ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་ཟློས་གར་དང་རོལ་མོ། གླུ་གར་སྐོར་གྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད་ཞིབ་འཇུག་བྱ་བ་གལ་ཆེ་ཚུལ་རགས་ཙམ་གླེང་བ།

སྤེལ་དུས 2022-01-25 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། ཁུ་བྱུག
[ནང་དོན་གནད་བསྡུས།] རྩོམ་འདིར་བོད་ཀྱི་ཟློས་གར་དང་རོལ་མོ། གླུ་གར་སྐོར་གྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད་ཞིབ་འཇུག་བྱ་བ་གལ་ཆེ་ཚུལ་གྱི་གླེང་གཞིས་དྲངས་ཏེ། ཟློས་གར་དང་ཟློས་གར་རིག་པའི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད་དང་། ཟློས་གར་གྱི་བརྗོད་བྱའི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད། བོད་འགྱུར་དང་བོད་རྩོམ་ཟློས་གར་གྱི་བསྟན་བཅོས་ཀྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད། ཟློས་གར་གྱི་རྣམ་ཐར་ཆེན་མོ་བརྒྱད་སོགས་ཀྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད། ཐང་སྟོང་རྒྱལ་པོ་དང་ཨ་ལྕེ་ལྷ་མོའི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད། རོལ་མོ་དང་གླུ་གར་གྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད། ཟློས་གར་གྱི་རྣམ་གྲངས་དང་བརྡ་ཆད་སོགས་ཀྱི་སྐོར་གླེང་བརྗོད་བྱས་ཡོད།
[གནད་ཚིག] ཟློས་གར། རོལ་མོ། གླུ་གར། བརྡ་ཆད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] 1207.9 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།]  1002-9060-2021-04-0062-11
          རྗེ་དམུ་དགེ་བསམ་གཏན་གྱིས། “སྤྱིར་གཞུང་ལུགས་དག་ལ་ལྟ་ཞིང་སྦྱང་བར་བྱེད་པ་ལ་མིང་གི་བརྡ་ཁྱད་ཤེས་པ་གལ་ཆེ་སྟེ། བརྡ་སྐད་མ་ཤེས་ན་བརྗོད་བྱའི་དོན་ག་ལ་ཤེས།དེས་ན་མིང་བརྡའི་འཇུག་པ་ཤེས་པ་ཤིན་ཏུ་གལ་ཆེ།” ①ཞེས་གསུངས་པ་ལྟར། ཐོག་མར་རིག་པའི་གནས་སྤྱི་དང་བྱེ་བྲག་གང་ཞིག་ཡིན་ཡང་རིག་ཚན་རང་རང་གི་ཐུན་མོང་མ་ཡིན་པའི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད་ཅི་རིགས་ཤིག་ཡོད་ལ། དེ་བཞིན་བོད་ཀྱི་ཟློས་གར་དང་རོལ་མོ། གླུ་གར་སོགས་ལའང་ཐུན་མིན་གྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད་ཡོད་པ་སྨོས་མ་དགོས། བོད་ཀྱི་ཟློས་གར་དང་རོལ་མོ། གླུ་གར་སོགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་བ་ཞིག་ཡིན་ན། དེ་དག་གི་ཐུན་མིན་གྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད་སོགས་ངེས་པར་དུ་ཤེས་དགོས། གལ་སྲིད་བོད་ཀྱི་ཟློས་གར་སོགས་ཀྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད་ཙམ་ཡང་མི་ཤེས་ཚེ་ཞིབ་འཇུག་བྱ་བ་ནི་དེ་བས་ཀྱང་སྒྲུབ་ཐབས་མེད་པའི་གནས་སུ་འགྱུར་ངེས་པ་ཞིག་རེད། དེས་ན་བོད་ཀྱི་ཟློར་གར་སྐོར་གྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད་ཅེས་པའི་དོན་གོ་དགོས་ཤིང་། སྲོལ་རྒྱུན་གྱི་བཤད་སྟངས་ལྟར་གྱི་ཆོས་ཀྱི་རྣམ་གྲངས་ཟེར་བ་ནི། ཆོས་ཀྱི་གྲངས་འདྲེན་པས་མཚོན། བོད་ཀྱི་རིག་ཚན་དབྱེ་སྟངས་ཀྱི་ཆ་ནས་ཀྱང་ཟློས་གར་ལ། འཁྲབ་གཞུང་དང་། རོལ་མོའི་བསྟན་བཅོས། དབྱངས་ཡིག་ཅེས་པ་ལྟར། ཟློས་གར་དང་རོལ་མོ། གླུ་གར་སོགས་ཀྱི་ཤེས་བྱའི་རྣམ་གྲངས་ནི་དེའི་སྐོར་གྱི་ཤེས་བྱའི་གྲངས་འདྲེན་ལ་གོ་དགོས་ཏེ། དཔེར་ན་ཟློས་གར་གྱི་ཡན་ལག་ལྔ་དང་གླུ་དབྱངས་ངེས་པ་བདུན། གར་གྱི་ཉམས་དགུ་ཞེས་པ་སོགས་ལྟ་བུ་སྟེ་ཟློས་གར་སྐོར་གྱི་ཤེས་བྱའི་གྲངས་འདྲེན་དང་། བརྡ་ཆད་ནི་ཤེས་བྱའི་རིགས་མི་འདྲ་བ་སོ་སོར་ཐུན་མིན་གྱི་སྦྱར་བའི་མིང་བརྡ་ལྟར། ཟློས་གར་རིག་པར་མཚོན་ན་ཟློས་གར་དང་། འཁྲབ་གཞུང་། འཆམ། ལྷ་མོ། གླུ་གར་སོགས་ཟློས་གར་རིག་པ་དང་ཉེ་བར་འབྲེལ་བའི་ཐུན་མིན་གྱི་བརྡ་ཆད་ལ་ཟེར། གཤམ་དུ་བོད་ཀྱི་ཟློས་གར་དང་རོལ་མོ། གླུ་གར་སྐོར་གྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད་སོགས་ཞིབ་འཇུག་བྱ་བ་གལ་ཆེ་ཚུལ་གྱི་སྐོར་མདོར་བསྡུས་གླེང་བར་བྱ་བ་ལ།
དང་པོ། ཟློས་གར་དང་ཟློས་གར་རིག་པའི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད།
          ཟློས་གར་ཞེས་པའི་སྒྲ་དོན་ལ། “སྔོན་བྱུང་གི་གཏམ་ལྟ་བུའི་གཟུགས་སུ་བྱས་ཏེ་སྐད་རིགས་སོ་སོའི་རྗོད་བྱེད་རྣམས་ཉེ་བར་དྲངས་པའི་གླུ་ཟློས་ཤིང་གར་བྱེད་པ་ལ།” ②ཞེས་པ་དང་། “ཡང་ན་ལུས་ངག་གི་འགྱུར་བ་ལན་མང་པོ་ཟློས་ཀྱང་ཡིད་འཕྲོག་པའི་གར་དུ་གྱུར་པས་” ③ཞེས་པ་ལྟར། ཟློས་གར་ནི་སྔོན་བྱུང་གཏམ་རྒྱུད་དང་ལོ་རྒྱུས་སོགས་ཀྱི་ནང་གསལ་བའི་མི་སྣ་དང་ལྷ་འདྲེ་སོགས་མཚོན་པའི་གཟུགས་སུ་བྱས་ཏེ། རང་རང་སོ་སོའི་སྐད་ཀྱི་སྒོ་ནས་གླུ་བླངས་པ་དང་བསམ་པའི་རྣམ་འགྱུར་སྣ་ཚོགས་ཡང་ནས་ཡང་དུ་ཟློས་ཤིང་གར་བྱེད་པར་བཞེད། “ཟློས་གར་གྱི་སྒྲ་བཤད་ནི་ལུས་ཀྱི་རྣམ་འགྱུར་དང་། རྐང་ལག་གི་སྟངས་སྟབས་དང་། ངག་གི་སྨྲ་བརྗོད་དུ་མ་ཡང་ཡང་ཟློས་ཤིང་བྱེད་པས་ན། ཟློས་གར་དུ་བཤད་པའོ། །” ④ཞེས་པས་ཤེས། གཞན་ཟློས་གར་ཞེས་པ་ནི་རིག་རྩལ་ཞིག་གི་དབང་དུ་བཏང་བའི་གོ་དོན་ལ།  