ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

༄༅། །བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་ཆ་འཕྲིན་ཅན་དུ་བསྒྱུར་བའི་སྐོར་གྱི་གནས་བབ་དང་བསམ་གཞིགས།

སྤེལ་དུས 2023-08-01 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཁྲི་ཤར་བསོད་ནམས་ཚེ་རིང་།
  གླེང་གཞི།
  སྔོན་བྱོན་གྱི་ལོ་ཙཱ་བ་དང་པཎྜི་ཏ་རྣམས་ཀྱིས་རང་རེའི་བོད་ཀྱི་རིག་གནས་ཞེས་འཛམ་གླིང་དུ་ངོམ་རུང་བའི་བསྟན་བཅོས་གྱ་ནོམ་པ་ཞིག་ང་ཚོའི་ལས་སྐལ་དུ་བཞག་ཡོད་པ་དང་། རིག་གནས་དེ་ཉིད་རྒྱུད་འཛིན་དང་དར་སྤེལ་དུ་གཏོང་བ་ཡང་ཕྱི་རབས་པའི་ཕྲག་ཏུ་བབས་པའི་འོས་འགན་གལ་ཆེན་ཞིག་ཡིན། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་རིག་གནས་དེ་ཉིད་ཉར་ཚགས་དང་སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནི་དགོན་སྡེ་ཁག་དང་། ཞིབ་འཇུག་ལྟེ་གནས། སློབ་གྲྭ། ཡིག་ཚགས་ཁང་། བཤམས་སྟོན་ཁང་བཅས་ཡིན། དེང་གི་དུས་འདིར་བོད་ཀྱི་རིག་གནས་རྒྱུད་འཛིན་དང་། དར་སྤེལ། བཀོལ་སྤྱོད། ཁྱབ་གདལ་དུ་གཏོང་བ་བཅས་ཀྱི་མགྱོགས་ཚད་ཆེས་མྱུར་བ་ནི་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་ཡིན་ལ། རྒྱུ་མཚན་དེས་མི་ལོ་སྟོང་ཕྲག་དུ་མར་གནས་པའི་བོད་ཀྱི་རིག་གནས་དེ་ཉིད། དུས་ཀྱི་འགྲོས་དང་བསྟུན་ཏེ་རྒྱུད་འཛིན་དང་འཕེལ་རྒྱས་སུ་སྐུལ་འདེད་བྱེད་པ་ལ་གྲངས་ཀ་ཅན་དང་། རང་ས་ཅན། ཆ་འཕྲིན་ཅན་གྱི་ལས་ནི་ཤིན་ཏུ་ནས་གལ་ཆེ་བར་སྙམ་སྟེ། འདིར་བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བའི་སྐོར་གླེང་བར་བྱ་སྟེ།
  དང་པོ། བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བའི་ཞིབ་འཇུག་གནས་བབ།
  ཆ་འཕྲིན་ལག་རྩལ་གྱི་ངོས་ནས་བོད་ཀྱི་རིག་གནས་ཞེས་བརྗོད་པ་ནི། སྐད་ཆ་དང་ཡི་གེ་རྣམ་པ་གཉིས་ལ་གོ་བ་དང་། རྣམ་པ་གཉིས་ཀྱི་སྟེང་ནས་བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བའི་སྐོར་གླེང་བར་བྱ་བ་ཡིན་ལ། བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བའི་རྒྱལ་ཕྱིའི་ཞིབ་འཇུག་གནས་བབ་དང་། རྒྱལ་ནང་གི་ཞིབ་འཇུག་གནས་བབ་རྣམ་པ་གཉིས་ཀྱི་སྒོ་ནས་གླེང་བར་བྱ་བ་ལ།
  གཅིག  རྒྱལ་ཕྱིའི་ཞིབ་འཇུག་གནས་བབ།
  བོད་ཀྱི་རིག་གནས་ནི་བོད་ཞིང་ལྗོངས་ལྔ་བཅས་ལས་བརྒལ་ཏེ། རི་བོ་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་ཁབ་ཁག་དང་། རྒྱལ་ཕྱིའི་རྒྱལ་ཁབ་སྐོར་ཞིག་ཏུ་ཞིབ་འཇུག་དང་དེ་ལ་སློབ་སྦྱོང་དོན་གཉེར་བྱེད་མཁན་མང་བ་རྣམས་གཞིར་བྱས་ཏེ་བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བའི་ཞིབ་འཇུག་གནས་བབ་སྐོར་གླེང་བར་བྱ་བ་ལ།
