དང་པོ། གླེང་གཞི།
དེ་ཡང་སྤྱིར་སྔགས་བཅོས་རིག་པ་ནི་བོད་ཀྱི་གསོ་རིག་གི་ཆ་ལག་མེད་དུ་མི་རུང་བ་ཞིག་དང་། བོད་བརྒྱུད་ནང་བསྟན་གྱི་གཞན་ཕན་ནད་ཀྱི་སྡུག་བསྔལ་སེལ་བའི་ཆོ་ག་གལ་ཆེན་ཞིག་ཡིན་ལ། སྔགས་ཞེས་པའི་ཐ་སྙད་ཀྱི་གོ་དོན་ནི། སྔགས་རིམ་ཆེན་མོར་འདི་ལྟར་གསུངས་ཏེ། གསང་ཞིང་སྦས་པས་འགྲུབ་ལ་སྣོད་མིན་གྱི་ཡུལ་མིན་པས་དེ་ལ་མི་བསྟན་པས་ན་གསང་བའོ། །སྔགས་ཀྱི་སྐད་དོད་མནྟྲ་ཡ་ཡིན་ལ། མ་ནཱ་ནི་ཡིད། ཏྲ་ཡ་ནི་སྐྱོབ་པའི་དོན་ཡིན། འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མཱན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱི་བསྲུངས་པ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་དང་། 《དུང་དཀར་ཚིག་མཛོད་ཆེན་མོ》ལས། གསང་སྔགས་ཏེ་གསང་ཞིང་སྦས་པའི་སྒོ་ནས་བསྒྲུབས་ན་འགྲུབ་ཐུབ་པ་ཞིག་ཡིན། སྔགས་ཞེས་ལེགས་སྦྱར་གྱི་སྐད་དུ་མནྟྲཿཞེས་ཟེར་ཞིང་། དེ་ཡང་རང་གི་ཡིད་ཐ་མལ་རང་དགའ་བའི་སྣང་བ་དང་ཞེན་པ་ལས་སྐྱོབ་པར་བྱེད་ཐུབ་པའི་དོན། ཞེས་གསུངས་པ་བཞིན་ཡིད་ལ་སྡུག་བསྔལ་སོགས་མི་འདོད་པའི་ཆོས་ཀུན་གྱི་འཚེ་བ་ལས་སྐྱོབ་པར་བྱེད་པའི་བདེན་པའི་ཐབས་ལམ་ཡང་དག་པ་ཞིག་ཡིན་པ་རྟོགས་ཐུབ།
གཉིས་པ། བོད་ཀྱི་སྔགས་བཅོས་རིག་པ་འཕེལ་རྒྱས་ཇི་ལྟར་བྱུང་ཚུལ།
གནའ་བོའི་དུས་སུ་སྔ་རབས་པ་རྣམས་ཀྱིས་ནམ་མཁའ་ལ་ལྷ་གནས་པ། མཚོ་དང་ཆུ་ལ་ཀླུ་གནས། བྲག་སོགས་ལ་བཙན་གནས། མི་དང་ལྷན་དུ་བདུད་གནས་པ། རི་ལ་གཉན་གནས་པ། ས་འོག་ལ་ས་བདག་གནས་པ་ལ། གདོན་ཞེས་གོང་གི་ལྷ་ཀླུ་གཉན་གསུམ་གང་རུང་མ་རུངས་པར་གྱུར་བ་འདིར་གནས་པའི་གནོད་སྦྱིན་དང་བདུད་སྲིན་སོགས་ལ་འབྱུང་ནུས་ཕྲ་མོ་མངའ་བ་སྟེ་སྒྲ་དང་དབྱིབས་སོགས་ཀྱི་རྟེན་འབྲེལ་གྱི་ནུས་པ་ཤེས་པས། རྟེན་ནུས་དེས་ཞི་རྒྱས་དབང་དྲག་གི་ལས་བྱས་པ་བརྒྱུད་སྔགས་བཅོས་ཀྱི་རིག་པ་སོགས་བྱུང་བ་དང་། གདོད་མའི་མང་བཀུར་རྒྱལ་པོའི་དུས་ནས་ཆོས་ཀྱི་ཡུལ་གྲུ་ཞང་ཞུང་དང་། ཨོ་རྒྱན་ཡུལ། རྒྱ་གར་གྱི་དྲང་སྲོང་རྣམས་ལས་རིམ་བཞིན་དར་ཞིང་མཆེད་པ་དང་། གནའ་བོའི་བོད་ལའང་སྔགས་བཅོས་དར་ཆེ་བར་མངོན་ཏེ། ཐོག་མར་ཡུལ་མིང་ལ་བོན་ཞེས་གྲགས་པའི་ཐ་སྙད་དེ་སྔགས་བཟླ་བའི་དོན་དང་། བོན་པོ་ཞེས་པ་ནི་སྔགས་བཟླ་མཁན་ལ་འཇུག བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ཁྲོད་དུ་སྔགས་ཀྱི་ཆོ་ག་དང་དེའི་སྐོར་གྱི་ཤེས་བྱ་བསྟན་ཡོད་པ་དང་། ཐང་ཡིག་གསར་མར་བོད་མིའི་འཚོ་སྟངས་བཤད་དུས་སུ་མི་རྣམས་ཆོས་ལ་དགའ་ཞིང་སྔགས་ལ་སྦྱོང་། ཞེས་བསྟན་ཡོད་པ་དང་བོན་སྟོན་གཤེན་རབ་དུས་སུ། འཚོ་བྱེད་དཔྱད་བུ་ཁྲི་ཤེས་ཀྱིས་གསོ་རིག་དཔེ་རྙིང་འབུམ་བཞི་ཕྱོགས་བསྒྲིགས་གནང་པ་དང་། དེའི་ནང་གདོན་ནད་དང་དུག་བཅོས་དང་བྱིས་ནད་སོགས་ལེའུ་མང་པོར་སྔགས་བཅོས་ཀྱི་སྐོར་བསྟན་ཡོད། དྲན་པ་ནམ་མཁའ་སོགས་བོན་གྱི་བླ་ཆེན་མང་པོས་སྤེལ་བའི་སྔགས་བཅོས་ཀྱི་ཆོ་ག་རྣམས་དང་། ཕྱིས་སུ་གཏེར་ནས་བཏོན་པའི་ནད་སྔགས་སྐོར་གྱི་གཏེར་ཡིག་རྣམས་ནི་སྔགས་བཅོས་ཀྱི་ཐོག་མའི་གྲས་ཡིན་འདུག དུས་རབས་དྲུག་པ་ལ། མིག་ནད་ལ་མཁས་པའི་མདོ་ཁམས་ཀྱི་ཨ་ཞ་སྨན་པ་ལགས་ཀྱིས་སྔགས་བཅོས་ལག་ལེན་བྱས་ཡོད་པ་དང་། མིག་ནད་སྔགས་ཀྱིས་བཅོས་པའི་ལག་ལེན་ནི་ད་ལྟའི་བར་དུ་ཉམས་མེད་དར་ཁྱབ་ཆེའོ། །དུས་རབས་བདུན་པ་ལ། བོད་རྒྱལ་སྲོང་བཙན་སྒམ་པོས་རིག་སྔགས་མ་ཎི་ཡིག་དྲུག་དར་སྤེལ་བྱས་པ་དང་། དེ་ནས་བཟུང་སྔགས་བཅོས་འདུས་པའི་རྒྱ་གར་གྱི་དཔེ་ཆ་སོགས་མང་པོ་འགྱུར་ནས་ཆོ་ག་འདི་དར་ཁྱབ་བྱུང་། དུས་རབས་བརྒྱད་པའི་དུས། གཡུ་ཐོག་ཡོན་ཏན་མགོན་པོ་མཆོག་གིས་བརྩམས་པའི་རྒྱུད་བཞི་རུ་སྔགས་བཅོས་གང་མང་བཀོད་ཡོད་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཡུལ་དུ་རྡོ་རྗེ་ཐེག་པའི་གསང་སྔགས་སྲོལ་བཏོད་ཅིང་གོས་དཀར་ལྕང་ལོའི་སྡེ་བཙུགས་པས་སྔགས་བཅོས་རིག་པའང་སྔགས་པའི་ཤེས་རིག་གི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྲུབ་ལ། སློབ་དཔོན་མཆོག་ནས་ཀྱང་སྔགས་བཅོས་ལ་རྩིས་མཐོང་ཆེན་པོ་གནང་ཡོད་དེ། སྔགས་ཀྱི་བསྲུང་བཅོས། སྲུང་འཁོར་དང་ཟ་ཡིག