ངག་ནས་ཚིག་དབྱངས་སུ་གྱེར་ཞིང་ལུས་ཀྱིས་གར་འཁྲབ་པའི་རིག་རྩལ་གྱི་རྣམ་པ་ཞིག་གི་མིང་ལ་བྱ་ཞིང་། ཟློས་གར་ཞེས་པ་ལས་འཕྲོས་པའི་ཟློས་གར་མཁན་དང་། ཟློས་གར་ཁང་། ཟློས་གར་ཚོགས་པ་ཞེས་པ་སོགས་སོ། ། ཟློས་གར་འཁྲབ་པ་ལ་ལུས་ཀྱི་རྣམ་འགྱུར་དང་དབྱངས་ཀྱི་སྦྱོར་བ་ཇི་ལྟར་བྱེད་ཅེས། ཐོག་མར་ལུས་ཀྱི་རྣམ་འགྱུར་རྣམ་པ་སྣ་ཚོགས་པ་གང་ཞེ་ན། “བྱེད་ཚུལ་ལུས་ཀྱི་གར་ཆས་འདྲ་བའི་སྡེ་ཚན་དང་། མི་འདྲ་བའི་སྡེ་ཚན་མང་དུ་གྱོན་ཞིང་། ལུས་དང་། ཡན་ལག་གི་རྣམ་འགྱུར་སྣ་ཚོགས་དང་། དེ་ནས་དབྱངས་དང་ངག་གི་བྱེད་ལུགས་ལ།དབྱངས་དང་སྐད་ཀྱི་བྱེ་བྲག་ཐ་དད་པ་དང་། ངག་གི་སྦྱོར་བ་དུ་མ་བྱེད་པའོ། །” ⑤ཞེས་པ་ལྟར། དེ་ནས་རྗེས་སུ་སྐྱེས་པའི་རྣམ་གྲངས་ལའང་། དབྱངས་ཀྱི་བྱེ་བྲག་ཐ་དད་པ་རྣམས་དང་། ལྷའི་རྗེས་སུ་སྐྱེས་པ། དྲང་སྲོང་གི་རྗེས་སུ་སྐྱེས་པ། བློ་གསལ་གྱི་རྗེས་སུ་སྐྱེས་པ་ལ་སོགས་པ་དང་། འདྲེན་པ་དང་། དཀྱུས་གཅིག་ཏུ་སྦྱར་བ། དཀྱུས་གཉིས་པ་དང་ཕྱེད་ཕྱི་མ་ལ་སོགས་པའི་མཚན་ཉིད་རྣམས་དང་ལྡན་པ་སོགས་ལ་གཞིགས་ནས་བརྗོད་བྱ་དང་ལུས་སེམས་ཀྱི་རྣམ་འགྱུར་དང་ཉམས་སོགས་གང་གི་ཆ་ནས་བཤད་ན། “ཟློར་གར་ནི་སྔོན་བྱུང་སྒྲུང་གཏམ་དང་། ལོ་རྒྱུས། རྟོགས་བརྗོད་ལ་སོགས་པ་བརྗོད་བྱར་བྱས་པའི་གཞུང་རྣམས་རང་རང་སོ་སོའི་སྐད་ཀྱི་སྒོ་ནས་གླུ་བླངས་པ་དང་། བསམ་པའི་རྣམ་འགྱུར་སྣ་ཚོགས་མཚོན་པའི་ལུས་ཀྱི་རྣམ་འགྱུར། རྐང་ལག་གི་གར་སྟབས་སོགས་ལ་བརྟེན་ནས་མི་སྣ་སོ་སོའི་བསམ་པའི་ཉམས་གྱུར་[འགྱུར་]སྐྱོ་བ་དང་། དགའ་བ། འཇིགས་པ་སོགས་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན།” ⑥ ཟློས་གར་གྱི་ནུས་པ་ཅི་ཡིན་ཞེ་ན། “འགྲོ་བ་མཐོང་ཐོས་ཀུན་དགའ་བ་སྐྱེད་པའི་རོའམ་ཉམས་དང་ལྡན་པ་” ⑦དང་། དེ་ལ་ཟློས་གར་འཁྲབ་པའི་སྐབས་སུ་ངག་འཁྱལ་དང་ཚིག་ཀྱལ་སོགས་ཅི་རིགས་བྱུང་དོན་ཡང་། “ཟློས་གར་མཁན་རྣམས་ཟློས་གར་གྱི་ཚེ་གཞན་དག་མགུ་བར་བྱ་བའི་ཕྱིར་འཁྱལ་པ་དང་། དེའི་ལྟ་བར་གྱུར་ནས་བསྟན་བཅོས་ངན་པ་དག་གདོན་པ་དང་། དེ་བཞིན་དུ་སྨྲེ་སྔགས་འདོན་པ་དང་། འདུ་འཛིའི་གཏམ་ལ་སོགས་པ་བརྫུན་དུ་སྨྲ་བ་ལ་སོགས་པ་ལས་གཞན་པ་ཉོན་མོངས་པ་ཅན་གྱི་ཚིག་གང་ཡིན་པ་དེ་ཡང་ཚིག་ཀྱལ་པ་ཡིན་” ⑧པས་ཤེས། དེ་ནས་ཟློས་གར་རིག་པ་ནི་བོད་ཀྱི་རིག་གནས་བཅུའམ་ཡང་ན་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཏུ་གྱུར་པའི་རིག་པའི་གནས་ཤིག་སྟེ། 《དག་ཡིག་གསར་བསྒྲིགས་》ལས་ཟློས་གར་ཞེས་པའི་འཇུག་དོན་གཉིས་པར། རིག་གནས་བཅུའི་ཡ་གྱལ་ཞིག་⑨ཅེས་པ། བོད་ཀྱི་རིག་གནས་ཆུང་བ་ལྔའི་ཡ་གྱལ་དུ་བགྲངས་པའི་ཟློས་གར་རིག་པ་ལྟར། “ཟློས་གར། རིག་གནས་ཆུང་བ་ལྔའི་ནང་གསེས་ཏེ། ངག་ནས་གླུ་ཚིག་ཟློས། ལག་པས་རོལ་མོ་འཁྲོལ། ལུས་ཀྱིས་གར་འཁྲབ་པ་བཅས་ཀྱི་མིང་” ⑩ལ་གོ་ཞིང་། ཟློས་གར་གྱི་མིང་གི་རྣམ་གྲངས་ལ་གར་འཆམ་དང་། གར་རྩེད། བྲོ། བྲོ་གར། ཞབས་བྲོ། རོལ་རྩེད་བཅས་སོ། །
དེ་ཡི་ཕྱིར་ན། “མངོན་བརྗོད་ཟློས་གར་སྐར་རྩིས་དང་། །སྡེབ་སྦྱོར་སྙན་ངག་གནས་ཆུང་ལྔའོ། །” ⑪ཞེས་པ་ལས། “དུས་ཕྱིས་བོད་ཀྱི་རིག་གནས་སྨྲ་བ་ཀུན་གྱི་ངག་ཏུ། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་” ⑫ཞེས་དང་ཡང་ན་“ཟློས་གར་གྱིས་སྐད་རིགས་སྣ་ཚོགས་” ⑬ཤེས་པར་བྱེད་ཅེས་གྲགས་པའི་རྒྱུ་མཚན་ཡང་རྒྱ་གར་གྱི་ཟློས་གར་ལ་མཚོན་ནས་བཤད་ན། རིག་གནས་ཆུང་བ་ལྔའི་ཡ་གྱལ་ཟློས་གར་ཞེས་པ་རྒྱ་གར་ན་སྐད་རིགས་ཆེན་པོ་བཞིའི་སྒོ་ནས་སོ་སོར་འདོན་པའི་དབང་གིས་ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཟེར་བ་ཡིན་ནོ། །
          འོ་ན་གླུ་དང་གར་སོགས་མཁས་པར་བྱ་བའི་ཟློས་གར་རིག་པ་ལྟ་བུ་ནི་རིག་གནས་ཆེན་པོ་ལྔ་ཡི་གང་གི་ཁོངས་སུ་གཏོགས་སྙམ་ན། “གླུ་དང་གར་དང་སྤོས་ལ་སོགས་པའི་གཙུག་ལག་ལ་མཁས་པ་ནི་བཟོའི་ལས་ཀྱི་གནས་རིག་པ་ཞེས་བྱའོ། །” ⑭ཞེས་པ་དང་། ཡང་“སྒྲ་ཡི་ཡན་ལག་རིག་གནས་ཆུང་བ་ཟློས་གར་ནི།” ⑮ ཞེས་པ་སོགས་ཀྱི་བཞེད་ཚུལ་ཡང་སྣང་ཞིང་། “ཟློས་གར་རིག་པ་འདི་ཡང་རྒྱན་དུ་ཆེ། །” ⑯ཞེས་སོགས་གསུངས་པ་དག་ལས་ཟློས་གར་ཞེས་པའི་རིག་པའི་གནས་ཆུང་བ་གང་གི་ཡོན་ཏན་ནམ་ཁྱད་ཆོས་རྟོགས་པར་འགྱུར་རོ། །
གཉིས་པ། ཟློས་གར་གྱི་བརྗོད་བྱའི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད།
          ཟློས་གར་རིག་པའི་བརྗོད་བྱ་ལ་མཚམས་སྦྱོར་གྱི་ཡན་ལག་དང་འཇུག་པའི་ཡན་ལག མཚན་ཉིད་ཀྱི་དབྱེ་བ་སོགས་ཡོད་ཅིང་། “ཐོག་མར་མཚམས་སྦྱོར་གྱི་ཡན་ལག་ལས་གང་ལ་མཚམས་སྦྱོར་བྱེད་ན། བརྗོད་བྱའི་དོན་གྱི་ཁྱད་པར་སྡེ་ཚན་མི་འདྲ་བ་རྣམས་རྗོད་བྱེད་ཀྱང་སྐད་རིགས་སྣ་ཚོགས་པས་ལབ་དགོས་པ་དེ་དག་གི་བར་དུ་མཚམས་སྦྱོར་བྱེད་པ་ཡིན།” ⑰ ཞེས་པ་དང་། དེ་ནས་འཇུག་པའི་ཡན་ལག་ལ་སྤྱིར་བཞི་བསྟན་པ་ནི། “བྷྭ་ར་ཏཱི། སཱ་ཏྭ་ཏི། ཀཻ་ཤི་ཀཱི། ཨཱ་ར་བྷ་ཊཱི། ཞེས་པ་བཞི་སྟེ།” ⑱ ཞེས་པ་དང་། དེ་བཞི་ལའང་ཡན་ལག་བཞི་རེ་ཡོད་པ་ལ། “སོ་སོ་ཡང་ཡན་ལག་བཞིའོ། །” ⑲ཞེས་པ་དང་། དེ་ནས་མཚན་ཉིད་ཀྱི་དབྱེ་བ་ལ་《རྒྱ་འགྲེལ་》ལས་རྒྱན་དང་། ཡི་གེ་བསྡུས་པ། མཛེས་པ་སོགས་སུམ་ཅུ་རྩ་དྲུག་ཏུ་བཤད་པ་རྣམས་དང་། གར་གྱི་རྣམ་འགྱུར་གྱི་ཉམས་བཞི་དང་། ཡང་ན་ཟློས་གར་བསྒྱུར་བའི་སྐབས་སུ་མཁོ་བའི་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་དགུ་ནི་མཛེས་ཤིང་སྒེག་པའི་ཉམས་དང་བརྗིད་ཅིང་དཔའ་བའི་ཉམས་སོགས་གསུངས།⑳ དེ་ལྟར་གར་འཁྲབ་སྐབས་ལུས་ཀྱི་ཉམས་འགྱུར་དང་སྟངས་སྟབས་ལས་འབྱུང་བའི་གར་གྱི་ཉམས་དགུ་ནི་གང་གི་སྒོ་ནས་ཐོན་ན། རྒྱན་དང་མདངས་ཀྱི་སྒེག་པ་དང་། འགྱིང་ལ་རོལ་པས་དཔའ་བ། སྤྱན་ལོག་ཁྲོ་གཉེར་གྱིས་མི་སྡུག་པ། འཛུམ་ཞིང་ཧ་ཧའི་སྒྲས་དགོད་པ། ཧི་ཧི་དང་ཧ་ཕཊ་སྒྲོག་པས་དྲག་ཤུལ་དང་ལྡན་པ། སོ་ཐམ་པ་དང་མགོ་གུག་ཅིང་མཚོན་ཆ་ཕྱར་གདེངས་ཀྱིས་འཇིགས་སུ་རུང་བ། སྤྱན་དམར་ཟིམ་ཟིམ་དང་གཞོན་ནུས་སྙིང་རྗེ་བ། ཞལ་གདངས་རྐན་རྡེབ་པས་རྔམ་པ། མཉེན་ལྕུག་འཇམ་པའི་མིག་སྣ་རྩེར་བལྟས་པས་ཞི་བ་བཅས་དགུ་ཡོད་ལ། གར་གྱི་ཉམས་དགུ་ནི་ལུས་ངག་ཡིད་གསུམ་གང་དུ་གཏོགས་པར་ཚུར་བསྡུས་ན། སྒེག་པ་དང་། དཔའ་བ། མི་སྡུག་པ་གསུམ་ལུས་ཀྱི་ཉམས་དང་། དྲག་ཤུལ་དང་། བཞད་གད། འཇིགས་རུང་ནི་ངག་གི་ཉམས་དང་། སྙིང་རྗེ་དང་། རྔམ་པ། ཞི་བ་གསུམ་ནི་ཡིད་ཀྱི་ཉམས་སུ་གཏོགས་པར་བཤད།(21)གཞན་ཟློས་གར་འཁྲབ་པའི་སྐབས་ཀྱི་ཉམས་འགྱུར་དང་འབྲེལ་བའི་གར་སྟབས་ལྔ་བཅུ་རྩ་བརྒྱད་དང་། གར་གྱི་ལྡེམ་འགྱུར་ལ་སློབ་དཔོན་ཙནྡའི་གསུང་གི་ཚིགས་བཅད་དག་དྲངས་ནས་གསལ་བར་བཤད་དོ། །
ཡང་ན་ཟློས་གར་གྱི་ཡན་ལག་བཞིའམ་ལྔ་ནི། “མདོ་འཛིན་གཅིག རོལ་མོ་གཉིས། ཆས་ཞུགས་གསུམ། བཞད་གད་དང་བཞི། ཟློས་གར་དང་ལྔའོ། །” (22)ཞེས་པའི་རྣམ་གྲངས་ཀྱི་གོ་རིམ་དང་། བཞིའི་དབང་དུ་བཏང་ན། “མདོ་འཛིན་པ་དང་། རོལ་མོ་བ། ཆས་སུ་ཞུགས་པ། བཞད་གད་པ་བཅས་སོ། ། ” (23)ཞེས་པ་སོགས་སོ། །
གསུམ་པ། བོད་འགྱུར་དང་བོད་རྩོམ་ཟློས་གར་བསྟན་བཅོས་ཀྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད།
          ཐོག་མར་བོད་དུ་འགྱུར་བའི་རྒྱ་གར་གྱི་ཟློས་གར་བསྟན་བཅོས་ལ། “ཕྱིས་སུ་ཡང་ལེགས་སྦྱར་ལས་བོད་སྐད་དུ་བསྒྱུར་བ་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང༌། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་སོགས་ཡོད་ལ་” (24)ཞེས་པ་དང་། 《ཀླུ་ཀུན་ཏུ་དགའ་བའི་ཟློས་གར་》དང་《འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་》ཞེས་པ་གཉིས་ཀྱི་བརྗོད་དོན་དང་མཛད་པ་པོ་ནི། “རྒྱལ་པོ་སྤྲིན་གྱི་བཞོན་པས་ཀླུའི་སྲོག་བསྐྱབས་པའི་སྐྱེས་རབས་ཀླུ་ཀུན་དུ་དགའ་བའི་ཟློས་གར་དགའ་བའི་ལྷས་མཛད་པ་” (25)ཞེས་པ་དང་། “གཙུག་གི་ནོར་བུའི་བར་བཏང་ནས་བྲམ་ཟེའི་དབུལ་བ་བསལ་བའི་ཕྱིར་རང་ཉིད་ཚོང་དུ་བཅུག་སྟེ་དགྲ་ལ་སྟེར་དུ་བཅུག་པས་ཐམས་ཅད་བཏུལ་བའི་སྐྱེས་རབས་འཇིག་རྟེན་ཀུན་དུ་དགའ་བའི་ཟློས་གར་ཙནྟྲ་གོ་མིས་མཛད་པ་” (26)ཞེས་གསལ་ལོ། །
          ཟློས་གར་གྱི་བསྟན་བཅོས་གཉིས་བོད་སྐད་དུ་ལོ་པཎ་གང་དག་གིས་ཡུལ་གནས་གང་ཞིག་ཏུ་ཇི་ལྟར་བསྒྱུར་ནས་འགྱུར་བ་ཡིན་སྙམ་ན། 《ཀླུ་ཀུན་དུ་དགའ་བའི་ཟློས་གར་》གྱི་མཚན་བྱང་དང་མཛད་བྱང་། འགྱུར་བྱང་སོགས་ལས།“བསྟན་བཅོས་ཀྱི་མཚན་ལ་རྒྱ་གར་སྐད་དུ་ནཱ་གཱ་ནནྡ་ནཱ་མ་ནཱ་ཊ་ཀ །བོད་སྐད་དུ་བསྒྱུར་ན་ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར་ཞེས་བྱ་ལ་མཚན་མ་དང་པོ་ནས་དྲུག་པའི་སྒོ་ནས་བརྩམས་ཤིང་། ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར་དཔལ་དགའ་བའི་ལྷས་མཛད་པ་རྫོགས་སོ།། །།ཡོན་ཏན་ཡུལ་དུ་བྱུང་བ་དཔག་ཏུ་མེད་པས་སྤྲས་པའི་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་དང་། དཔོན་ཆེན་ཤཱཀྱ་བཟང་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ལཀྵྨཱི་ར་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བའོ།། །།” (27)ཞེས་པ་དང་། པེ་ཅིན་དང་སྣར་ཐང་བསྟན་འགྱུར་དུ་《ཀླུ་ཀུན་ཏུ་དགའི་ཟློས་གར་》དཔལ་དགའ་བའི་ལྷས་མཛད་པ་བཞུགས་སོ། །ཞེས་པའི་མཚན་བྱང་བཀོད་པ་དང་། 《འཇིག་རྟེན་ཀུན་དུ་དགའ་བའི་ཟློས་གར་》གྱི་བསྟན་བཅོས་ཀྱི་མཚན་ལ་རྒྱ་གར་སྐད་དུ་ལོ་ཀ་ཨཱ་ནནྡ་ནཱ་ཊ་ཀ་ནཱ་མ། བོད་སྐད་དུ་བསྒྱུར་ན་《འཇིག་རྟེན་ཀུན་དུ་དགའ་བའི་ཟློས་གར་ཞེས་བྱ་བ་》ཞེས་བྱ་ཞིང་། པེ་ཅིན་བསྟན་འགྱུར་དུ་《འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་》ཙནྟ་གོ་མིས་མཛད་པའོ། །ཞེས་བཀོད་ཅིང་། ཡན་ལག་དང་པོ་ནས་ལྔ་པའི་སྒོ་ནས་བརྩམས་ཤིང་། “གཞོན་ནུ་གཙུག་ན་ནོར་བུའི་སྐྱེས་པའི་རབས་ཟློས་གར་གྱི་བསྟན་བཅོས་འཇིག་རྟེན་ཀུན་དུ་དགའ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཙནྟྲ་གོ་མིས་རབ་ཏུ་སྦྱར་བའོ།། །།དམ་པ་རྣམས་ཀྱི་ཚུལ་ལ་བརྟེན་ནས་པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲ་དང་། ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་བལ་ཡུལ་ཡམ་བུའི་གྲོང་ཁྱེར་དུ་ལེགས་པར་བསྒྱུར་རོ།། །།” (28)ཞེས་པས་ཤེས་སོ། །
