ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་ན་ལན་སྙན་ཚིག་གི་ལོ་རྒྱུས་རྒྱབ་ལྗོངས་གཤིབ་བསྡུར།

སྤེལ་དུས 2023-02-14 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། མཁའ་འགྲོ་ཚེ་རིང་།
  ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་སྙན་ངག་གྲགས་ཅན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་ཆིན་རྒྱལ་རབས་སྐབས་ཀྱི་སྙན་ངག་པ་ཆེན་མོ་ན་ལན་རོང་རོས་བརྩམས་པའི་ན་ལན་སྙན་ཚིག་གཉིས་འབྱུང་སའི་སྤྱི་ཚོགས་ཁོར་ཡུག་གི་ལོ་རྒྱུས་རྒྱབ་ལྗོངས་ལ་དབྱེ་ཞིབ་བྱས་ཏེ། རྩོམ་པ་པོ་གཉིས་ཀའི་ཁྱིམ་རྒྱུད་དང་གོ་གནས་ཀྱི་འཆིང་རྒྱ་དང་། བརྩེ་དུང་དང་གཉེན་སྒྲིག་གི་བར་ཆད། སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་ཤན་ཤུགས་ཐེབས་ཡོད་པ་བཅས་གསུམ་ལ་གཤིབ་བསྡུར་བྱས་ཡོད།
  གཙོ་གནད་ཚིག ཚངས་དབྱངས་རྒྱ་མཚོའི་མགུར་གླུ། ན་ལན་སྙན་ཚིག རྩོམ་རིག་གཤིབ་བསྡུར།
  འཛམ་གླིང་གི་ཤེས་རིག་དར་རྒྱས་ཆེ་བའི་དེང་གི་དུས་འདིར།སྲིད་འབྱོར་རིག་གསུམ་གོང་ནས་གོང་དུ་འཕེལ་ཞིང་། མི་རིགས་ཕན་ཚུན་བར་དང་རྒྱལ་ཁབ་ཕན་ཚུན་བར་གྱི་འགྲོ་འོང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། རྩོམ་རིག་ཀྱང་ས་གནས་དང་མི་རིགས་ཙམ་དུ་མ་ཟད། ལོ་ཙཱ་སོགས་ལ་བརྟེན་ནས་གཞན་མི་རིགས་ཀྱི་ལེགས་ཆ་རྣམས་ཚུར་ལེན་བྱ་རྒྱུ་དང་། རང་མི་རིགས་ཀྱི་ཞན་ཆ་དག་བཅོས་བསྒྱུར་བྱ་རྒྱུ་ནི་རང་མི་རིགས་ཀྱི་རྩོམ་རིག་རིག་གནས་འཕེལ་རྒྱས་འགྲོ་བར་ཕན་ཐོགས་ཤིན་ཏུ་ཆེ་བའི་བྱ་བ་ཞིག་ཡིན། དེས་ན་གཤིབ་བསྡུར་རྩོམ་རིག་ནི་སྔོན་འགྲོ་འདི་འདྲ་ཞིག་གི་འོག་ནས་འཚར་ལོངས་བྱུང་ཞིང་། དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ཤེས་རིག་གི་རྒྱབ་ལྗོངས་འོག་ནས་མི་རིགས་ཕན་ཚུན་བར་དང་རྒྱལ་ཁོངས་ཕན་ཚུན་བར་གྱི་རྩོམ་རིག་འབྲེལ་བ་ཡོད་མེད་ཅི་རིགས་གཤིབ་བསྡུར་གྱི་ཐབས་ལ་བརྟེན་ནས་རང་མི་རིགས་ཀྱི་རྩོམ་རིག་ལ་ངོས་འཛིན་གསར་པ་ལེན་རྒྱུ་དང་། མི་རིགས་གཞན་གྱི་རྩོམ་རིག་བེད་སྤྱད་དེ་རང་མི་རིགས་ཀྱི་རྩོམ་རིག་འཕེལ་རྒྱས་གཏོང་རྒྱུ་ནི་རྩོམ་རིག་གཤིབ་བསྡུར་གྱི་དམིགས་ཡུལ་གཙོ་བོ་ཡིན། དེས་ན་རྒྱལ་དབང་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོས་བརྩམས་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་མན་ཇིའི་སྙན་ངག་པ་ཆེན་མོ་ན་ལན་རོང་རོས(纳兰容若)བརྩམས་པའི་ན་ལན་སྙན་ཚིག་གཉིས་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་རྩོམ་རིག་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པའི་སྙན་ངག་ཁག་གཉིས་ཡིན་པས། ཞིབ་འཇུག་གི་རིན་ཐང་ངེས་ཅན་ཞིག་ཡོད་ངེས། དེ་ཡང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་དམངས་ཁྲོད་ནས་ཕྱོགས་བསྡུས་བྱས་པས། པར་གཞི་ཁག་ལ་མགུར་ཚན་པ་ལྔ་བཅུ་ལྷག