ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ལོ་ཙཱའི་ཁྲོད་བརྩི་སྲུང་བྱ་དགོས་པའི་རྩ་དོན་ལ་ཅུང་ཟད་དཔྱད་པ།

སྤེལ་དུས 2022-02-17 ཡོང་ཁུངས། བོད་ཀྱི་སློབ་གསོ། རྩོམ་པ་པོ། སྟོབས་ལྡན་བཀྲ་ཤིས།
[གནད་བཏུས] དཔྱད་རྩོམ་འདིར་སྒྲ་སྒྱུར་གྱི་བསྟན་བཅོས་སྒྲ་སྦྱོར་བམ་པོ་གཉིས་ལས་གཏན་ལ་ཕབ་པའི་སྒྲ་སྦྱོར་ཚུལ་དང་སྐད་སྒྱུར་གྱི་རྩ་དོན་ལོ་ཙཱའི་ལས་དོན་ལ་ཞུགས་མཁན་དག་གིས་བརྩི་དགོས་པ་དང་། སྒོས་སུ་གཞན་གྱི་ཕུལ་བྱུང་རིག་གནས་ལེན་ཅི་ཐུབ་བྱེད་པའི་དེང་གི་སྐབས་འདིར། ལོ་ཙཱ་པའི་ལས་ལ་ཞུགས་མཁན་དག་གིས་སྒྲ་སྦྱོར་བམ་གཉིས་ཀྱི་བསྟན་བཅོས་འདིར་བསླབ་པར་བྱ་དགོས་པའི་སྐོར་གླེང་བརྗོད་བྱས་ཡོད།
[གནད་ཚིག] སྒྲ་སྦྱོར་བམ་གཉིས། རྩ་དོན། བཀས་བཅད། ལོ་ཙཱ་པ།
          མི་རིགས་གང་ཡིན་ཡང་དེའི་རིག་གནས་འཕེལ་རྒྱས་གོ་རིམ་ཁྲོད་ལོ་ཙཱའི་ནུས་པ་མི་དམན་པ་ཐོན་ཡོད། རང་རེའི་བོད་ཀྱི་རིག་གནས་ཀྱང་ལོ་ཙཱ་ལ་བརྟེན་ནས་འཕེལ་རྒྱས་ཆེན་པོ་བྱུང་བ་རེད། དེས་ན་ལོ་ཙཱའི་རྩ་དོན་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་ནི་ལོ་ཙཱའི་བྱ་བ་སྒྲུབ་མཁན་ཞིག་ལ་མཚོན་ན་ངེས་པར་དོ་སྣང་བྱ་ཡུལ་དུ་གྱུར་འདུག
          མི་རིགས་དང་དུས་རབས་མི་འདྲ་བ། ལྷག་པར་དུ་བསྒྱུར་བྱ་གཞུང་རང་ངོས་ཀྱི་ཁྱད་ཆོས་དང་དེ་ཉིད་རང་སྐད་དུ་བསྒྱུར་བའི་དམིགས་ཡུལ་སོགས་མི་འདྲ་བའི་དབང་གིས། བསྒྱུར་གྱི་རྩ་དོན་ལའང་གནས་སྐབས་སོ་སོར་འཇོག་སྟངས་མི་འདྲ་བར་འབྱུང་སྲིད། དེས་ན་བོད་བཙན་པོའི་དུས་ཀྱི་བསྒྱུར་གྱི་རྩ་དོན་གང་ཞེ་ན། དེ་ནི་གཞུང་ལས། “ཆོས་ཀྱི་སྐད་བོད་ལ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས།”ཞེས་པ་ལྟར་སྐབས་དེའི་ལོ་ཙཱའི་ལག་ལེན་ལས་བྱུང་བའི་གནད་དོན་འདིར་ཆེད་དུ་དམིགས་ནས་གཏན་དུ་འཁེལ་བ་སྟེ། “ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་བྱུང་བ་དང་། གནའི་མཁན་པོ་ཆེན་པོ་ནཱ་ག་རྫུ་ན་དང་། བ་སུ་བནྡྷུ་ལ་སོགས་པ་ཇི་ལྟར་བཤད་པ་དང་། བྱཱ་ཀ་ར་ཎའི་སྒྲའི་ལུགས་ལ་ཇི་སྐད་དུ་འདྲེན་པ་དང་ཡང་བསྟུན… …”ཞེས་པ་ལྟར་ཐེག་པ་ཆེ་ཆུང་གི་ཆོས་གཞུང་དང་མཐུན་དགོས་ལ་བྱཱ་ཀ་ར་ཎའི་ལུགས་དང་མཐུན་དགོས་ཞེས་རྩ་དོན་གཉིས་ཙམ་བསྟན་ཡོད། རྩ་དོན་འདི་ནི་དུས་སྐབས་དེར་དམ་པའི་ཆོས་ཐེག་པ་ཆེ་ཆུང་སྟེ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པའི་གཞུང་རྣམས་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་བ་ཁོ་ནར་དམིགས་ནས་བཏོན་པ་ཞིག་སྟེ། རྩ་དོན་དང་པོ་ལྟར་ན་སངས་རྒྱས་ཀྱིས་བསྟན་པའི་ཟབ་མོ་ཆོས་ཀྱི་ལམ་དང་ཐབས་ཀྱི་སྙིང་པོ་རྣམས་མ་འཁྲུལ་མ་བསླད་པར་དགོངས་དོན་ཇི་ལྟ་བ་བཞིན་བོད་སྐད་དུ་སྤེལ་བར་བྱ་བ་ལ། བཤད་སྒྲུབ་ཀྱི་ཤིང་རྟ་ཆེན་པོ་མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་དབྱིག་གཉེན་སོགས་ཀྱིས་གསུང་རབ་ཀྱི་དགོངས་དོན་ཇི་ལྟར་འགྲེལ་བ་དེ་ཁོ་ནར་གཞི་བཅོལ་དགོས་པར་བསྟན། འདི་ནི་གཙོ་བོ་བསྒྱུར་བྱའི་གཞུང་གང་གི་བརྗོད་དོན་ཉིད་ཆད་ལྷག་དང་ནོར་འཛོལ་མེད་པར་ཇི་བཞིན་མཚོན་དགོས་པར་བྱ་བ་ལས། རྗོད་བྱེད་ཚིག་གི་སྦྱོར་བ་ཡན་ཆད་མ་ཡིག་ལ་བསྟུན་དགོས་པའི་རེ་བ་བཏོན་པ་མིན།
          རྩ་དོན་གཉིས་པ་ལྟར་ན། དེའི་སྔོན་བོད་དུ་མ་གྲགས་པའི་མིང་དང་ཐ་སྙད་རྣམས་ལ་མིང་གསར་དུ་བཏགས་པ་རྣམས་ལས། ཁ་ཅིག་སྒྲའི་ལུགས་དང་མི་མཐུན་པ་དང་། ལོ་ཙཱ་པ་སོ་སོའི་ཡུལ་སྐད་ཀྱི་ཚིག་ལྷད་ཞུགས་པས་གོ་མི་བདེ་ཞིང་ཚིག་དོན་འཁྲུལ་ཉེན་ཅན་ཡང་མཆིས་པས། མི་བཅོས་ཐབས་མེད་ཡིན་པ་རྣམས་འཆོས་དགོས། དེ་བཞིན་དུ་ཕྱིན་ཆད་བརྡ་གསར་བ་བསྒྱུར་དགོས་པ་གང་ཞིག་ཀྱང་བྱཱ་ཀ་ར་ཎའི་སྒྲའི་ལུགས་ཏེ་བརྡ་སྤྲོད་རིག་པའི་སྤྱི་ཁོག་གི་ཟླས་དྲངས་པ་ལས་ཇི་སྐད་བཤད་པ་བཞིན་དུ་སྦྱོར་དགོས་པར་བསྟན། འདི་ནི་གཙོ་བོ་སྒྱུར་བྱེད་བོད་སྐད་ཀྱི་སྦྱོར་སྟངས་ལ་དམིགས་ནས་བཏོན་པ་སྟེ། གསར་དུ་བཏགས་པའི་མིང་བརྡ་དང་ཡང་ན་ཚིག་གི་ཕྲེང་བ་གང་ཞིག་ཀྱང་བོད་རང་གི་བརྡ་སྤྲོད་རྣམ་གཞག་དང་སྐད་ཆའི་ལུགས་སྲོལ་སོགས་དང་ངེས་པར་དུ་མཐུན་པར་བྱས་ནས་བོད་མི་རང་གིས་གོ་བདེ་ཞིང་དང་ལེན་བྱེད་ནུས་པ་ཞིག་ཡིན་དགོས་པར་བསྟན་ཡོད། གོང་གི་རྩ་དོན་འདི་གཉིས་ནི་འབྲེལ་མེད་ཕུང་བོ་གཅིག་ཏུ་གྱུར་པ་ཞིག་སྟེ། དང་པོས་བསྒྱུར་བྱ་མ་ཡིག་གི་བརྗོད་དོན་ཇི་ལྟ་བ་བཞིན་ཐོན་དགོས་པར་བསྟན་ལ། གཉིས་པས་སྒྱུར་བྱེད་གང་ཉིད་བོད་རང་གི་སྒྲའི་ལུགས་དང་མཐུན་དགོས་པར་བསྟན་ཡོད། དེས་ན་རྩ་དོན་འདི་གཉིས་ཀྱིས་བསྒྱུར་བྱ་སྒྱུར་བྱེད་གཉིས་ཀའི་ཐད་ལ་བརྗོད་བྱ་དང་རྗོད་བྱེད་གཉིས་ཀྱི་ཕྱོགས་ནས་རེ་བ་བཏོན་འདུག རྒྱུ་མཚན་དེའི་དབང་གིས་ལོ་ཙཱའི་བྱ་བ་སྒྲུབ་མཁན་ཞིག་ཡིན་ཕྱིན་བསྒྱུར་གྱི་རྩ་དོན་ལ་ངེས་པར་དུ་བརྩི་སྲུང་དང་ལག་ལེན་བྱ་དགོས། བོད་རྒྱལ་ཁྲི་ལྡེ་སྲོང་བཙན་གྱིས་བཀའ་ཁྲིམས་སུ་གཏན་འཁེལ་བྱས་པའི་སྒྲ་སྦྱོར་བམ་གཉིས་ལས་བསྒྱུར་གྱི་རྩ་དོན་དང་ཚད་གཞི། བྱེ་བྲག་གི་སྒྱུར་ཐབས་སོགས་བསྟན་ཡོད་པ་ལས་གཞན་ད་དུང་འབྲེལ་ཡོད་ཀྱི་ལོ་ཙཱའི་སྒྲིག་སྲོལ་ཡང་ཅུང་ཞིབ་ཚགས་སུ་གཏན་ཕབ་མཛད་འདུག་སྟེ། གཞུང་ལས། “སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་ཡང་འཆོས་ཤིག་འོག་ཏུ་མིང་གསར་དུ་འདོགས་སུ་མི་རུང་གནང་གིས། བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་སུ་མི་གནང་གིས། བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང་། སོ་སོའི་གྲྭ་གྲྭར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང་། ཆོས་ལ་ཇི་སྐད་དུ་གདགས་པ་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ།།”ཞེས་སོགས་ཀྱི་གཙོ་བོ་སྐབས་དེ་དུས་ཀྱི་ལོ་པཎ་རྣམས་ཀྱིས་དོ་སྣང་བྱེད་དགོས་པའི་དོན་ཚན་བཞི་ཙམ་གཏན་དུ་ཕབ་པ་སྟེ།
          གཅིག ཞེ་སའི་ཐ་སྙད་རྒྱས་བསྡུས་སྐབས་དང་འཚམ་པར་བྱ་སྟེ། ཞེ་ས་སྦྱོར་ཡུལ་གྱི་བབ་དང་བསྟུན་ནས་ཞེ་ཚིག་རྒྱས་བསྡུས་སྣ་ཚོགས་སྦྱོར་བ་ཡིན། དེ་ཡང་སངས་རྒྱས་ཀྱི་མཚན་ལ་ཡོན་ཏན་གྱི་རྣམ་གྲངས་ཅི་ཙམ་ཡོད་པ་རྒྱས་པར་བརྗོད་དགོས་པ་དང་། དེ་འོག་གི་བྱང་སེམས་དང་ཉན་ཐོས་ལ་སོགས་རིམ་པ་བཞིན་ཞེ་སའི་ཚིག་སྦྱོར་རྒྱས་སྡུད་འབྲིང་པོ་མན་ཆད་བབ་དང་བསྟུན་ནས་སྦྱོར་དགོས།