          དེ་ནས་བོད་རྩོམ་ཟློས་གར་བསྟན་བཅོས་ནི་བོད་རང་གི་མཁས་པས་མཛད་པའི་ཟློས་གར་དང་རོལ་མོ་སོགས་ཀྱི་བསྟན་བཅོས་ལ་གོ་དགོས་ཏེ། ས་སྐྱ་པཎ་ཆེན་གྱིས་བརྩམས་པའི་《རོལ་མོའི་བསྟན་བཅོས་》དང་《ཟློས་གར་རབ་དགའི་འཇུག་པ་》གཉིས་ནི་བོད་རང་གི་མཁས་པས་བརྩམས་པའི་ཟློས་གར་དང་རོལ་མོའི་བསྟན་བཅོས་ཐོག་མ་ལྟ་བུར་གྱུར་ཡོད་ཅིང་། བོད་ཀྱི་ཟློས་གར་གྱི་བསྟན་བཅོས་ཐོག་མ་དེ་གང་ཡིན་སྙམ་ན། “དེ་བཞིན་ཟློས་གར་རབ་དགའི་འཇུག་པ་གསར་རྩོམ་གནང་བ་དེ་ནི་གངས་ཅན་བོད་ཀྱི་མཁས་པས་བརྩམས་པའི་ཟློས་གར་གྱི་བསྟན་བཅོས་ཐོག་མ་དེ་ཡིན་པར་ངེས།” (29) ཞེས་པའོ། །དེ་ནས་རིམ་པར་འབྲུག་པ་སངས་རྡོར་གྱིས་མཛད་པའི་《དགེ་ལེགས་སུ་བྱེད་པའི་གཏམ་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་》དང་། ངག་གི་དབང་ཕྱུག་གྲགས་པའི་སྡེས་མཛད་པའི་《ཀུན་ཏུ་དགའ་བའི་ཟློས་གར》ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་《དགེ་ལེགས་སུ་བྱེད་པའི་གཏམ་དྲང་སྲོང་མངོན་པར་དགའ་བའི་ཟློས་གར》 གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་《ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་ལ་བཀྲི་བའི་རོལ་རྩེད་》དང་《ཟློས་གར་གྱི་བསྟན་བཅོས་ཀྱི་འཁྲབ་གཞུང་ཁྱི་རས་པ་མགོན་པོ་རྡོ་རྗེའི་མི་རྟག་པ》 འཇུ་མི་ཕམ་གྱིས་མཛད་པའི་《གླུ་བྲོ་སྒྱུ་མའི་རོལ་མོ》 ཟུར་མང་མཁན་ཆེན་པད་རྣམ་གྱིས་མཛད་པའི་《དབྱངས་ཀྱི་ཟློས་གར་དབང་པོའི་གཞུ་རིས་》དང་《ཚེ་འདས་བླ་མའི་ཞུས་ལན་བར་དོ་སྐུ་གསུམ་རང་ཤར་གདམས་ངག་བདུད་རྩི་ཐིགས་པ》 ཀོའུ་པ་སྤྲུལ་མིང་བློ་བཟང་བཤད་སྒྲུབ་རྒྱ་མཚོས་མཛད་པའི་《སྲིད་པ་ལས་ངེས་པར་འབྱུང་བའི་གཏམ་དྲང་སྲོང་མངོན་པར་དགའ་བའི་ཟློས་གར》 གཞན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་《རིག་གྲྭའི་འཆམ་མགུར་སྨིན་གྲོལ་ལམ་བཟང་བགྲོད་པའི་ཐེམ་སྐས་》སོགས་བཞུགས་སོ། །
བཞི་པ། ཟློས་གར་གྱི་རྣམ་ཐར་ཆེན་མོ་བརྒྱད་སོགས་ཀྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད།
          བོད་ཀྱི་ཟློས་གར་གྱི་གཞུང་ངམ་བསྟན་བཅོས་བྱུང་བའི་ཁུངས་དང་། དུས་ཕྱིས་བོད་དུ་ཟློས་གར་གྱི་གཞུང་ཇི་ལྟར་བྱུང་བ། ཟློས་གར་གྱི་གཞུང་གྲགས་ཆེན་གང་གང་དར་ཁྱབ་བྱུང་བའི་ཚུལ་བཤད་པ་ལས། རྒྱ་གར་གྱི་གནའ་བོའི་ལོ་རྒྱུས་དང་མི་སྣ་སོགས་ཀྱི་མཛད་རྣམ་སོགས་བརྗོད་བྱ་གཙོ་བོར་བཟུང་ནས་ཟློས་གར་གྱི་བསྟན་བཅོས་བརྩམས་པ་ལ། “རྒྱ་གཞུང་གི་ཁུངས་དང་ལྡན་པ་དག་ལ་བོད་རང་གིས་ལེགས་བཅོས་བྱས་ནས་འཆམ་བཞིན་པ་ཆོས་རྒྱལ་ནོར་བཟང་༌” (30)གིས་མཚོན། དུས་ཕྱིས་《སྣང་ས་འོད་འབུམ་གྱི་རྣམ་ཐར་》དང་། 《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》《གཟུགས་ཀྱི་ཉི་མའི་རྣམ་ཐར》 《པདྨ་འོད་འབར་གྱི་རྣམ་ཐར》 《གཅུང་པོ་དོན་ཡོད་དང་དོན་གྲུབ་ཀྱི་རྣམ་ཐར》《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》 《རྒྱ་བཟའ་བལ་བཟའི་རྣམ་ཐར》 《འགྲོ་བ་བཟང་མོའི་རྣམ་ཐར་》བཅས་བོད་ཀྱི་ཟློས་གར་གྱི་བསྟན་བཅོས་ཆེན་མོ་བརྒྱད་དུ་གྲགས་པ་བྱུང་ལ། ཟློས་གར་གྱི་རྣམ་ཐར་དེ་དག་བྱུང་བའི་དུས་རིམ་གྱི་ཆ་ནས་སྨྲས་ཚེ། 《སྣང་ས་འོད་འབུམ་གྱི་རྣམ་ཐར་》དང་《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་》གཉིས་ནི་དུས་རབས་བཅུ་བདུན་པའི་སྨད་ནས་དུས་རབས་བཅོ་བརྒྱད་པའི་སྟོད་ཙམ་ལ་གཙང་གི་དཔོན་རིགས་སྡིངས་ཆེན་ཚེ་རིང་དབང་འདུས་ཀྱིས་མཛད་ནས་དར་བ་དང་། 《གཟུགས་ཀྱི་ཉི་མའི་རྣམ་ཐར་》དང་《འགྲོ་བ་བཟང་མོའི་རྣམ་ཐར》 《པདྨ་འོད་འབར་གྱི་རྣམ་ཐར་》གསུམ་ནི་དུས་རབས་བཅུ་བདུན་པའི་དུས་མཇུག་ཏུ་མོན་བླ་མ་བློ་གྲོས་རྒྱ་མཚོས་མཛད་ནས་དར་ཁྱབ་བྱུང་ལ། དེ་ནས་《གཅུང་པོ་དོན་ཡོད་དང་དོན་གྲུབ་ཀྱི་རྣམ་ཐར་》ནི་དུས་རབས་བཅོ་བརྒྱད་པར་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱིས་མཛད་ནས་དར། གཞན་བོད་རང་གི་ལོ་རྒྱུས་ཀྱི་མི་སྣའི་མཛད་པ་བརྗོད་པའི་ཟློས་གར་གྱི་འཁྲབ་གཞུང་ལ་《ཆོས་རྒྱལ་སྲོང་བཙན་སྒམ་པོ་》དང་། 《རྒྱ་བཟའ་བོད་དུ་བསུ་བ》 《ཁྲི་སྲོང་ལྡེ་བཙན》 《ཁྱི་ར་བ་མགོན་པོ་རྡོ་རྗེ་》སོགས་དང་། གེ་སར་གྱི་སྒྲུང་ལ་《ཧོར་གླིང་གཡུལ་འགྱེད་》དང་། 《ཨ་སྟག་ཀླུ་མོ》 《བདུད་འདུལ》 《འཇང་ཕྲུག་》སོགས་ཀྱི་ཟློས་གར་གྱི་འཁྲབ་གཞུང་བྱུང་ལ། དེས་ན་ཟློས་གར་ནི། “དེང་དུས་འཆམ་བཞིན་པའི་ཟློས་གར་ཆེན་པོ་བརྒྱད་གཙོར་བྱས་པའི་སྣ་ཚོགས་ཤིག་དང་གླུ་གར་ཡང་ཀུན་གྱི་རྣ་ལམ་དང་སྤྱན་ལམ་དུ་གྱུར་པ་འདི་བཞིན་ཡིན་ནོ། །” (31)ཞེས་པར་གཞིགས་ན། “རྣ་ལམ་དང་སྤྱན་ལམ་དུ་གྱུར་པའང་རྣ་བས་ཉན་ས་དང་མིག་གིས་བལྟ་སར་གྱུར་པའི་ཟློས་གར་ལ་ཉན་བྱའི་ཟློས་གར་དང་བལྟ་བྱའི་ཟློས་གར་ཞེས་དང་། ཡང་ན་བསྟན་བྱའི་ཟློས་གར་དང་བལྟ་བྱའི་ཟློས་གར་” (32)ཞེས་གཉིས་སུ་དབྱེ་ཚུལ་བཤད་པའི་དགོངས་པ་དང་མཐུན་པར་སེམས་སོ། །
ལྔ་པ། ཐང་སྟོང་རྒྱལ་པོ་དང་ཨ་ལྕེ་ལྷ་མོའི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད།