་ཙམ་དང་། དྲུག་ཅུ་ལྷག་ཙམ། བདུན་ཅུ་ལྷག་ཙམ་བྱས་པ་ཡོད་ལ། བརྒྱ་དང་ཉི་ཤུ་ལྷག་བྱས་པ་སོགས་པར་གཞི་ཁག་མི་འདྲ་བ་མང་པོ་ཡོད་ཀྱང་། པར་གཞི་དེ་རྣམས་ལ་ནང་དོན་དང་ཚིག་སྦྱོར་གཉིས་ཀྱིས་ཐོག་དབྱེ་ཞིབ་བྱས་པར་མགུར་ཚན་པ་དྲུག་ཅུ་བདུན་ཅུའི་བཞེད་པར་ཡོངས་གྲགས་སུ་ཁས་ལེན་དང་ཡིད་ཆེས་གནང་ཡོད། གང་ལྟར་མགུར་གླུ་འདི་ནི་སྔར་ནས་ད་བར་རྒྱ་ཆེའི་བོད་རིགས་མང་ཚོགས་ཁྲོད་དར་ཁྱབ་ཆེ་ལ་ཀུན་གྱིས་དགའ་གཅེས་བྱེད་པའི་སྙན་རྩོམ་ཞིག་ཡིན་པ་དང་། དུས་ནམ་ཡང་སྲོག་རྒྱུན་ཆད་དུ་མེད་པ་ལྟ་བུའི་གསོན་ཤུགས་ལྡན་པའི་སྙན་རྩོམ་ཞིག་ཀྱང་ཡིན། ན་ལན་སྙན་ཚིག་ནི་ཆིན་རྒྱལ་རབས་སྐབས་ཀྱི་སྙན་གྲགས་ཤིན་ཏུ་ཆེ་བའི་སྙན་ངག་ཅིག་ཡིན་ལ། རྒྱའི་མཁས་པ་ཝང་གོ་ཝེ(王国维)ཡི་ན་ལན་སྙན་ཚིག་ལ་དཔྱད་བརྗོད་སྤེལ་དུས།“ན་ལན་རོང་རོས་རང་བྱུང་མིག་གིས་བྱ་དངོས་ལ་གཟིགས་པ་དང་། རང་བྱུང་ལྕེ་ཡིས་བརྩེ་བ་རྗོད་ཀྱིན་ཡོད།”(纳兰容若以自然之眼观物,以自然之舌言情)ཅེས་པ་དང་། “སུང་བྱང་མའི་རྗེས་སུ། ཁོ་རང་གཅིག་པུ་མ་གཏོགས་མེད”(北宋以来,一人而已)ཅེས་བསྟོད་བསྔགས་བྱས་ཡོད། ན་ལན་སྙན་ཚིག་གི་རྩོམ་པ་པོ་ནི་མན་ཇི་མི་རིགས་ཡིན་ཡང་། སྙན་ངག་གི་ལུས་རྒྱ་ཡིག་གི་ལམ་ནས་བྲིས་ཡོད་པས། མི་རིགས་གཉིས་ཀའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྙན་ཚིག་གི་ལུས་སུ་ཁྱབ་ཡོད་ལ། ཁྱོན་བསྡོམས་སྙན་ཚིག348ཡོད། སྤྱིར་རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་ལས་བྱུང་ཞིང་།སྤྱི་ཚོགས་ཀྱི་འཚོ་བ་ནི་རྩོམ་རིག་གི་འབྱུང་ཁུངས་ཉག་གཅིག་པུ་དེ་ཡིན།དབྱིན་ཇིའི་མཁས་པ་སྦོ་སུ་ནེ་ཐུ(posnet)མཆོག་གི་གསུང་རྩོམ《གཤིབ་བསྡུར་རྩོམ་རིག》ཅེས་པའི་ནང་། རྒྱལ་ཁོངས་ཤིག་གི་རྩོམ་རིག་འཕེལ་རྒྱས་འགྲོ་བར་ཐག་གཅོད་ཀྱི་ནུས་པ་ཐོན་མཁན་ནི་རྒྱལ་ཁོངས་དེ་སྤྱི་ཚོགས་ཀྱི་གནས་བབ་ཡིན་པ་དང་། རྩོམ་རིག་ཅིག་ལ་དབྱེ་ཞིབ་དང་གཤིབ་བསྡུར་བྱེད་དུས་ངེས་པར་དུ་རྩོམ་རིག་བརྩམས་ཆོས་དེ་འབྱུང་སའི་ཁོར་ཡུག་ལ་ངེས་པར་དུ་བརྟག་ཞིབ་བྱེད་དགོས་པར་གསུངས་ཡོད། ཧྥ་རན་སིའི་མཁས་པ་ཏན་ན(Danner)མཆོག་གིས《རིགས་གསུམ་ཐག་གཅོད་སྨྲ་བ》ཞེས་པའི་ནང་། རྩོམ་རིག་འཕེལ་རྒྱས་སུ་འགྲོ་བར་རིགས་རྒྱུད་དང་། ཁོར་ཡུག དུས་རབས་བཅས་ཀྱིས་ཐག་གཅོད་པར་འདོད། ཁོང་གིས་གསུངས་དོན།“སྒྱུ་རྩལ་བརྩམས་ཆོས་ཤིག་དང་། སྒྱུ་རྩལ་པ་ཞིག ཡང་ན་སྒྱུ་རྩལ་པ་ཁག་ཅིག་ལ་རྒྱུས་ལོན་བྱེད་དགོས་ན། ངེས་པར་དུ་བརྩམས་ཆོས་དེ་འབྱུང་སའི་དུས་རབས་དེའི་འདུ་ཤེས་འཛིན་སྟངས་དང་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་བྱ་དགོས།”དེས་ན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་ན་ལན་སྙན་ཚིག་གཉིས་ལ་གཤིབ་བསྡུར་བྱེད་དུས། རྩོམ་པ་པོ་རྣམ་གཉིས་གནས་སའི་སྤྱི་ཚོགས་ཁོར་ཡུག་དང་དུས་རབས་དེའི་འདུ་ཤེས་འཛིན་སྟངས་ལ་དབྱེ་ཞིབ་བྱེད་དགོས་པར་འདོད།
