ་ཚད་མའི་བསྟན་བཅོས་ཉིས་བརྒྱ་ཉི་ཤུ་ལྷག་ཡོད། དེའི་ནང་རྗེ་ཙོང་ཁ་པའི་རྗེས་འབྲང་གི་བརྩམས་ཆོས་བརྒྱ་དང་གྱ་གསུམ་ལྷག་ཡོད། འདིས་སྤྱིའི་བརྩམས་ཆོས་ཀྱི་བརྒྱ་ཆའི་གྱ་གཅིག་ཟིན་ཡོད། འདི་ནི་རྗེ་ཙོང་ཁ་པའི་ལུགས་ལ་ཚད་གཞུང་གང་ཉིད་ནང་རིག་གི་གྲལ་ཐོབ་བྱིན་པ་ལ་བརྟེན་ཏེ་ཐོན་པའི་དན་རྟགས་རྨ་མེད་པ་མིན་ནམ། དེའི་ཕྱིར་ཁོ་བོས་ནི་རིག་ཚན་འདི་ཉིད་ཡུལ་དུས་དང་བསྟུན་རང་གཞན་ཐུན་མོང་གི་རིག་པ་ཉིད་དུ་འདོད་ཅིང་ཤེས་བྱ་རིག་པའི་གནས་གང་ལའང་ཚུལ་འདིའི་རིགས་པ་བཀོལ་ཆོག་ཆོག་དང་ཉེ་བར་མཁོ་བ་ཡིན་པ་མྱོང་བ་དང་བཅས་ཏེ་ཁས་འཆེས་པའི་ལྟ་ཚུལ་མ་སྨིན་པ་བཏོན་སོང་བ་ཡིན་ནོ། །
ལུང་ཁུངས་དང་མཆན་འགྲེལ།
①དགེ་འདུན་ཆོས་འཕེལ། རྒྱ་དཔེ་དུ་མའི་ཚིགས་བཅད་ཕྱོགས་བསྡུས་བྱས་པ་ལེགས་སྦྱར་བང་མཛོད་ཅེས་བྱ་བ་བཞུགས་སོ། །དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་གསུམ་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990:384
②བེ་ཐི་པུ་སཱ་ན། རྒྱ་གར་ཚད་མ་རིག་པའི་ལོ་རྒྱུས། རྒྱའི་ཚད་མ་རིག་པའི་ཆེད་མཁས་པ་དབྱང་ཧྭ་ཆོན་གྱིས་བརྩམས་པའི་བོད་བརྒྱུད་ཚད་མ་རིག་པ་ཞེས་བྱ་བའི་ནང་དུ་དྲངས་ཡོད། ཕྲན་གྱིས་བོད་ཡིག་ཏུ་བསྒྱུར་ཏེ་ཤེས་བྱེད་དུ་བཀོད། [M] ཀྲུང་ཧྭ་ཧྲུའུ་ཅུའུ་དཔེ་སྐྲུན་ཁང་། 2009:14
③བློ་བཟང་ཕྱོགས་གླང་ངམ་ཚེ་དབང་། སྡེ་བདུན་རྒྱ་མཚོར་འཇུག་པའི་གྲུ་གཟིངས། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014:15
④འབྲུག་རྒྱལ་དབང་ཆོས་རྗེ། རྗེའི་རྣམ་ཐར་ཆེན་མོ་ངོ་མཚར་ནོར་བུའི་ཕྲེང་བ་ཞེས་བྱ་བ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981:145
⑤རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ། ཚད་མ་རྣམ་པར་ངེས་པའི་དཀའ་བའི་གནས་རྣམ་པར་བཤད་པ། [M] ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 1994:511
⑥ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་ཞེས་བྱ་བ། [M] མི་རིགས་དཔེ་སྐྲུན་ཁང་། 1988:40
⑦རྗེ་ཙོང་ཁ་པ། རྗེ་ཙོང་ཁ་པའི་བཀའ་འབུམ་ཐོར་བུ་བཞུགས་སོ། ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987:99
⑧འཇུ་མི་ཕམ། ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་བོར་བཤད་པ་ལེགས་བཤད་སྣང་བའི་གཏེར་ཞེས་བྱ་བ། [M] སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006:2
⑨རྗེ་ཙོང་ཁ་པ། སྔགས་རིམ་ཆེན་མོ་བཞུགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1995:6
⑩རྒྱལ་ཚབ་དར་མ་རིན་ཆེན། རྣམ་འགྲེལ་ཐར་ལམ་གསལ་བྱེད་ཅེས་བྱ་བ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010:4
⑪མཁས་གྲུབ་དགེ་ལེགས་དཔལ་བཟང། ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ། [M] མི་རིགས་དཔེ་སྐྲུན་ཁང་། 1984:7
⑫རྒྱལ་བ་དགེ་འདུན་གྲུབ། ཚད་མའི་སྤྱི་དོན་རིགས་པའི་རྒྱན་ཞེས་བྱ་བ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996:5
⑬སྟག་ཚང་ལོ་ཙཱ་པ་ཤེས་རབ་རིན་ཆེན། སྟག་ཚང་ལོ་ཙཱ་པ་ཤེས་རབ་རིན་ཆེན་གྱི་གསུང་འབུམ་པོད་དང་པོ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:27
⑭སྟག་ཚང་ལོ་ཙཱ་པ་ཤེས་རབ་རིན་ཆེན། སྟག་ཚང་ལོ་ཙཱ་པ་ཤེས་རབ་རིན་ཆེན་གྱི་གསུང་འབུམ་པོད་དང་པོ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:29
⑮རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། སྙན་ངག་མེ་ལོང་གི་འགྲེལ་བ་དབྱངས་ཅན་དགྱེས་པའི་གླུ་དབྱངས་ཞེས་བྱ་བ། ཤིང་པར་མའི་ཤོག་གྲངས8ཀྱི་སྲིབ་ཐིག་གསུམ་པར་གསལ།
⑯ཀརྨ་ཆོས་གྲགས་རྒྱ་མཚོ། ཚད་མ་ལེགས་པར་བཤད་པ་ཐམས་ཅད་ཀྱི་ཆུ་བོ་ཡོངས་སུ་འདུ་བ་རིགས་པའི་གཞུང་ལུགས་ཀྱི་རྒྱ་མཚོ་ཞེས་བྱ་བ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2001:6
⑰ཀུན་མཁྱེན་འཇིགས་མེད་དབང་པོ། བདེ་བར་གཤེགས་པའི་བཀའི་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་པར་དུ་སྒྲུབ་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་ཡང་དག་པར་བརྗོད་པ་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1986:186
⑱ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཤེས་བྱ་ཀུན་ཁྱབ་ཅེས་བྱ་བ། སྟོད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1982:568