          བོད་ཀྱི་ཟློས་གར་འཁྲབ་སྟོན་བྱ་བ་ལ་ཨ་ལྕེ་ལྷ་མོ་ཞེས་པ་གསར་གཏོད་མཛད་པ་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཞེས་གྲགས་ཤིང་། ཁོང་སྐུ་ན་ཆུང་དུས་ཀྱི་མཚན་ལ་ཁྲོ་བོ་དཔལ་ལྡན་དང་། མཚན་དངོས་ལ་བརྩོན་འགྲུས་བཟང་པོ། མཛད་སྤྱོད་བྱ་བཏང་བའི་བརྟུལ་ཞུགས་འཛིན་པ་ལ་བརྩོན་འགྲུས་སྨྱོན་པར་གྲགས་པ། སྟོང་ཉིད་རྟོགས་པས་ཐང་སྟོང་རྒྱལ་པོ་ཞེས་པ་སོགས་སུ་གྲགས་ཤིང་། ཟློས་གར་འཁྲབ་པའི་མཐུན་རྐྱེན་གྱིས་རབ་བྱུང་བདུན་པའི་ལྕགས་ཁྱི་ལོར་ཆུ་ཤུར་གྱི་ལྕགས་ཟམ་ཐོག་མར་བཙུགས་པས་ལྕགས་ཟམ་པ་ཞེས་ཐོགས། དེ་ནས་ལྕགས་ཟམ་དང་ལྕགས་ཕུར། ལྕགས་ཐག་སོགས་ཀྱི་མིང་གི་བརྡ་ཆད་བྱུང་ཞིང་། ཁྱད་པར་བོད་ཀྱི་ཟློས་གར་འཁྲབ་པའི་བྱུང་བའང་ཐོག་མར་ཐང་ག་བཀྲམ་ནས་གཏམ་རྒྱུད་ཀྱི་ཟློས་གར་དར་བ་ལ་གཏམ་རྒྱུད་ཟློས་གར་པ། དེ་ནས་ལྷ་མོ་འཁྲབ་པ་ལ་ཨ་ལྕེ་ལྷ་མོ་དང་། ལྷ་མོ་འཁྲབ་པ་ལ་གླུ་གཞས་མཁས་པའི་བུ་མོ་སྤུན་བདུན། ལྷ་མོ་བ་དང་ལྷ་མོ་འཁྲབ་མཁན། ལྷ་མོ་འཁྲབ་པ། ལྷ་མོའི་འཁྲབ་གཞུང་། ལྷ་མོའི་འཁྲབ་ཆས་བཅས་བྱུང་ཞིང་། རིམ་པར་རྔོན་པའི་འཁྲབ་ཚན་བྱུང་བ་དང་མ་ཎི་བསྐུལ་བ་སོགས་ཀྱི་མིང་གི་བརྡ་ཆད་ཅི་རིགས་བྱུང་། ཨ་ལྕེ་ལྷ་མོ་འཁྲབ་པའི་ལྷ་མོ་བའི་འབག་ལའང་འབག་དཀར་སེར་དམར་ལྗང་དང་འབག་སྔོ་ནག་སོགས་ཀྱི་ཁ་དོག་དང་མཚོན་དོན་མི་འདྲ་བ་དང་། ད་དུང་རྒན་མོ་སྤུན་ཚོང་གི་འབག་དང་འབྲོག་མོའི་འབག་སོགས་ཀྱི་འབག་རིགས་མི་འདྲ་བ། གཞས་པའི་འབག་དང་ལྷ་མོ་བའི་འབག་སོགས་ཀྱི་མིང་གི་རྣམ་གྲངས་དང་བརྡ་ཆད་བྱུང་། དུས་ཕྱིས་བོད་ཀྱི་ཟློས་གར་གྱི་ལོ་རྒྱུས་སུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་མཛད་རྗེས་མངོན་པར་བསྟོད་ཆེད་དུ་ཟློས་གར་གྱི་འཁྲབ་གཞུང་ཁྱད་པར་བ་ཞིག་ལ་ཐང་རྒྱལ་རྣམ་ཐར་ཞེས་པ་དང་། ཐང་སྟོང་རྒྱལ་པོའི་མཛད་རྗེས་མཚོན་པའི་སྐུའི་རྣམ་པ་ལའང་ཐང་སྟོང་མུག་སེལ་མ་དང་། ཐང་སྟོང་ལྕགས་ཟམ་མ། ཐང་སྟོང་ཚེ་དཔག་མེད། ཐང་སྟོང་སྨན་རྒྱལ་མ་སོགས་ཀྱི་མིང་གི་རྣམ་གྲངས་དང་དེ་འབྲེལ་གྱི་བརྡ་ཆད་ཅི་རིགས་བྱུང་ནས་དར་ཁྱབ་ཏུ་གྱུར་ཡོད་དོ། །
དྲུག་པ། རོལ་མོ་དང་གླུ་གར་གྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད།
          དེ་ཡང་ཟློས་གར་གྱི་ཡན་ལག་ལྔའི་ཡ་གྱལ་དུ་བགྲང་བ་ནི་རོལ་མོ་པ་ཡིན་ཞིང་། ཟློས་གར་བསྒྱུར་བ་ལ་མེད་དུ་མི་རུང་བ་ནི་རོལ་མོ་ཡིན་པར་གྲུབ། རོལ་མོའི་ཡོན་ཏན་ལའང་《རོལ་མོའི་བསྟན་བཅོས་》ལས། “དད་ལྡན་རྣམས་ཀྱི་མཆོད་པ་དང་། །ཞེས་པ་ནས། དེས་ན་རོལ་མོ་བསྔགས་པ་ཡིན། །” (33)ཞེས་པ་ལྟར། རོལ་མོ་ནི་རྣ་བར་སྙན་ཞིང་ཡིད་ལ་དགའ་བ་བསྐྱེད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། རོལ་མོའི་ནུས་པ་ནི་“མཚོན་བྱའི་མི་སྣ་རིགས་མི་འདྲ་བའི་ལུས་ཀྱི་རྣམ་འགྱུར་དང་ངག་གི་གླུ་དབྱངས་དང་བསྟུན་ནས་རོལ་མོས་རམ་འདེགས་བྱས་པ་ལྟར། རོལ་མོ་མི་འདྲ་བའི་རྣམ་གྲངས་ལ། གླིང་བུ་པི་ཝང་རྫ་རྔ་དང་། །” (34)ཞེས་སོགས་གསུངས་པ་ལྟར། ཟློས་གར་བྱེད་པར་ཉེར་མཁོའི་རོལ་མོ་ལ་རིགས་གསུམ་མམ་ཡང་ན་བཞི་ཙམ་བགྲང་བ་ལ། འབུད་པའི་རོལ་མོ་དང་། བརྡུང་བའི་རོལ་མོ། དཀྲོལ་བའི་རོལ་མོ་སྟེ་འབུད་བརྡུང་དཀྲོལ་གསུམ་ཞེས་གྲགས་པ་དང་། ཕྱིས་སུ་དེ་གསུམ་གྱི་ཁར་རྒྱུད་ཀྱི་རོལ་མོ་བསྣན་ཚེ་འབུད་བརྡུང་དཀྲོལ་རྒྱུད་བཞི་ཞེས་སུའང་འཆད་དོ། །
          ཡང་རོལ་མོའི་སྒྱུ་རྩལ་བཅོ་བརྒྱད་དམ་རོལ་མོའི་བྱེ་བྲག་བཅོ་བརྒྱད་ཅེས་གྲགས་པ་ལ། “རྒྱ་གར་གྱི་རིག་གཞུང་ལས་བཤད་པའི་གནའ་རབས་ཀྱི་རོལ་མོའི་རིག་རྩལ་གྱི་གྲས་ཤིག་སྟེ། གར་མཁན་དང་། བྲོ། རྫ་རྔ་སོགས་སྣ་ཚོགས་ཡོད་” (35)པའི་ཚུལ་གསལ་བ་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལས་རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། རྔ་བོ་ཆེ་དང་རྫ་རྔ་དཀྱུས་མ། རྔ་ཟླུམ་སོགས་བཅོ་བརྒྱད་ཡོད་ཚུལ་བཤད། ཟློས་གར་ཙམ་མིན་པའི་མཆོད་པའི་རྫས་ལས་རོལ་མོའི་ཆ་བྱད་བཅུར་གྲགས་པ་ནི། པི་ཝང་དང་གླིང་བུ་བཅས་བཅུ་ཡིན་པ་《རྒྱུད་》ལས་གསུངས་ལ། མཆོད་པའི་རྫས་ལས་རོལ་མོའི་ཆ་བྱད་བཅུ་གང་དུ་བཀོལ་ཞེ་ན། “ཞི་དང་རྒྱས་དང་དབང་ལ་ནི་བར་ཏའི་བསྟན་བཅོས་ལས་བྱུང་བ་བཞིན་གླུ་དང་གར་ལ་སོགས་པའི་སྒྲ་རོལ་མོའི་ཆ་བྱད་བཅུ་ལ་སོགས་པ་གཞུག་པར་བྱའོ། །” (36)ཞེས་པར་གསལ་ཞིང་། བོད་དུ་རོལ་མོ་བསྡེབས་པའི་དབྱངས་ཀྱི་འདྲེན་ཚུལ་ལ་དབྱངས་ལ་ངེས་པ་བདུན་དང་། དབྱངས་ཀྱི་གྲོང་གསུམ། རྒྱལ་བ་ཉི་ཤུ་རྩ་གཅིགཏ་ན་བཞི་བཅུ་ཞེ་དགུ་ཞེས་པ་སོགས་ཀྱི་བཤད་སྲོལ་ཡོད་དོ། །
          རོལ་མོའི་བསྟན་བཅོས་ཀྱི་སྐོར་ལ། རྒྱ་གར་ལ་དུས་རབས་བདུན་པའི་ནང་དུ་སློབ་དཔོན་ཙནྡྲན་གོ་མིས་བྷ་ར་ཏའི་གཞུང་ལ་གཏུགས་ནས་《རོལ་མོའི་བསྟན་བཅོས་བློ་གསལ་མགུལ་རྒྱན་》ཞེས་པ་མཛད་པར་གྲགས་ཀྱང་བོད་དུ་འགྱུར་མེད་པ་འདྲ། བོད་རང་གི་མཁས་པས་བརྩམས་པ་ལ་ས་སྐྱ་པཎ་ཆེན་གྱིས་མཛད་པའི་《རོལ་མོའི་བསྟན་བཅོས་》ཡིན་ཞིང་། དེའི་རྣམ་བཤད་དམ་འགྲེལ་པ་ནི་ས་སྐྱ་ཨ་མྱེས་ཞབས་ཀྱིས་མཛད་པ་བཞུགས་སོ། །
          དེ་ནས་《སྟོད་གཞས་དང་ནང་མའི་གཞས་ཀྱི་བྱུང་ཚུལ་མདོ་ཙམ་བརྗོད་པ་》ཞེས་པ་ནི་ཞོལ་ཁང་བསོད་ནམས་དར་རྒྱས་ཀྱིས་མཛད་ཅིང་། བརྗོད་དོན་ལ་སྟོད་གཞས་དང་ནང་མའི་བྱུང་འཕེལ་རྒྱས་བཤད་གནང་ཡོད་པར་མ་ཟད། མཛད་པ་པོས་རྩོམ་ཡིག་གི་ཐོག་ནས་《རོལ་མོའི་བསྟན་བཅོས་》དེ་མང་ཚོགས་ཀྱི་ཁྲོད་དུ་རྨང་གཞི་སྲ་བརྟན་དུ་ཡོད་ལ། འཛམ་གླིང་ཡོངས་ཁྱབ་ཀྱི་དབྱངས་ཚིགས་ཀྱི་རྣམ་གཞག་དང་མཐུན་པ་ཞིག་ཀྱང་ཡིན་པ་གསལ་པོར་མངོན་ཞེས་བསྟན་ཡོད། དུས་ཕྱིས་མི་རིགས་དཔེ་སྐྲུན་ཁང་གིས་《རོལ་མོའི་བསྟན་བཅོས་》ཞེས་པའི་དེབ་ཏུ་ས་སྐྱ་པཎ་ཆེན་གྱི་《རོལ་མོའི་བསྟན་བཅོས་》དང་། དེའི་རྣམ་བཤད་ས་སྐྱ་ཨ་མེས་ཞབས་ཀྱིས་མཛད་པ། ཞོལ་ཁང་བསོད་ནམས་དར་རྒྱས་ཀྱིས་མཛད་པའི་《སྟོད་གཞས་དང་ནང་མའི་གཞས་ཀྱི་བྱུང་ཚུལ་མདོ་ཙམ་བརྗོད་པ་》བཅས་དེབ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་ནས་སྤྱི་ལོ་1988ལོའི་ཟླ་10པར་དཔེ་དེབ་གཅིག་གི་རྣམ་པར་པར་དུ་བསྐྲུན། 