  གཅིག ཁྱིམ་རྒྱུད་དང་གོ་གནས་ཀྱི་འཆིང་རྒྱ།
  རྒྱལ་དབང་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ནི་སྤྱི་ལོ1683ལོར་ལྷོ་ཁ་མཚོ་སྣ་རྫོང་ཁོངས་མོན་ལ་འོག་ཡུལ་ཞེས་པར་སྐུ་འཁྲུངས་ཤིང་། སྤྱི་ལོ1685ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད། སྤྱི་ལོ1697ལོའི་ཟླ10པའི་ཚེས25ཉིན་ཕོ་བྲང་པོ་ཏ་ལར་གདན་དྲངས་ནས་རྒྱལ་དབང་གི་གསེར་ཁྲིར་མངའ་གསོལ་ཞིང་། བོད་ཡུལ་སྟོད་སྨད་བར་གསུམ་ཀུན་གྱི་བདག་པོར་གྱུར། སྤྱི་ལོ1705ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ལྷ་བཟང་ཧན་བར་གྱི་དབང་ཆ་འཕྲོག་རྩོད་བྱེད་པའི་འགལ་བ་རིམ་བཞིན་ཇེ་ཆེར་སོང་ནས་མཐར་ལྷ་བཟང་ཕྱོགས་ཁག་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་ཤིང་། སྡེ་སྲིད་ཀྱིས་རྒྱལ་བའི་ཁྲི་ལ་བཀོད་པའི་ཚངས་དབྱངས་རྒྱ་མཚོ་ཡང་སྡེ་སྲིད་ཀྱི་ཕྱོགས་སུ་བཅད་དེ་སྐྱོན་འདོགས་སྣ་ཚོགས་བྱས་པར་མ་ཟད། གོང་མ་ཁང་ཞིར་སྡེ་སྲིད་ཀྱིས་རྒྱལ་བའི་ཁྲི་ལ་བཀོད་པའི་ཚངས་དབྱངས་རྒྱ་མཚོ་ཏཱ་ལའི་བླ་མ་ལྔ་པའི་ཡང་སྲིད་ངོ་མ་མ་ཡིན་པར་ནག་ཆང་དགའ་རྩེད་ལ་མགོ་འཁོར་ནས་སྡོད་པ་ལས། སྡོམ་ཁྲིམས་མི་སྲུང་བས་ཁྲི་ལས་དབབ་དགོས་པ་ཞུས་པ་བཞིན། དགུང་ལོ་ཉེར་ལྔར་ཕེབས་པའི་ཚངས་དབྱངས་རྒྱ་མཚོ་པོ་ཏ་ལའི་ཁྲི་ལས་ཕབ་ནས་བྱང་ལམ་བརྒྱུད་པེ་ཅིན་དུ་གདན་དྲངས་ཤིང་ལམ་བར་དུ་དགོངས་པ་རྫོགས།
  ན་ལན་རོང་རོ་སྐྱེས་སའི་ན་ལན་ཁྱིམ་རྒྱུད་ནི་ཆིན་རྒྱལ་རབས་སྐབས་ཀྱི་ཁྱིམ་རྒྱུད་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཡིན་ལ།མེས་པོ་ཅིན་ཐེ་ཧྲི(金太石)ནས་བཟུང་ཆིན་རྒྱལ་རབས་ལ་མགོ་བཏགས་ཏེ། རང་ཉིད་ཀྱི་སྲིང་མོ་མེང་ཀུའུ(孟古)གོང་མ་ནོར་ཧ་ཁྲིར(努尔哈赤)བཙུན་མོ་བྱིན་པ་དང་། ཆིན་གོང་མའི་ཕོ་བྲང་ལ་གཉེན་འབྲེལ་གྱི་འབྲེལ་བ་དམ་པོ་བཙུགས། དེ་ནས་ཕ་ན་ལན་མེན་ཀྲོའི(纳兰明珠)སྐབས་ལ་ཐོན་དུས་ཁྱིམ་རྒྱུད་ཀྱི་འབྱོར་བ་དང་དབང་ཐང་ཆེས་ཆེར་ཕྱིན་ནས་གོང་མའི་ཕོ་བྲང་ལའང་འཇིགས་ཉེན་བཟོས། དེ་དུས་ཆིན་རྒྱལ་རབས་ཀྱི་གོང་མ་ཁང་ཞིས(康熙)རང་ཉིད་ཀྱི་གོ་གནས་བརྟན་སྲུང་ཆེད་དུ། བློན་ཆེན་སོ་ཨུ་ཐོ(索额图)དང་ན་ལན་མེན་ཀྲོའི་བར་དུ་རྫུན་དང་ཕྲ་མ་བཅུག་སྟེ། ཕན་ཚུན་བར་ནང་འཐབ་བྱེད་དུ་བཅུག་པས་ཁྱིམ་རྒྱུད་ལ་འཇིགས་ཉེན་ཆེན་པོ་བྱུང་། ན་ལན་རོང་རོ་ནི་ཁོར་ཡུག་དེ་འདྲ་ཞིག་གི་འོག་ནས་འཚར་ལོངས་བྱུང་བས། ཆུང་དུས་ནས་བཟུང་ཉེན་ཚབས་ཀྱི་འདུ་ཤེས་བརྟན་པོ་ཞིག་ཡོད་ངེས། ན་ལན་རོང་རོ་ལོ་ཉེར་གཉིས་སྟེང་གོང་མའི་སྐུ་སྲུང་པར་བསྐོ་བཞག་མཛད། མན་ཇི་མི་རིགས་ལ་རྗེས་ལུས་ཀྱི་ལུགས་སྲོལ་ཞིག་ཡོད་པ་སྟེ། གོང་མ་ནི་གནམ་འོག་ཀུན་གྱི་བདག་པོ་ཡིན་ལ། གནམ་འོག་གི་མི་ཚང་མ་ནི་གོང་མའི་བྲན་གཡོག་ཡིན་པ་དང་། གོ་གནས་དམའ་མོས་གོ་གནས་མཐོན་པོར་ངོ་འཕྲད་དུས་ངེས་པར་དུ་པུས་མོ་སར་བཙུགས་ཏེ་ཕྱག་འཚལ་དགོས། འདིས་ཆུང་དུས་ནས་ཀུན་གྱིས་གུས་ཤིང་སློབ་སྦྱོང་ལ་དགའ་བ། རང་བཞིན་ནས་རང་དབང་གི་འཚོ་བར་ཞེན་པའི་ན་ལན་རོང་རོ་ལ་དངོས་ཡོད་ཀྱི་སྡུག་བསྔལ་སྦྱིན་ཞིང་། ན་ལན་སྙན་ཚིག་གི་བརྗོད་བྱར་རྨང་གཞི་བཏིང་།