          གཉིས། བཀས་བཅད་རྩ་དོན་རྣམས་སྒྱུར་པ་པོ་ཚང་མས་བརྩི་སྲུང་བྱ་དགོས་ཏེ། གཞུང་ལས། རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ། ཅེས་གསུངས་ཏེ། བཀས་བཅད་གཏན་ལ་ཕབ་ནས་དཀར་ཆག་ཏུ་བཀོད་པའི་ཚད་ལྡན་ངོས་བཟུང་གི་ཐ་སྙད་རྣམས་ཚང་མས་བརྩི་འཇོག་དང་ལག་བསྟར་རྩེ་གཅིག་ཏུ་ཞུ་དགོས་པ་ལས་གང་འདོད་དུ་བཟོ་བཅོས་བྱ་མི་རུང་བ་བསྟན་ཡོད།
          གསུམ། དཀར་ཆག་ཏུ་མ་ཚུད་པའི་མིང་གསར་བ་འདོགས་དགོས་པ་བྱུང་ན། འོལ་ཚོད་ཀྱིས་བསྒྱུར་ཏེ་མིང་དུ་མི་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་གསུངས་པ་ཇི་བཞིན་དུ་ནན་ཏན་གྱིས་ཞིབ་དཔྱོད་བྱས་པའི་བསམ་འཆར་རྣམས་རྒྱལ་པོ་དང་བློན་པོ། ལོ་ཙཱ་པ། མཁན་པོ་བཅས་འཚོགས་པའི་གྲལ་དུ་ཕུལ་ཞིང་སྙན་དུ་ཞུས་ནས་གཏན་ལ་ཕབ་དགོས།
          བཞི། བཀས་བཅད་གནང་རྗེས་གཞི་ནས་བསྒྱུར་ཆོག་པའི་བཀའ་ཕབ་པ་རྣམས་མ་གཏོགས་ལོ་ཙཱ་པ་རྣམས་ཀྱིས་གང་འདོད་དུ་བསྒྱུར་མི་ཆོག་པ་བཅས་སོ།། གོང་གསལ་དག་ནི་བོད་བཙན་པོའི་རིང་གཏན་དུ་འཁེལ་བའི་ལོ་ཙཱའི་གཞུང་སྒྲ་སྦྱོར་བམ་གཉིས་སུ་གཏན་ལ་ཕབ་པའི་ལོ་ཙཱ་པའི་ཡིག་སྒྱུར་གནང་སྐབས་དོ་སྣང་དང་བརྩི་སྲུང་བྱ་དགོས་པའི་སྒྲིག་སྲོལ་དག་ཡིན་ཙ་ན། དེང་སྐབས་ལོ་ཙཱའི་ལས་དོན་ལ་ཞུགས་མཁན་ཀུན་པོས་དུས་ནམ་ཡང་བོད་ཀྱི་ལོ་ཙཱའི་གཞུང་ཉིད་ལ་བསླབ་པ་སློབ་གཉེར་དང་ལག་ལེན་དུ་བསྟར་རྒྱུ་ནི་ཁ་ཚ་དགོས་གཏུགས་ཆེ་བའི་གནད་དམ་པ་ཡིན་འདོད་དོ། །
          མི་རིགས་ཤིག་གི་རིག་གནས་སྣ་མང་ཅན་དང་འཕེལ་རྒྱས་སུ་གཏོང་དགོས་ན་སྐད་རིགས་མི་འདྲ་བར་སློབ་སྦྱོང་དང་བསམ་བློ་བརྗེ་རེས་བྱེད་དགོས། སྐད་རིགས་མི་འདྲ་བར་སློབ་སྦྱོང་བྱེད་ན་མེད་མི་རུང་བ་ནི་ལོ་ཙཱའི་ཐབས་ལམ་ཉིད་ལ་བརྟེན་དགོས། དེས་ན་ང་ཚོ་བོད་ཀྱི་རིག་གནས་འདི་དེང་སྐབས་འཛམ་གླིང་ན་སྐད་གྲགས་ཆེ་བའི་རྒྱུ་མཚན་ཡང་གོང་དུ་ཞུས་ཟིན་པ་བཞིན་མེས་པོ་གོང་མ་དག་གི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་ལོ་ཙཱའི་གཞུང་ལུགས་དང་བསྟུན་ཏེ། དེ་ལ་བཀས་བཅད་བྱས་པའི་མཇུག་འབྲས་བཟང་པོའི་དབང་གིས་རང་ཅག་ལ་རིག་གནས་ཆེ་ཆུང་བཅུའི་མཚོན་པའི་མི་རིགས་གཞན་ལ་ངོམ་ཆོག་པ་དང་གཞན་གྱིས་ཡིད་སྨོན་འཆོར་ཡུལ་དུ་གྱུར་པའི་རིག་གནས་བང་མཛོད་འདི་ཉིད་འཛམ་གླིང་མི་རིགས་ཁག་གི་མིག་ལམ་དུ་བསྟར་ཆོག་པའི་རིག་གནས་དེ་ཡང་ལོ་ཙཱ་ལ་བརྟེན་ནས་བྱུང་བ་ནི་སྨོས་མེད་རེད་དེ། དེང་སྐབས་ང་ཚོ་ལོ་ཙཱ་པ་དག་གིས་ཀྱང་གཞུང་ལུགས་དང་ལག་ལེན་ཟུང་དུ་སྦྲེལ་རྒྱུ་གལ་འགངས་ཤིན་ཏུ་ཆེ་ཞིང་ལོ་ཙཱའི་གཞུང་ལུགས་ལ་རང་གི་མིག་འབྲས་ལ་གཅེས་པ་ཇི་བཞིན་སློབ་གཉེར་ཚུལ་བཞིན་དུ་གནང་ན་རང་ཅག་གི་ལོ་ཙཱའི་ལས་དོན་འདི་སྔར་ལས་འཐུས་ཚང་དུ་འགྱུར་ངེས་ཡིན།
          མདོར་ན། མི་རིགས་གཞན་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་མིང་དུ་བཏགས་པ་རྣམས་ལ་དག་བཅོས་དང་གཞུང་ཚད་བམ་གྲངས་ངེས་པ་བྱེད་པ། གསར་དུ་བསྒྱུར་བ་རྣམས་སྒྲ་དང་དོན་ལྟར་བསྒྱུར་ན་སྒྲའི་ལུགས་དང་མཐུན་དགོས་ལ། སྒྲ་དང་དོན་གང་རུང་གིས་བསྒྱུར་བའི་ཐབས་ལའང་བོད་སྐད་ལ་བདེ་བ་དང་དོན་མ་ནོར་བ། གོ་བ་བསྐྱེད་ཐུབ་པ་ཡོང་དགོས་པ། ཡུལ་དང་སེམས་ཅན་མེ་ཏོག་དང་རྩི་ཤིང་ལྟ་བུར་སོར་འཇོག་བྱེད་པ། གསང་སྔགས་ཀྱི་གཞུང་རྣམས་གོང་ནས་བཀའ་ཕབ་ན་མ་གཏོགས་གང་འདོད་དུ་བསྒྱུར་མི་ཆོག་པ། བསྒྱུར་བ་དང་འཆད་པའི་གྲྭར་ཡང་བཀས་བཅད་པ་ལྟར་འཛིན་པ། བརྡ་ཆད་གསར་བ་འདོགས་ན་ངེས་པར་དུ་ལོ་པཎ་གྱི་གྲྭར་ཕུལ་ནས་གཏན་ལ་ཕབ་དགོས་པ་སོགས་བཙན་པོའི་བཀས་བཅད་ལྟར་སྒྲ་སྒྱུར་གྱི་བསྟན་བཅོས་སྒྲ་སྦྱོར་བམ་པོ་གཉིས་པ་འདིའི་གཏན་ལ་ཕབ་ཡོད་པ་ཇི་བཞིན་དུ་བསྒྱུར་བ་ལས། ད་ལྟ་ནང་བཞིན་གང་འདོད་དང་གར་ཤར་དུ་བསྒྱུར་ན་བཞད་གད་ཀྱི་གནས་སུ་འགྱུར་ངེས་ཆེ།། 
དཔྱད་གཞིའི་ཡིག་ཆ།
[1] བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གིས་བསྒྲིགས། སྒྲ་སྦྱོར་བམ་པོ་གཉིས་པ། [M] མི་རིགས་དཔེ་སྐྲུན་ཁང་། 2003
[2] ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། [M] མི་རིགས་དཔེ་སྐུན་ཁང་། 1987
[3] མཚོ་སྔོན་སྤྱི་ཚོགས་ཚན་རིག [J] 2018(5)
[4] ཀྲུང་གོའི་བོད་རིག་པ། [J] 2018(2)