          ཟློས་གར་དང་འབྲེལ་བའི་གླུ་གར་བཤད་པ་ལ། བོད་ནི་“གླུ་གར་གྱི་རྒྱ་མཚོ་ཞེས་སྐྱེ་བོའི་ཚོགས་ཀྱིས་རིང་ནས་བསྔགས་པའི་ཡུལ་འདི་གར་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་། སྒྱུ་རྩལ་ཁྱད་ཆོས་ཀྱིས་ཕྱུག་པའི་གཞས་དང་། ཞབས་བྲོ་མཐའ་ཡས་པ་ཞིག་ཡོད་པ་ཡིན།” (37)ཞེས་པ་ལྟར། སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་པ་དང་། གོམ་པ་སྤོ་ཐུབ་པ་ནས་བྲོ་གར་འཁྲབ་ཤེས་པ་ཞེས་གྲགས་ཤིང་། བོད་ལ་གླུ་གར་གྱི་རྣམ་གྲངས་མང་ཞིང་ཕུན་སུམ་ཚོགས་པ་དང་། ནང་དོན་ཟབ་ཅིང་རྒྱ་ཆེ་བ། སྒྱུ་རྩལ་གྱི་ཁྱད་ཆོས་སྣ་ཚོགས་ཀྱིས་ཕྱུག་པའི་རྒྱ་མཚོ་ལྟ་བུར་གྱུར་པའི་འཛམ་གླིང་གི་ཡང་རྩེར་འཚོ་ཞིང་གནས་པའི་མི་རིགས་ཁྱད་པར་བ་ཞིག་ཡིན་ལ། ཟློས་གར་བཤད་པའི་སྐབས་སུ་གླུ་གར་ནི་མི་བཤད་ཐབས་མེད་དུ་གྱུར་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་གོ །
          གླུ་བཤད་པ་ལས་གླུའི་ཡོན་ཏན་ལ། “གླུ་ཡི་ཡོན་ཏན་བསམ་མི་ཁྱབ། །” (38)ཅེས་སོགས་གསུངས་པའི་ཕྱིར་ན། ཀུན་ལ་དགའ་བའི་གླུ་བླང་ངོ་ཞེས་པ་ལྟར། གླུ་ཞེས་པ་ནི་གར་མི་འཁྲབ་པའི་གཞས་དང་། གླུ་ནི་གཞས་ཚིག་འགྱུར་ཁུགས་དང་ལྡན་པའི་དབྱངས་སུ་གྱེར་བ་ལྟར་སྤྱིར་བཏང་དུ་འདོད་ཀྱང་། བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་ལུང་སྤྱི་དང་བྱེ་བྲག་གི་འཚོ་བའི་གནས་སྟངས་དང་དམངས་ཁྲོད་སྒྱུ་རྩལ་གྱི་རྣམ་པ་མི་འདྲ་བའི་དབང་གིས་གླུ་ལ་རིགས་མི་འདྲ་བ་དང་ལེན་སྟངས་མི་འདྲ་བ་མང་པོ་བྱུང་བ་སྟེ། གདངས་ཀྱི་ཁྱད་པར་གྱིས་གླུ་དང་། ལ་ཡི། རྒྱང་གླུ་སོགས་དང་། སེམས་ཁམས་སྐྱིད་སྡུག་གི་ཁྱད་པར་གྱིས་སྐྱིད་གླུ་དང་། སྡུག་གླུ། སྐྱོ་གླུ་སོགས། ཡུལ་བསྟོད་སྨད་ཀྱི་ཁྱད་པར་གྱིས་བསྟོད་གླུ་དང་སྨད་གླུ་སོགས། འཇིག་རྟེན་མཐུན་སྒྲིག་གི་ཁྱད་པར་གྱིས་དགའ་གླུ་དང་། བརྩེ་གླུ། མཐུན་གླུ་སོགས། སྐད་གདངས་མཐོ་དམན་གྱི་ཁྱད་པར་གྱིས་གླུ་གསང་མཐོན་པོ་དང་གླུ་ཆུང་སོགས། མི་རིགས་མི་འདྲ་བའི་ཁྱད་པར་གྱིས་བོད་གླུ་དང་། རྒྱ་གླུ། སོག་གླུ་སོགས་དང་། གཞན་ཡང་གླུ་ཤགས་ཏེ་དབྱངས་ཀྱི་སྒོ་ནས་ཚིག་ཤགས་རྒྱག་རེས་ཞེས་པ་ལྟར་གྱི་གླུ་ཤགས་བཀྱེ་ཚུལ་དང་། གླུ་མ་དབྱངས་ཏེ་ཉམས་མགུར་རམ་མགུར་མ་ལྟར་གྱི་མགུར་མོ་འདེབས་ལུགས།དམངས་གླུ་སོགས་ཀྱི་གླུའི་རིགས་དང་རྣམ་པ། ཁྱད་ཆོས་སོགས་མི་འདྲ་བའི་ཚུལ་དག་ཤེས་རྒྱུ་ནི་གལ་ཆེའོ། །
          ཡང་གླུ་དབྱངས་ནི། གླུ་ཚིག་དབྱངས་རྟ་ལ་སྦྱར་ནས་ལེན་དུ་རུང་བའི་གཞས་ཀྱི་མིང་སྟེ། རྟ་དབྱངས་ངེས་ཅན་ལ་བརྟེན་ནས་གཏོང་བའི་སྙན་ཚིག་རོལ་མོ་དང་བཅས་པ་ལ་གླུ་དབྱངས་ཟེར། གླུ་གཞས་ནི་གླུ་དང་གཞས་ཞེས་པ་ལ་ཟེར་ཞིང་། གླུ་ལེན་པ་དང་གར་འཁྲབ་པ་གཅིག་ཏུ་བྱ་བ་ལ་གླུ་གར་ཞེས་པ་སྟེ། གཞས་དང་ཞབས་བྲོ་དང་། ཁྱད་པར་དུ་གར་ནི། “སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །” (39)ཞེས་པས་ཤེས་དགོས་ཤིང་། དེ་ནི་ཁ་ནས་གླུ་ལེན་ཞིང་ལུས་ཀྱིས་གར་འཁྲབ་པའི་རིག་རྩལ་གྱི་རྣམ་པ་ཞིག་སྟེ་གླུ་ལེན་གར་རྩེད་དང་གླུ་ལེན་བྲོ་འཁྲབ་སོགས་ལྟ་བུ་བྱུང་ཞིང་། གླུ་དབྱངས་ཀྱི་ངེས་པ་ནི་དབྱངས་མཐོ་དམན་གྱི་རིམ་པ་ལ་བཤད་ཅིང་། ཁྱད་པར་དུ་གླུ་ལེན་པ་སོགས་ལ་གླུ་དབྱངས་ཀྱི་ངེས་པ་བདུན་ལྡན་དགོས་པ་ནི་གལ་ཆེ་བར་གསུངས་སོ། །
བདུན་པ། ཟློས་གར་གྱི་རྣམ་གྲངས་དང་བརྡ་ཆད།
          དེ་ཡང་བོད་ཀྱི་ཟློས་གར་དང་ཟློས་གར་རིག་པའི་འཕེལ་འགྱུར་ལས་ཟློས་གར་གྱི་རྣམ་གྲངས་ཅི་རིགས་དང་དེ་དག་ལ་བརྡ་ཆད་ཀྱང་ཐུན་མིན་རེ་བྱུང་ཡོད་དེ། དཔེར་ན་འཆམ་དང་། ཤོན། བྲོ། གར། སྒོར་གཞས། ནང་མ། སྟོད་གཞས། ཀོང་པོའི་མདའ་གཞས། ལྷ་མོ། འབྲོང་རྩེད། བགྲེས་དཀར་ལྟ་བུ་སོགས་དང་། ཡང་དེ་དག་ལ་ནང་གསེས་ཀྱི་དབྱེ་བའི་རྣམ་གྲངས་དང་བརྡ་ཆད་བྱུང་བ་ནི། དཔེར་ན་འཆམ་ལ་སྤྲེལ་འཆམ་དང་། སྟག་འཆམ། སེང་འཆམ། ཤྭ་འཆམ། གླང་འཆམ། ཕུར་འཆམ། རྡོར་འཆམ་སོགས་ལྟ་བུ། གོང་འཕྲོས་ཀྱི་ཤོན་ཞེས་པ་ནི་ཞང་ཞུང་གི་བརྡ་རྙིང་ལ་གླུ་གར་གྱི་དོན་དུ་བཤད་ཅིང་། ཤོན་ལ་ཤོན་རྩེད་དང་ཤོན་དཔོན། དར་ཤོན་སོགས་རིགས་བཅུ་གསུམ་དབྱེ། བྲོ་ལ་རྐང་བྲོ་དང་སྒོར་བྲོ། རྔ་བྲོ། མཆོད་བྲོ། བྲོ་གཞས་སོགས་དང་། སྒོར་གཞས་ལ་ཕུར་བུའི་སྒོར་གཞས་དང་འཕྱིང་ལུང་སྒོར་གཞས། མལ་གྲོའི་སྒོར་གཞས་སོགས། ནང་མ་ལ་ནང་མ་དང་ནང་མའི་གཞས་སོགས་སུ་དབྱེ་ཞིང་། ད་དུང་སྟོད་གཞས་དང་རྒྱ་གཞས། བགྲེས་དཀར་སོགས་ཀྱི་རྣམ་གྲངས་དང་བརྡ་ཆད་ཐུན་མོང་མ་ཡིན་པའི་འགྲེལ་བཤད་ཕྲན་བུ་ཙམ་ནི་《བོད་རྒྱ་ཚིག་མཛོད་ཆེན་མོ་》དང་། 《བོད་ཀྱི་རིག་གནས་ལྔའི་རྣམ་གཞག》 《བོད་ཀྱི་རིག་གནས་རྣམ་བཤད》《ཀྲུང་གོའི་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་པོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང་》སོགས་སུ་བོད་ཡིག་གིས་བྲིས་ཡོད་པ་དང་། གཞན་རྒྱ་ཡིག་དང་དབྱིན་ཡིག་སོགས་ཀྱི་ལམ་ནས་བྲིས་པའི་བོད་ཀྱི་ཟློས་གར་སྐོར་ཀྱི་དཔེ་དེབ་དང་དཔྱད་རྩོམ་དག་ཏུ་ཟུར་ཙམ་རེ་སྣང་ཡང་། ཟློས་གར་སྐོར་གྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད་ཆ་ཚང་བ་ཞིག་དང་གཅིག་གྱུར་གྱི་འགྲེལ་སྟངས་སོགས་ནི་ཤིན་ཏུ་དཀོན་པར་སྣང་ངོ་། །