  སྤྱིར་སྙན་ངག་ལ་ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་དང་། དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་བཅས་རིགས་མི་འདྲ་བ་གཉིས་ཡོད་པ་ལས། གནའ་རབས་བོད་དང་རྒྱའི་སྙན་ངག་ཏུ་ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་བྲིས་པ་ཤིན་ཏུ་མང་ལ། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་ན་ལན་སྙན་ཚིག་གཉིས་ཀྱང་དེ་ལས་མ་འདས། ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་ནི་རྩོམ་པ་པོའི་ནང་སེམས་ཀྱི་ཚོར་བ་གཅིག་བསྡུས་སྒོས་སྐད་ཆའི་ལམ་དུ་དྲངས་པ་ཡིན་པས། དངོས་ཡོད་སྤྱི་ཚོགས་ཁོར་ཡུག་གི་ཆ་རྐྱེན་གྱིས་རྩོམ་པ་པོའི་གསར་རྩོམ་ལ་ཤུགས་རྐྱེན་ངེས་པར་ཐེབས་ངེས། དེས་ན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་ན་ལན་སྙན་ཚིག་གཉིས་ཀྱི་རྩོམ་པ་པོའི་ལས་དབང་ནི་ཤིན་ཏུ་འདྲ་སྟེ། ཚངས་དབྱངས་རྒྱ་མཚོ་སྐྱེས་མ་ཐག་ནས་རྒྱལ་དབང་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ངོས་བཟུང་ནས་བོད་གངས་ཅན་གྱི་བདག་པོར་གྱུར་མོད། འོན་ཀྱང་དུས་སྐབས་དམིགས་བསལ་གྱི་དབང་གིས་སྲིད་དབང་ཐམས་ཅད་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཟུང་ཞིང་། རང་ཉིད་ཀྱི་རང་དབང་ལ་ཚོད་འཛིན་བྱས།ལྷ་བཟང་ཧན་གྱིས་སྡེ་སྲིད་བཀྲོངས་རྗེས། ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་ཅིང་ཉེས་མེད་ཉེས་འདོགས་བྱས་ཏེ་གཉའ་གནོན་དང་གནོད་འཚེ་མང་པོ་བཏང་། ན་ལན་རོང་རོ་ཡང་སྐྱེས་མ་ཐག་ནས་ཁྱིམ་རྒྱུད་ཀྱི་འགལ་བ་ཛ་དྲག་ཧ་ཅང་ཆེ་ལ། དུས་དང་རྣམ་པ་ཀུན་ཏུ་མི་ཤི་ཁྱིམ་སྟོང་གི་གནས་སུ་བསྡད་ཡོད་པས། རང་བཞིན་ནས་རང་དབང་དང་ཐེ་གཏོགས་མེད་པའི་འཚོ་བ་ལ་དུངས་ཀྱང་། དགུང་ལོ་ཉེར་གཉིས་ལ་ཐོན་དུས་གོང་མའི་སྐུ་སྲུང་པར་བསྐོས་པས་རང་དབང་གི་འཚོ་བ་དེ་བས་ཀྱང་ཉག་ཕྲ། དེ་བས་སེམས་སྡུག་དང་སྐྱོ་སྣང་། རང་དབང་གི་འཚོ་བ་ལ་ཕྱོགས་པ་བཅས་ནི་སྙན་ཚིག་གཉིས་ཀའི་གཤིབ་བསྡུར་ཁྲོད་འདྲ་བའི་ཆ་ཡིན།
  གཉིས། བརྩེ་དུང་དང་གཉེན་སྒྲིག་གི་བར་ཆད།
  མི་ནི་ཆགས་སྡང་ལས་གྲུབ་པ་ཞིག་ཡིན་པ་དང་། རྩོམ་རིག་ནི་སྤྱི་ཚོགས་འཚོ་བའམ་ཡང་ན་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མིའི་སེམས་ཁམས་དང་བསམ་བློ། ལྟ་བ་སོགས་སྐད་ཆའི་ལམ་ནས་མཚོན་པར་བྱེད་པ་ཞིག་ཡིན་པས། གནའ་ནས་བཟུང་ཕོ་མོའི་བརྩེ་དུང་ནི་འཛམ་གླིང་གི་རྩོམ་རིག་བརྩམས་ཆོས་མང་པོའི་ཁྲོད་དུ་བརྗོད་བྱ་གཙོ་བོ་ཞིག་ཏུ་གྱུར་ཡོད།ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་ན་ལན་སྙན་ཚིག་ཁྲོད་དུ་བརྩེ་དུང་གི་བསམ་བློ་མཚོན་པའི་སྙན་ཚིག་གསོན་ཉམས་ལྡན་ལ་ཡིད་དབང་འཕྲོག་པ་མང་པོ་བྲིས་ཡོད་པས། རྗེས་རབས་པ་ཕོ་ཡིན་ན་ན་ལན་སྙན་ཚིག་ཀློག་མི་རུང་བ་དང་། མོ་ཡིན་ན་ཚངས་མགུར་ཀློག་མི་རུང་ཞེས་པའི་གླེང་སྲོལ་ཡོད།
  ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་བརྩེ་དུང་གི་བསམ་བློ་ཞུགས་ཡོད་མེད་ལ་མཁས་པ་སོ་སོར་བཞེད་པ་མི་མཐུན་པ་ཡོད་དེ། འགའ་ཞིག་གིས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་ཚིག་ངོས་ཙམ་གྱི་གོ་བ་ལེན་རྒྱུ་མ་ཡིན་པར། ཚིག་ངོས་རེ་རེ་ཡི་ཤུགས་སུ་ཟབ་མོ་ཆོས་ཀྱི་བསམ་བློ་བསྟན་ཡོད་པར་འདོད། རང་ཉིད་ཀྱི་བསམ་པར་བཞེད་པ་འདི་ནི་ཡང་དག་ཅིག་མ་ཡིན་པར། ཆོས་ལུགས་མི་སྣ་དག་གིས་ཚངས་དབྱངས་རྒྱ་མཚོའི་སྙན་གྲགས་སྲུང་བའི་ཆེད་དུ་བཤད་པར་འདོད། རྒྱུ་མཚན་བརྩེ་དུང་བརྒྱུད་མ་མྱོང་བའི་རྩོམ་པ་པོ་ཞིག་གིས་ཡིད་དབང་འཕྲོག་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་འབྲི་ཐབས་མེད་པ་དཔེར་ན་ནུབ་ཕྱོགས་ཀྱི་རྩོམ་པ་པོ་ཧྲ་ཁུ་པེ་འར་གྱི་རྩོམ་རྩལ་ཅི་འདྲའི་ངོ་མཚར་ལྡན་ཡང་སངས་རྒྱས་ཆོས་ལ་རྒྱུས་ལོན་མེད་པའི་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་གསར་རྩོམ་བྱེད་མི་ཐུབ་པ་ཇི་བཞིན། བརྩེ་དུང་བརྒྱུད་མ་མྱོང་ཚེ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་གྲུབ་ཐབས་བྲལ། མ་ཟད་པཎ་ཆེན་སྐུ་ཕྲེང་ལྔ་པའི་རང་རྣམ《སྤྱོད་ཚུལ་གསལ་བར་བྱེད་པ་འོད་དཀར་ཅན་གྱི་ཕྲེང་བ》ཡི་ནང་། རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དགུང་ལོ་ཉི་ཤུར་ཕེབས་སྐབས་དྲག་ཞན་གང་གི་གསོལ་འདེབས་ལའང་མ་གསན་པར་གང་གི་ཡོངས་འཛིན་པཎ་ཆེན་ལྔ་པ་བློ་བཟང་ཡེ་ཤེས་མཆོག་ལ་རབ་བྱུང་གི་སྡོམ་པ་ཕུལ་ནས་སྐྱ་ཆས་བཞེས་ཤིང་། འདོད་ཡོན་གྱི་རྩེ་དགར་རང་དབང་གིས་དགྱེས་རྒུར་རོལ་བའི་ལོ་རྒྱུས་གསལ་པོ་འཁོད་ཡོད། དེར་མ་ཟད་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་དུ་གསང་གྲོགས་དངོས་སུ་བསྟེན་ནས་འཇིག་རྟེན་གྱི་རྩེ་དགར་ལོངས་སུ་སྤྱད་པའི་སྙན་ཚིག་འགའ་ཤས་ཤིག་ཡོད་དེ། དཔེར་ན།“ཁྱི་རྒན་རྒྱའུ་ཟེར་བ།། རྣམ་ཤེས་མི་ལས་སྤྱང་བ།། སྟོད་ལ་ལངས་སོང་མ་ཟེར།། ཐོ་རངས་ལོག་བྱུང་མ་ཟེར།།”“སྲོད་ལ་བྱམས་པ་བཙལ་བས།། ཐོ་རངས་ཁ་བ་བབས་བྱུང་།། གསང་དང་མ་གསང་མི་འདུག། ཞབས་རྗེས་གངས་ལ་བཞག་ནི།།”སོགས་ལ་དབྱེ་ཞིབ་བྱས་ཚེ། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་གི་བརྩེ་དུང་གི་བསམ་བློ་ནི་རྩོམ་པ་པོས་དངོས་སུ་བརྒྱུད་ཡོད་པར་འདོད། ཡང་འགའ་ཞིག་གིས་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་གི་བརྩེ་དུང་གི་ཚིགས་བཅད་དག་ནི་སྐབས་དེ་དུས་ཀྱི་གྲལ་རིམ་སྤྱི་ཚོགས་ཀྱི་མུན་ནག་གི་འཚོ་བ་དང་སྒེར་གཅོད་ཀྱི་སྲིད་དབང་ལ་མ་རུང་བར་བརྩམས་པ་ཡིན་མོད། འོན་ཀྱང་དམིགས་བསལ་གྱི་དུས་སྐབས་དབང་གིས་དྲང་བོར་བརྗོད་མ་ཐུབ་པར་བརྩེ་དུང་ལ་སྦྱར་ནས་ཤུགས་སུ་དོན་སྟོན་པར་འདོད། བཤད་ཚུལ་འདིར་འགལ་བ་མི་འདུག་སྟེ། ཚངས་མགུར་ནང་དངོས་ཡོད་འཚོ་བར་ཟུར་ཟ་བྱེད་པའི་ཚིགས་བཅད་མང་པོ་ཡོད། འོན་ཀྱང་མཐའ་གཅིག་ཏུ་ཚངས་མགུར་ཧྲིལ་པོའི་བརྗོད་བྱའི་ནང་དོན་དངོས་ཡོད་འཚོ་བར་ཟུར་ཟ་བྱེད་པ་ཡིན་པ་ལས་བརྩེ་དུང་གི་བསམ་བློ་མེད་ཟེར་བར་བདེན་དུ་མི་འདུག དེས་ན་ཚངས་དབྱངས་རྒྱ་མཚོ་ནི་དགེ་ལུགས་པའི་མཚོན་བྱེད་མི་སྣ་ཞིག་ཡིན་ལ། དགེ་ལུགས་པ་ནི་འཇིག་རྟེན་འཁོར་བ་སྤངས་དགོས་པ་དང་། འཇིག་རྟེན་ཕོ་མོའི་བརྩེ་དུང་ལོངས་སུ་སྤྱོད་མི་ཆོག་པས། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་བརྩེ་དུང་གི་བསམ་བློ་འདི་འདྲ་མང་པོ་ཞིག་ཇི་ལྟར་ཐོན་པའི་སྐོར་ལ། རང་ཉིད་ཀྱི་བསམ་པར་ཚངས་དབྱངས་རྒྱ་མཚོའི་བྱིས་དུས་ཀྱི་ཁོར་ཡུག་ལ་འབྲེལ་བ་ཆེན་པོ་ཡོད་པར་འདོད། ཚངས་དབྱངས་རྒྱ་མཚོའི་སྐྱེས་ཡུལ་ནི་ལྷོ་ཁ་མཚོ་སྣ་རྫོང་ཁོངས་མོན་ལ་འོག་ཡུལ་ཞེས་པ་ཡིན། མོན་ཡུལ་ས་ཆ་ནི་རྙིང་མ་པའི་གྲུབ་མཐའ་ཡིན་ཞིང་། རབ་བྱུང་པ་དག་གིས་ཀྱང་ཆུང་མ་ལེན་ཆོག་ལ་འཇིག་རྟེན་ཕོ་མོའི་བརྩེ་དུང་ལོངས་སུ་སྤྱད་ཆོག འདིས་ཁོར་ཡུག་ངེས་ཅན་ཞིག་གི་ཆ་རྐྱེན་འོག་ཏུ་ཚངས་དབྱངས་རྒྱ་མཚོའི་བྱིས་དུས་ཀྱི་རབ་བྱུང་བའི་ངོས་འཛིན་ཐོག་ལ་བསམ་བློའི་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད་ངེས།
  ན་ལན་རོང་རོའི་སྙན་ཚིག་ཁྲོད་དུ་སྐྱོ་བ་དང་། ཁྲོ་བ། མིག་ཆུ་བཞུར་བ། ཟླ་བ་མར་ངོ། ཞེན་ལོག་པ། སྐྱོ་སྣང་གིས་ཁེངས་པ་སོགས་བྲིས་པ་ཤིན་ཏུ་མང་ལ། དེ་ནི་ཁོང་གི་སྐྱོ་གར་གྱི་རང་བཞིན་ལྡན་པའི་བརྩེ་དུང་དང་གཉེན་སྒྲིག་ལ་འབྲེལ་བ་ཆེན་པོ་ཡོད། ལོ་རྒྱུས་དེབ་ཐེར་དུ་འཁོད་པ་ལྟར་ན། ན་ལན་རོང་རོ་ཆུང་དུས་སུ་མ་སྤུན་ནུ་མོ་ཧུའེར(惠儿)ཞེས་པ་ཞིག་ལ་བརྩེ་དུང་ཆགས་ཡོད་ལ། ཁོང་གི་སྙན་ཚིག་གི་ཁྲོད་དུ་བུ་མོ་ཧུའེར་གྱི་སྣང་བརྙན་ཞིབ་འབྲི་བྱས་པ་མང་པོ་ཡོད། འོན་ཀྱང་བཀས་བཀོད་རྒྱུད་འཛིན་སྐབས་ཀྱི་གཉེན་སྒྲིག་ནི་རང་དབང་མ་ཡིན་ཏེ། ཆབ་སྲིད་དང་ཁྱིམ་རྒྱུད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱ་ཆེད་ཁོ་ནས་ཡིན་པས། ལོ་བཅུ་དྲུག་སྟེང་མ་སྤུན་ནུ་མོ་ཧུའེར་ན་ལན་དང་ཁ་བྲལ་ཏེ་གོང་མའི་ཕོ་བྲང་དུ་བཙུན་མོ་བྱེད་དུ་སོང་། དེ་ནས་ལོ་ཉི་ཤུའི་སྟེང་ཏུའུ་ཁྲ་ཡོན(都察院)གྱི་དམག་སྤྱི་ལུའུ་ཞིན་ཙུའུ(卢兴祖)ཡི་བུ་མོ་ལུའུ་ཧྲི(卢氏)ཆུང་མར་བསུས་ཏེ་འཇིག་རྟེན་ཁྱིམ་ཐབ་ཀྱི་ལས་ལ་བཀོད་མོད། ཡང་སྟབས་མ་ལེགས་པར་དགུང་ལོ་ཉེར་གསུམ་སྟེང་ལུའུ་ཧྲི་བྱིས་པ་སྐྱེས་མ་ཐུབ་པར་ཚེ་ལས་འདས། དེ་ནས་ལོ་ཉེར་བརྒྱད་ཀྱི་སྟེང་འབྲི་ཆུའི་ལྷོ་རྒྱུད་ཀྱི་བུ་མོ་ཤེས་ལྡན་པ་ཧྲིན་ཝན(沈宛)ཟེར་བ་ཞིག་ངོ་ཤེས་ལ།གཉིས་ཀའི་བར་དུ་བརྩེ་དུང་ཟབ་མོ་ཆགས་ཡོད་ཀྱང་། སྐབས་དེ་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་སྟེང་མན་ཇི་མི་རིགས་ནི་རྒྱ་དང་གཏན་ནས་གཉེན་བསྒྲིག་མི་ཆོག་པས། ཁྱིམ་རྒྱུད་ཀྱི་བཀག་འགོག་བྱས་ཏེ་དེ་གཉིས་ཀའི་བརྩེ་དུང་འཐོར་བརླག་ཏུ་བཏང་། ཁྱིམ་རྒྱུད་འཇིགས་ལ་ཉེ་བའི་ཉེན་འཚབ་ཀྱི་འདུ་ཤེས་དང་བརྩེ་དུང་གི་བར་ཆད་ཡང་དང་བསྐྱར་དུ་བྱུང་བས། ན་ལན་རོང་རོ་དགུང་ལོ་སོ་གཅིག་སྟེང་སྙུང་གཞི་ཕོག་ནས་ཚེ་ལས་འདས།