རྫས་སྔགས་ཀྱི་བཅོས་ཐབས་སོགས་སྔགས་བཟླ་བའི་གྲངས་དང་དེའི་ཕན་ཡོན་དང་། ཇི་ལྟར་འདོགས་པའི་ཐབས་ཤེས་སོགས་ཞལ་གསལ་ཞིང་གདེང་ཚོད་ཆེན་པོའི་སྒོ་ནས་གསུངས་ཡོད། བུད་མེད་སྔགས་མཁན་ཡེ་ཤེས་མཚོ་རྒྱལ་ཡང་དུས་དེར་བྱུང་བ་དང་། སྨན་སྔགས་ཟུང་སྤྱོད་ཉམས་ལེན་བྱས་པས་རྟེན་ཡང་སྨན་སྔགས་དཀྱུས་མ་ཡིན་ཟེར། དུས་རབས་དགུ་པར། གཉན་ནད་སྨན་བཅོས་ལ་མཁས་པའི་བོད་ཀྱི་སྨན་པ་ཐོག་མ་གཏེར་སྟོན་རྡོར་འབུམ་ཆོས་གྲགས་བྱོན་པ་དང་། བདུད་རྩི་བུམ་པ་ཆེ་ཆུང་ཞེས་པ་གཏེར་ནས་བཏོན་ལ། དེའི་ཁྲོད་གཉན་ནད་ལ་སྔགས་བཅོས་ཀྱི་ཆོ་ག་དགོས་པར་བསྟན་ཡོད་པར་མངོན། དུས་རབས་བཅུ་པར། སྔགས་ཀྱི་ཉམས་ལེན་ལ་མཁས་པའི་གཏེར་སྟོན་དབོན་སྲས་ཁྱུང་རྒོད་བྱོན་པ་དང་། སྔགས་ཀྱི་ནུས་པ་མཆོག་ཏུ་གྲུབ་པའི་རྟགས་ཀྱིས། སྐུ་གཤེགས་དུས་སྐུ་གཟུགས་འོད་ཕུང་ཨ་ཡི་གཟུགས་ཅན་དུ་གྱུར་ནས་གཤེགས་སྐད། དུས་རབས་བཅུ་གཅིག་པར། མཉམ་མེད་དྭགས་པོ་ལྷ་རྗེ་བྱོན་ནས་དྭགས་པོ་ཐོར་འབུམ་ཞེས་པ་བརྩམས་པ་དང་། གཏེར་སྟོན་གྲ་པ་མངོན་ཤེས་ཀྱིས་ཞང་བློན་སྒྲུབ་ཐབས་སོགས་གཏེར་ནས་དྲངས་ཏེ་དར་སྤེལ་གནང་། དེ་མིན་བོན་པོ་ཨ་ཡ་ལྷ་འབུམ་མམ་གུ་རུ་རྣོ་རྩེ་ཡིས་སྨན་རྩིས་སྔགས་བཅོས་ཀྱི་ཆོ་ག་སོགས་གཏེར་ལས་དྲངས་ནས་སྤེལ་བར་གནང་། དུས་རབས་བཅུ་གཉིས་པར།གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་གསོ་རིག་རྒྱུད་བཞི་ལ་ཁ་སྐོང་དང་ལག་ལེན་གྱི་ཞིབ་འཇུག་གནང་བ་དང་སློབ་མ་སུམ་སྟོན་ཡེ་ཤེས་གཟུངས་སོགས་ལ་སྤེལ། ཁོང་གིས་གཡུ་ཐོག་སྙིང་ཐིག་གི་ཕྱི་ནང་གསང་བའི་བླ་སྒྲུབ་སོགས་སྨན་ཆོས་ཟུང་འབྲེལ་སྐོར་གསུངས་པའི་ནང་སྔགས་བཅོས་སྐོར་བསྟན་ཡོད། མངའ་བདག་ཉང་རལ་གྱིས་གཏེར་ཆོས་བཏོན་ནས་སྔགས་བཅོས་ཀྱི་ཐད་ལ་ཕྱག་རྗེས་ཆེ་བ་དང་།ས་སྐྱ་གྲགས་པ་རྒྱལ་མཚན་གྱིས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་པར་སྔགས་བཅོས་ཀྱི་ཆོ་ག་མང་དུ་གསུངས་ཡོད།དུས་རབས་བཅུ་གསུམ་པར།གུ་རུ་ཆོས་ཀྱི་དབང་ཕྱུག་དང་གཏེར་སྟོན་ར་མོ་ཤེལ་སྨན་སོགས་ཀྱིས་གསོ་རིག་ཁྱབ་སྤེལ་མཛད་པ་དང་། བྲང་ཏི་འཇམ་དཔལ་བཟང་པོས་ས་སྐྱ་དགོན་དུ་སློབ་བརྒྱུད་སྤེལ་ནས་ས་སྐྱ་སྨན་གྲོང་ལུགས་ཞེས་གྲགས་པ་དང་སྔགས་བཅོས་ལག་ལེན་ཤ་