          མཇུག་བསྡོམས།
          སྤྱིར་བཏང་གུས་པས་ཐོག་མར་བོད་ཀྱི་ཟློས་གར་དང་ཟློས་གར་རིག་པའི་སྐོར་མདོར་བསྡུས་གླེང་བའི་དཔྱད་རྩོམ་ཞིག་གི་འབྲི་འགོ་བཟུང་བ་ཡིན། ནང་དོན་གྱི་རིམ་པ་ལའང་ཟློས་གར་དང་ཟློས་གར་རིག་པའི་གོ་དོན་དང་། ཟློས་གར་གྱི་བརྗོད་བྱ། བོད་འགྱུར་ཟློས་གར་གྱི་བསྟན་བཅོས། བོད་ལུགས་ཟློས་གར་གྱི་རྣམ་ཐར་ཆེན་པོ་བརྒྱད། གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་ཨ་ལྕེ་ལྷ་མོའི་བྱུང་བ། ཟློས་གར་དང་འབྲེལ་བའི་རོལ་མོ་དང་གླུ་གར་བཅས་པའི་སྐོར་ནས་བྲི་བསམས་མོད། དཔྱད་རྩོམ་འབྲི་འགོ་བཟུང་ནས་བྲིས་ཚེ་དཔྱད་རྩོམ་ཞེས་པའི་མིང་དོན་གཉིས་ལྡན་གྱི་རྩོམ་ཡིག་ཆ་ཚང་ཞིག་ཏུ་འགྱུར་མ་སོང་། དེ་ཡང་ཕྱོགས་གཅིག་ནས་གུས་པ་རང་ངོས་ནས་བོད་ཀྱི་ཟློས་གར་རིག་པའི་གཞུང་ལུགས་ཀྱི་གོ་རྒྱ་དང་མཐོང་ཐོས་ཉུང་བ་དང་། གཉིས་ནས་ཟློས་གར་འཁྲབ་སྟོན་བྱ་བའི་ལག་ལེན་དངོས་ཀྱི་ཉམས་མྱོང་སོགས་གང་ཡང་མེད་པ། གསུམ་ནས་བོད་ཀྱི་ཟློས་གར་དང་ཟློས་གར་རིག་པའི་གཞུང་ལུགས་ཀྱི་རྣམ་བཤད་ཆ་ཚང་ཞིང་ཚད་ལྡན་ཞིག་ནི་མཐོང་བའི་ཡུལ་དུ་མ་གྱུར་པ། བཞི་ནས་ཟློས་གར་དང་རོལ་མོ། གླུ་གར་སོགས་ཀྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད་སོགས་ཀྱི་ཁུངས་གང་ལ་གཏུགས་པ་དང་། དགོས་ངེས་ཀྱི་འགྲེལ་བཤད་ཆ་ཚང་བ་དང་། གོ་བདེ་བ། ཚད་ལྡན་ཡིན་པ་སོགས་ལ་ཡིག་ཆའི་ཁུངས་བཙན་དང་བཤད་ཚུལ་རྣམ་དག་ཡིན་མིན་ལ་ངེས་རྙེད་མེད་པ་བཅས་པའི་རྐྱེན་གྱིས་གུས་པས་དཔྱད་རྩོམ་མིང་དོན་མཚུངས་པ་ཞིག་འགྲུབ་ཐུབ་མ་སོང་མོད། གལ་སྲིད་གུས་པས་དཔྱད་རྩོམ་འབྲི་བའི་གནད་དོན་དང་དཀའ་ངལ་ལ་གཞིགས་ཏེ་བོད་ཀྱི་ཟློས་གར་དང་། རོལ་མོ། གླུ་གར་སོགས་ཀྱི་ཤེས་བྱའི་རྣམ་གྲངས་དང་བརྡ་ཆད་སྐོར་གྱི་ཚིག་མཛོད་ཅིག་རྩོམ་སྒྲིག་བྱ་བའི་རེ་སྐུལ་ཞུ་བ་ནི་རྩོམ་འདི་འབྲི་བའི་དགོས་པ་ཡིན་ནོ། །
          དཔྱད་གཞིའི་ཡིག་ཆ།
          ①བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་རྩོམ་སྒྲིག་བྱས། 《བརྡ་དཀྲོལ་གསེར་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ》 [Z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས་1
          ②བཙུན་པ་ཚུལ་ཁྲིམས་རིན་ཆེན། 《བོད་ཀྱི་རིག་གནས་ལྔའི་རྣམ་གཞག》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས་40
          ③ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། རྡོ་རྗེ་རྒྱལ་པོ་དང་ཐུབ་བསྟན་ཉི་མས་བསྒྲིགས། 《ཤེས་བྱ་ཀུན་ཁྱབ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་464
          ④⑤ 《ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ》 (གླེགས་བམ་དང་པོ) [G] 《གངས་ཅན་རིག་མཛོད། དེབ་20》 ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་666; 667
          ⑥ཤར་ཡུལ་ཕུན་ཚོགས་ཚེ་རིང་། 《བོད་ཀྱི་རིག་གནས་རྣམ་བཤད》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་536
          ⑦ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། རྡོ་རྗེ་རྒྱལ་པོ་དང་ཐུབ་བསྟན་ཉི་མས་བསྒྲིགས། 《ཤེས་བྱ་ཀུན་ཁྱབ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་464
          ⑧བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། 《བསྟན་འགྱུར》 མངོན་པ། ཀུ 155 《ཆོས་མངོན་པའི་མཛོད་ཀྱི་བཤད་པ》 [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། གློག་རྡུལ་བཟོ་ལས་དཔེ་སྐྲུན་ཁང་། 2018ལོ། དེབ་79- ལྡེབ་508
          ⑨དག་ཡིག་འདིའི་རྩོམ་སྒྲིག་ཚན་ཆུང་གིས་བརྩམས། 《དག་ཡིག་གསར་བསྒྲིགས》 [Z] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་723
          ⑩ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས། 《བོད་རྒྱ་ཚིག་མཛོད་ཆེན་མོ》 (སྨད་ཆ) [Z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས་2486
          ⑪⑬འཇུ་མི་ཕམ། 《མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས》 [M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས་98; 205
          ⑫བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། བསྟན་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས། 《བསྟན་བཅོས་འགྱུར་རོ་ཅོག་པར་དུ་སྒྲུབ་པའི་ཚུལ་ལས་བརྩམས་པའི་གཏམ་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ》 [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། གློག་རྡུལ་བཟོ་ལས་དཔེ་སྐྲུན་ཁང་། 2018ལོ། དེབ་122-ལྡེབ་810
          ⑭བཙུན་པ་ཚུལ་ཁྲིམས་རིན་ཆེན། 《བོད་ཀྱི་རིག་གནས་ལྔའི་རྣམ་གཞག》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས་7
          ⑮《ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ》 (གླེགས་བམ་དང་པོ) [G] 《གངས་ཅན་རིག་མཛོད། དེབ་20》 ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་666
          ⑯《རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་གསུམ་པ་བཞུགས་སོ》 [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། 1997ལོ། ཤོག་ངོས་443
          ⑰⑱⑲ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། རྡོ་རྗེ་རྒྱལ་པོ་དང་ཐུབ་བསྟན་ཉི་མས་བསྒྲིགས། 《ཤེས་བྱ་ཀུན་ཁྱབ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་463; 463; 463
          ⑳དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》 [Z] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་1819
          (21)དཀོན་མཆོག་བསྟན་འཛིན། 《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》 [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་271
          (22)《ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ》 (གླེགས་བམ་དང་པོ) [G] 《གངས་ཅན་རིག་མཛོད། དེབ་20》 ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་666
          (23)དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》 [Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་1819
          (24)《རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་གསུམ་པ་བཞུགས་སོ》 [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། 1997ལོ། ཤོག་ངོས་730
          (25)(26)བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། བསྟན་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས། 《བསྟན་བཅོས་འགྱུར་རོ་འཚལ་གྱི་ཆོས་སྦྱིན་གྱི་སྤྲིན་ཕུང་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ཆུ་གཏེར་འཕེལ་བའི་ཟླ་གསར》 [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། གློག་རྡུལ་བཟོ་ལས་དཔེ་སྐྲུན་ཁང་། 2018ལོ། དེབ་121-ལྡེབ་324; དེབ་121-ལྡེབ་324
          (27)བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། 《བསྟན་འགྱུར》 སྐྱེས་རབས། ཨུ 184 《ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར》 [G]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། གློག་རྡུལ་བཟོ་ལས་དཔེ་སྐྲུན་ཁང་། 2018ལོ། དེབ་94-ལྡེབ་1606 
          (28)བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། 《བསྟན་འགྱུར》 སྐྱེས་རབས། ཨུ 184 《འཇིག་རྟེན་ཀུན་དུ་དགའ་བའི་ཟློས་གར་ཞེས་བྱ་བ》[G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། གློག་རྡུལ་བཟོ་ལས་དཔེ་སྐྲུན་ཁང་། 2018ལོ། དེབ་94-ལྡེབ་1523
          (29)ཞོལ་ཁང་བསོད་ནམས་དར་རྒྱས། 《གླུ་གར་ཚངས་པའི་ཆབ་རྒྱུན》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས་5
          (30)《རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་གསུམ་པ་བཞུགས་སོ》 [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས་730
          (31)《རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་གསུམ་པ་བཞུགས་སོ》 [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། 1997ལོ། ཤོག་ངོས་304
          (32)ཞོལ་ཁང་བསོད་ནམས་དར་རྒྱས། 《གླུ་གར་ཚངས་པའི་ཆབ་རྒྱུན》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས་8
          (33)(34)ས་པཎ་ཀུན་དགའ་རྒྱལ་མཚན། 《རོལ་མོའི་བསྟན་བཅོས》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་1; 10
          (35)དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》 [Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་1933
          (36)བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། 《བསྟན་འགྱུར》 རྒྱུད། ཇ 8 《རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་ཆེན་དཔལ་ཀུན་དུ་ཁ་སྦྱོར་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་བཤད་པ་རིན་ཆེན་ཕྲེང་བ》 [G] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། གློག་རྡུལ་བཟོ་ལས་དཔེ་སྐྲུན་ཁང་། 2018ལོ། དེབ་4-ལྡེབ་998
          (37)ས་པཎ་ཀུན་དགའ་རྒྱལ་མཚན། 《རོལ་མོའི་བསྟན་བཅོས》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་87
          (38)བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། 《བཀའ་འགྱུར》 རྙིང་རྒྱུད། ཁ 102 《དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་རྣལ་འབྱོར་གྲུབ་པའི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ》 [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། གློག་རྡུལ་བཟོ་ལས་དཔེ་སྐྲུན་ཁང་། 2018ལོ། དེབ་102-ལྡེབ་232 
          (39)བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། 《བཀའ་འགྱུར》 རྙིང་རྒྱུད། ཁ 102 《དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ》 [G] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། གློག་རྡུལ་བཟོ་ལས་དཔེ་སྐྲུན་ཁང་། 2018ལོ། དེབ་102- ལྡེབ་316