  ཚངས་དབྱངས་རྒྱ་མཚོ་དང་ན་ལན་རོང་རོ་གཉིས་ནི་འཚར་ལོངས་བྱུང་སའི་ཁོར་ཡུག་མི་འདྲ་རུང་ལས་དབང་ཤིན་ཏུ་འདྲ་སྟེ། གཉིས་ཀ་དུས་སྐབས་དེར་སྤྱི་ཚོགས་ཁོར་ཡུག་དང་འདུ་ཤེས་འཛིན་སྟངས་ཀྱི་དབང་གིས་རང་ཉིད་ཀྱི་བརྩེ་དུང་གི་ཕུགས་བསམ་མངོན་འགྱུར་བྱེད་མ་ཐུབ་པར། རང་ཉིད་ཀྱི་བསམ་འདུན་སྙན་ངག་ནང་མངོན་པ་ཡིན་ཏེ། ཚངས་དབྱངས་རྒྱ་མཚོ་ནི་དགེ་ལུགས་པའི་ཆེས་མཐོ་བའི་བླ་མ་ཡིན་པས་ན། ཁྱིམ་སྤངས་ནས་རབ་བྱུང་བསྒྲུབ་དགོས་པ་དང་། ན་ལན་རོང་རོ་ནི་ན་ལན་ཁྱིམ་རྒྱུད་ཀྱི་སྐུ་སྲས་ཡིན་པས་ན། ངེས་པར་དུ་ཁྱིམ་རྒྱུད་ཀྱི་ཁེ་ཕན་དང་སྙན་གྲགས་བསྲུང་དགོས་མོད། འོན་ཀྱང་གཉིས་ཀ་རང་དབང་དང་ཐེ་གཏོགས་མེད་པའི་འཚོ་བ་ལ་ཞེན་པས། རྩོམ་པ་པོ་གཉིས་ཀའི་བར་དུ་རང་བཞིན་གྱི་རྩོམ་རིག་བརྩམས་ཆོས་གྲུབ་པའི་རྒྱུ་རིགས་འདྲ་ཞིག་བྱུང་ཡོད།
  གསུམ། སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་ཤན་ཞུགས།
  ཆོས་ལུགས་ནི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པ་དང་། རྩོམ་རིག་བརྩམས་ཆོས་ནི་སྤྱི་ཚོགས་དེའི་མིའི་འདུ་ཤེས་འཛིན་སྟངས་བརྒྱུད་སྒྲོག་བྱེད་པ་ཞིག་ཡིན་པས། ཆོས་ལུགས་དར་ཡོད་པའི་སྤྱི་ཚོགས་ཀྱི་རྩོམ་རིག་བརྩམས་ཆོས་ཐམས་ཅད་ལ་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་ངེས་ལ། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་ན་ལན་སྙན་ཚིག་གཉིས་ཀྱང་དེ་ལས་མ་འདས། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་འདྲེས་ཡོད་པར་ཐེ་ཚོམ་མེད་དེ།རྩོམ་པ་པོ་འཚོ་བཞུགས་ཀྱི་སྐབས་ནི་བོད་དུ་སངས་རྒྱས་ཆོས་ལུགས་ཆེས་ཆེར་དར་བའི་སྐབས་ཡིན། མ་ཟད་ཆུང་དུས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་བྱས་པ་ནས་བཟུང་། སངས་རྒྱས་ཆོས་ཀྱི་གཞུང་མང་པོ་སྦྱངས་ཡོད་པར་བསྟེན།སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་ནི་རྩོམ་པ་པོའི་རྒྱུད་ལ་གཏིང་ཟབ་ཏུ་ཞུགས་ཡོད། ན་ལན་རོང་རོ་འཚོ་བཞུགས་སྐབས་ཀྱི་ཆིན་རྒྱལ་རབས་སུ་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་འཕེལ་ཡོད་དེ། ཆིན་རྒྱལ་རབས་ཀྱི་མེས་པོ་ནོར་ཧ་ཁྲིས་ཆིན་རྒྱལ་རབས་བཙུགས་རྗེས།སོག་པོ་དང་འབྲེལ་བ་འཛུགས་པའི་ཆེད་དུ་བོད་བརྒྱུད་ནང་བསྟན་ནང་འདྲེན་བྱས་ཤིང་། ཡང་སྲིད་དབང་སྲ་བརྟན་གཏོང་བའི་ཆེད་རྒྱ་བརྒྱུད་ནང་བསྟན་ཁས་ལེན་བྱེད།《ཆིན་ཆེན་མོའི་བསྟན་བཅོས》ལས་བསྡོམས་རྩིས་བྱས་པ་ལྟར་ན། གོང་མ་ཁང་ཞི་ཡི་སྐབས་སུ་ཆིན་རྒྱལ་རབས་ཀྱི་མངའ་ཁོངས་སུ་དགོན་པ་ཆེ་ཆུང་བདུན་ཁྲི་དགུ་སྟོང་དྲུག་བརྒྱ་ཉེར་གཉིས་ཡོད་པ་དང་། གྲྭ་བཙུན་ཆིག་འབུམ་ཆིག་ཁྲི་བརྒྱད་སྟོང་དགུ་བརྒྱ་བཅུ་མེད་བདུན་ཡོད་པར་བཤད། དེ་ནས་ན་ལན་ཁྱིམ་རྒྱུད་ཀྱི་མཐའ་འཁོར་དུ་དགོན་པ་བཅུ་ལྷག་ཡོད་པ་དང་།ན་ལན་རོང་རོ་ཆུང་དུས་སུ་རྒྱུན་དུ་དགོན་པ་དེ་དག་ནང་འགྲོ་བཞིན་ཡོད། ན་ལན་རོང་རོའི་ཨ་མ་ཡང་སངས་རྒྱས་ཆོས་ལ་དད་པ་ཡོད་དེ། ཉིན་རེར་སྤོས་བདུག་པ་དང་རྡོ་རྗེ་གཅོད་པ་ཚར་གཅིག་འདོན་པ་ལོ་རྒྱུས་དེབ་ཐེར་དུ་འཁོད་ཡོད། ཁོར་ཡུག་གི་ཤུགས་རྐྱེན་དབང་གིས་ན་ལན་རོང་རོ་ཆུང་དུས་ནས་སངས་རྒྱས་ཆོས་ལ་སྤྲོ་བ་ཆེན་པོ་སྐྱེས་ཏེ་ཆོས་གཞུང་གི་དཔེ་ཆ་མང་པོ་བཀླགས་ཡོད་པ་དང་། ཁོང་གི་སྙན་ཚིག་ནང་དུའང་སངས་རྒྱས་ཆོས་ཀྱི་ཐ་སྙད་མང་པོ་བཀོལ་ཡོད།
  ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་ན་ལན་སྙན་ཚིག་གཉིས་ལ་ནང་པ་སངས་རྒྱས་ཆོས་ཀྱི་དུས་མི་རྟག་པ་དང་། ཚེ་མི་རྟག་པ། འཇིག་རྟེན་ནི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པ། ལས་རྒྱུ་འབྲས་ཀྱི་རྣམ་བཞག་བསྲུང་དགོས་པ། ཚེ་ཕྱི་མ་ཡོད་པར་འདོད་པ་སོགས་ཀྱི་བསམ་བློ་ཞུགས་ཡོད་དེ། དཔེར་ན་ཚངས་མགུར་ལས། “ཤི་དེ་དམྱལ་བའི་ཡུལ་གྱི།། ཆོས་རྒྱལ་ལས་ཀྱི་མེ་ལོང་། ། འདི་ནས་ཁྲིག་ཁྲིག་མི་འདུག། དེ་ནས་ཁྲིག་ཁྲིག་གནང་ཞུ། །”ཞེས་པ་དང་། “ད་ལྟའི་ཚེ་ཐུང་འདི་ལ། ། དེ་ཁ་ཙམ་ཞིག་ཞུས་ནས། །གཏིང་མ་བྱི་བའི་ལོ་ལ། ། མཇལ་འཛོམ་ཨེ་ཡོང་བལྟའོ། །”ཞེས་པ་སོགས་མང་ལ། ན་ལན་སྙན་ཚིག་ནང་དུའང་མང་པོ་ཡོད་དེ། དཔེར་ན།“སངས་རྒྱས་ཀྱི་ཆོས་དཔེ་བཤུ་འབྲི་བྱས་ཏེ། །སྐྱེ་བ་ཕྱི་མར་སླར་ཡང་ངོ་ཐུག་པར་སྨོན་ལམ་བཏབ།།”(手写香台金子经,惟愿结来生。)ཞེས་པ་དང་།“རྒྱུ་ལ་ནོར་བ་མེད་ན།།འབྲས་བུར་འཆུག་མི་སྲིད། །”(因尘不缪,果报非虚。)སོགས་སངས་རྒྱས་ཆོས་ཀྱི་བསམ་བློ་སྟོན་པའི་སྙན་ཚིག་མང་པོ་ཡོད་དོ། །
  ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་ན་ལན་སྙན་ཚིག་གཉིས་ནི་དུས་རབས་བཅུ་བདུན་པའི་ཚབ་བྱེད་ཀྱི་བརྩམས་ཆོས་གཉིས་ཡིན་པས། ང་ཚོས་ཁོང་གཉིས་ཀྱི་བརྩམས་ཆོས་ལ་གཤིབ་བསྡུར་བྱེད་པར་བརྟེན་ནས། རྩོམ་པ་པོ་རྣམ་གཉིས་བཞུགས་སའི་སྤྱི་ཚོགས་ཁོར་ཡུག་དང་དེ་ལས་བྱུང་བའི་བསམ་བློའི་འདུ་ཤེས་མི་འདྲ་རུང་།སྐབས་དེའི་དབང་སྒྱུར་གྲལ་རིམ་གྱི་འདོད་ཧམ་དང་། རང་དབང་དང་ཐེ་གཏོགས་མེད་པའི་འཚོ་བར་ལོངས་སྤྱོད་ཀྱི་བསམ་འདུན་མཚོན་པ་བཅས་ལས། རྩོམ་རིག་ནི་འཛམ་གླིང་གི་རང་བཞིན་ལྡན་ལ།མི་རིགས་དང་ས་ཁོངས་ཀྱི་རང་བཞིན་ཡང་ལྡན་ཞེས་པར་བདེན་དཔང་བྱེད་ཐུབ་བོ། །
  དཔྱད་གཞིའི་ཡིག་ཆ།
  《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ཚངས་དབྱངས་རྒྱ་མཚོ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003ལོ།
  《比较文学简明教程》 乐黛云 北京大学出版社 2003年8月
  《比较文学系谱学》曹顺庆 王向远 北京师范大学出版社 2009年10月
  《仓央嘉措及其情歌研究》黄颢 吴碧云 西藏人民出版社 1982年
  《纳兰词全解》 纳兰性德 梦远 中国华侨出版社 2013年11月