སྟག་གནང་བ་རེད། སྐལ་ལྡན་བྱིས་པ་ཞེས་པས་གཉན་ནད་རིམས་ནད་སྐོར་བཅོས་པའི་སྔགས་ལྡན་མཁྱུད་དཔེ་གཏེར་ལས་དྲངས་ནས་གསོ་དཀའ་བ་མང་པོ་བཅོས། དུས་རབས་བཅུ་བཞི་པར། གསང་སྔགས་ཀྱི་གཞུང་ལ་མཁས་ཤིང་སྔགས་བཅོས་བྱང་ཆུབ་པའི་བྱང་པ་རྣམ་རྒྱལ་གྲགས་བཟང་གིས་བྱང་ལུགས་ཏེ་བོད་གསོ་རིག་གི་སྲོལ་གྲགས་ཅན་འདིའི་སྲོལ་བཏོད། དུས་རབས་བཅོ་ལྔ་པའི་ནང་། ཟུར་མཁར་མཉམ་ཉིད་རྡོ་རྗེ་བྱོན་ནས་ཟུར་ལུགས་ཀྱི་སྲོལ་བཏོད་པ་དང་། ཁོང་གིས་བརྩམས་པའི་དེབ་མན་ངག་བྱེ་བ་རིང་བསྲེལ་ཞེས་པའི་ནང་སྔགས་བཅོས་སྐོར་མང་དུ་གསུངས་ཡོད། དུས་རབས་བཅུ་དྲུག་པར། འབྲི་གུང་ཆོས་ཀྱི་གྲགས་པས་འབྲི་གུང་ལུགས་ཀྱི་སྲོལ་བཏོད་པ་དང་། ཟུར་མཁར་བློ་གྲོས་རྒྱལ་པོས་རྒྱུད་བཞིའི་གཞུང་དོན་གསལ་བར་བཀྲལ། དུས་རབས་བཅུ་བདུན་པ་ལ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་མན་ངག་ལྷན་ཐབས་ཞེས་པར་སྔགས་བཅོས་སྐོར་བསྟན་ཡོད་ཅིང་། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ལགས་ཀྱིས་སྔགས་བཅོས་སྐོར་མང་དུ་བསྟན་པའི་མན་ངག་བཀའ་རྒྱ་མ་ཞེས་པ་གཅེས་སུ་བཏུས་པ།བདུད་རྩི་འགྱུར་མེད་དང་རྣམ་རྒྱལ་རྡོ་རྗེ་སོགས་ཀྱིས་ལྷུན་སྡིང་སྨན་གྲོང་ལུགས་སོགས་སྲོལ་བཏོད་པ། གཏེར་སྟོན་གནམ་ཆོས་མི་འགྱུར་རྡོ་རྗེས་སྔགས་རྫས་ཀྱི་ཕན་ཡོན་སོགས་མང་དུ་གསུངས། དུས་རབས་བཅོ་བརྒྱད་པའི་དུས་སུ། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་སྔགས་བཅོས་སྐོར་ལ་ཡི་དམ་འཇིགས་བྱེད་དང་བསྟུན་ནས་བཅོས་ཐབས་སོགས་བསྟན་ཡོད། སྨན་པ་ཀརྨ་ངེས་ལེགས་བསྟན་འཛིན་གྱི་གསུང་རྩོམ་ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་གསར་ཞེས་པའི་ནང་སྔགས་བཅོས་སྐོར་བསྟན་ཡོད། དུས་རབས་བཅུ་དགུ་པའི་ནང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཟིན་ཏིག་ཅེས་པའི་སྨན་དཔེ་བརྩམས་ཤིང་དེ་རུ་ཁྱུང་སྔགས་ཀྱིས་ནད་གཞི་བཅོས་ཐབས་བསྟན་ཡོད་པ་དང་། མི་ཕམ་རྣམ་རྒྱལ་རྒྱ་མཚོས་སྔགས་དང་དཔེ་མཁྱུད་ཀྱི་བཅོས་ཐབས་བསྟན་ཡོད། དུས་རབས་ཉི་ཤུ་པའི་ནང་། མགོ་ལོག་སྟག་བླ་ནོར་བུས་སྔགས་བཅོས་སྐོར་གསུངས་པ་དང་། ཁམས་གཙང་འབྲུག་རྒྱལ་གྱི་གཏེར་མར་གཉན་ནད་སྔགས་བཅོས་ཀྱི་སྐོར་གསུངས་པ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྔགས་ཀྱི་ལས་ཚོགས་མང་དུ་གསུངས་ཡོད་པ་སོགས། སྔགས་བཅོས་ནི་གསོ་རིག་གི་གཞུང་དང་ལག་ལེན་ཆེར་དར་ཐུབ་མེད་པའི་དུས་ཤིག་ནས་བྱུང་བའི་ཡ་ཐོག་སྨན་བཅོས་བྱ་ཐབས་ཤིག་ཡིན་པ་དང་། ཕྱིས་སུ་འབྱུང་བའི་ལུས་ཁམས་གསོ་བའི་གསོ་བ་རིག་པའི་ཤེས་བྱ་དང་བསྟུན་ནས་འཕེལ་རྒྱས་བྱུང་བར་མངོན། དེ་བཞིན་རྒྱ་གར་དང་ཨོ་རྒྱན་ཡུལ་སོགས་ཀྱི་ལུགས་དང་གྲུབ་མཐའ་ནས་རང་སོ་སོའི་སྔགས་བཅོས་ཀྱི་ཆོ་ག་བྱུང་བ་ཡུལ་ལུང་སོ་སོ་ནས་རང་རང་གི་འཚོ་བའི་དགོས་མཁོ་དང་མཐུན་པའི་སྒོ་ནས་སློབ་སྦྱོང་དང་དར་སྤེལ་གནང་ནས་རྒྱུན་འཛིན་བྱུང་བ་ཡིན།
གསུམ་པ། དུས་ཀྱི་བབ་དང་བསྟུན་ཏེ་མཇུག་བསྡུ་བ།
དེ་ཡང་རྣམ་དཔྱོད་བློ་གྲོས་ཀྱི་རྩལ་ལ་རང་དབང་མངའ་བའི་དམ་པ་གོང་མ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་རིག་གཞུང་གང་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་རྒྱུ་ནི་རྗེས་རབས་འུ་ཅག་གི་ཕྲག་ཏུ་བབས་པའི་གཞོལ་མེད་ཀྱི་འོས་འགན་ཡིན་ལ། རྒྱུན་འཛིན་དང་དར་སྤེལ་བྱེད་ཚུལ་ལའང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་རྣམ་པ་མི་འདྲ་བ་ཧ་ཅང་མང་མོད། ཡོད་ཚད་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་བཅོས་བསྒྱུར་བྱེད་དགོས་པའི་ངེས་པའང་མེད་པར་འདོད་དེ།“ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་། །མཐོང་ཚད་ལད་མོ་བྱས་ན་གླེན་པ་ཡིན། །”ཞེས་པ་ཇི་བཞིན་རང་ཚུགས་མ་བོར་བའི་རང་རྐྱ་ཐུབ་པའི་རིག་གཞུང་མང་པོ་ཞིག་དམ་པ་གོང་མ་རྣམས་ཀྱི་དགོངས་དོན་ཇི་བཞིན་རྒྱུན་འཛིན་བྱེད་རྒྱུ་དེའང་ཐབས་ལམ་གལ་ཆེན་ཞིག་ཡིན་པར་འདོད། དེ་བས་དབང་ལུང་ཁྲིད་གསུམ་གྱི་སློབ་བརྒྱུད་ཚུལ་བཞིན་བསྟེན་ན་བྱ་སླ་ཚེགས་ཆུང་གི་མན་ངག ནུས་མྱུར་ལོག་འཇོམས་ཀྱི་ཁྱད་ཆོས་མངའ་བའི་སྨན་སྔགས་ཟུང་འབྲེལ་གྱི་བཅོས་ཐབས་འདི་ལྟ་བུ་རང་ཅག་གསོ་རིག་གི་གཞུང་དང་ཡ་མ་བྲལ་བ་འདི་ནི་སྤྱིར་མི་ན་བ་གནས་པར་བྱེད་པ་དང་ན་བ་གསོ་བར་བྱེད་པ། གཉེན་པོ་བཞི་ཡི་གྲོགས་སུ་མཐུན་པ། ཟས་སྤྱོད་སྨན་དཔྱད་བཞིའི་གཙོ་བོ་ཕྱི་ལུས་ཀྱི་འབྱུང་ཁམས་སྙོམས་པ་དང་བླ་མེད་སྔགས་ཀྱིས་ནི་ནང་ཟབ་མོ་རྩ་རླུང་གི་རྒྱུ་བ་སྙོམས་པ་དང་གཞན་མི་མ་ཡིན་པ་འབྱུང་པོའི་འཚེ་བ་འགོག་པར་མཆོག་ཏུ་ཕན། དཔེར་ན་རྡོ་རྗེ་དབྱུག་བཅོས་ལྟ་བུ་ལུས་ཀྱི་ཆགས་ལུགས་དང་མཐུན་པའི་གསང་མིག་གང་ལ་སྔགས་ཀྱི་ནུས་པ་ལྡན་པའི་ཆ་བྱད་སྤྱད་ན་ནད་གདོན་འཇོམས་ལ་དཔྱད་ཀྱི་ཁྱད་ཆོས་མངའ་བའི་དཔྱད་ཆོས་ཀྱིས་ནད་གཞིར་བརྟག་དཔྱད་ཀྱི་ནུས་པ་ཐོན་བཞིན་ཡོད་པའི་ཕན་ཡོན་གཉིས་ལྡན་གྱི་དཔྱད་འདི་དག་རྒྱུན་འཛིན་དང་དར་སྤེལ་བྱེད་རྒྱུ་ནི་བོད་ཀྱི་གསོ་རིག་དཔལ་ལྡན་རྒྱུད་བཞིའི་རྗེས་འཇུག་པ་འུ་ཅག་གི་ཕྲག་ཏུ་བབས་པའི་གཞོལ་མེད་ཀྱི་འོས་འགན་ཡིན་པར་འདོད་དོ། །
དཔྱད་གཞིའི་ཡིག་ཆ།
1.གཡུ་ཐོག་ཡོན་ཏན་མགོན་པོ། 《དཔལ་ལྡན་རྒྱུད་བཞི》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོ།
2.དུང་དཀར་བློ་བཟང་འཕྲིན་ལས།《དུང་དཀར་ཚིག་མཛོད་ཆེན་མོ》 [M]ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2002ལོ།
3.རྗེ་ཙོང་ཁ་བ། 《རྗེ་ཙོང་ཁ་བའི་གསུང་རྩོམ།[ག] སྔགས་རིམ》 [G]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོ།
4.གོང་སྨན་དཀོན་མཆོག་བདེ་ལེགས། 《གསོ་རིག་དགོས་པ་ཀུན་འབྱུང》 [M]མི་རིགས་དཔེ་སྐྲུན་ཁང་། 2005ལོ།
5.དེའུ་དམར་བསྟན་འཛིན་ཕུན་ཚོགས། 《དེའུ་དམར་གསོ་རིགས་གཅེས་བཏུས》སྨད་ཆ།[M] མི་རིགས་དཔེ་སྐྲུན་ཁང་། 2007ལོ།
6.ཧཱུྃ་ཆེན་དང་ཉི་ཟླ། 《སྔགས་བཅོས་བེའུ་བུམ་ཕྱོགས་བསྒྲིགས》[M]མི་རིགས་དཔེ་སྐྲུན་ཁང་། 2006ལོ།
7.ཉི་ཟླ་ཧེ་རུ་ཀ་དང་ཡེ་ཤེས་སྒྲོལ་མ། 《རྟེན་འབྲེལ་སྔགས་བཅོས་རིག་པ།》 [M]མི་རིགས་དཔེ་སྐྲུན་ཁང་། 2015ལོ།
8.རྟ་མགྲིན་རྒྱལ། 《བོད་ཡུལ་འདི་རྗེ་བཙུན་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པའི་རྒྱུ་མཚན་གནད་བསྡུས་ཙམ་བརྗོད་པ》 《སྔགས་མང་ཞིབ་འཇུག》འདོན་ཐེངས་དང་པོ། 2002ལོ།