  ༡ བལ་བོ་དང་འཇར་མན་རྒྱལ་ཁབ་ཀྱི་ལག་བྲིས་མའི་སྲུང་སྐྱོབ་ལས་གཞི(The Nepal-German Manuscript Preservation Project, NGMPP) [①]ཞེས་པ་ནི། སྤྱི་ལོ1970ལོར་བལ་པོ་སྲིད་གཞུང་གིས་འཇར་མན་རྒྱལ་ཁབ་ལ་བལ་པོའི་ནང་ཁུལ་གྱི་ལག་བྲིས་མའི་ཡིག་ཚང་སྲུང་སྐྱོབ་བྱ་བར་སྙན་ཞུ་ཕུལ་ཏེ། སྤྱི་ལོ1970ལོ་ནས2001ལོའི་བར་བསྡུ་རུབ་བྱས་པའི་ལག་བྲིས་ཡིག་ཚང་ཆིག་འབུམ་བརྒྱད་ཁྲི་ལྷག་དང་། པར་བླངས་པའི་སྤྱིན་ཤོག་ས་ཡ་ལྔར་ཉེ་བ་ཞིག་བཟོས་པ་དང་། དེ་དག་ནི་ལེགས་སྦྱར་ཏ་ལའི་ལོ་མའི་དཔེ་རྙིང་བྲིས་མ་དང་བོད་ཡིག་གི་བྲིས་མ་ཡིན་པ་མ་ཟད། ད་དུང་ཡིག་རིགས་གཞན་གྱི་སྒོ་ནས་བྲིས་པའང་ཡོད། དེ་དག་གི་ཁྲོད་ལེགས་སྦྱར་ཏ་ལའི་ལོ་མའི་དཔེ་རྙིང་བྲིས་མའི་ཡིག་ཆའི་སྡེ་ཚན3600དང་། བོད་ཡིག་གི་བྲིས་མའི་ཡིག་ཆ་ཁྲི2.8-3.0ཙམ་གསོག་ཉར་བྱས་ཡོད། གཞན་ཡང་སྤྱི་ལོ2004ལོའི་ཟླ4པ་ནས་བཟུང་། ཡིག་ཆ་དེ་དག་ལ་དཀར་ཆག་སྒྲིག་པའི་དབུ་ཚུགས་ཏེ་སྤྱི་ལོ2014ལོའི་བར་ལས་ཀ་མཇུག་སྒྲིལ་བར་བྱས་པ་དང་། བལ་བོ་དང་འཇར་མན་རྒྱལ་ཁབ་ཀྱི་བྲིས་མའི་སྲུང་སྐྱོབ་ལས་གཞི་ལ་ལོ་ངོ་བཞི་བཅུ་ལྷག་གི་ལོ་རྒྱུས་ཡོད།
  ༢ བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས(Tibetan Buddhist Resource Center, TBRC) ཞེས་པ་འདི་ནི་ཨ་རིའི་བོད་རིག་པ་འཇམ་དབྱངས་རྣམ་རྒྱལ་ལགས(Ellis Gene Smith)(1936-2010) དང་། ཧ་ཧྥོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྥན་ཏེ་ཁང(范德康)(Leonard van der kuijp)གཉིས་ཀྱིས་སྤྱི་ལོ1999ལོར་ཨ་རིའི་གྲོང་ཁྱེར་པོ་སི་ཏུན(Boston)ནས་གསར་འཛུགས་གནང་བ་དང་། སྤྱི་ལོ2003ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་གནས་སྤར་བ་དང་། ལྟེ་གནས་འདིའི་ཡིག་ཚང་དག་དགེ་རྒན་འཇམ་དབྱངས་རྣམ་རྒྱལ་ཁོང་གིས་བོད་ཡིག་ཡིག་ཚང་བདག་གཉེར་བྱས་པ་གཙོར་བཟུང་བ་དང་། གཞན་རང་རྒྱལ་དང་། རྒྱ་གར། བལ་པོ། འབྲུག་ཡུལ་བཅས་ནས་བོད་ཡིག་ཡིག་ཚང16000ལྷག་པར་སློག་དང་། བསྡུ་ཉར་བྱས་པ་མ་ཟད། དྲ་རྒྱའི་སྟེང་ཕབ་ལེན་བཅས་བརྒྱུད་ནས་མིག་སྔའི་བར་འཛམ་གླིང་དུ་ཆེས་མང་བ་དང་། ཁ་ཚང་བ། སྣ་མང་ཕྱོགས་འདུས་ཀྱི་རིག་ཚན་དག་གི་བོད་ཡིག་གི་ཡིག་ཚང་ཞིག་ཡིན་ནོ། །
  ༣ བོད་དང་ཧི་མ་ལ་ཡའི་དཔེ་མཛོད(The Tibetan and Himalayan Digital Library,THDL)[②]ཞེས་པ་འདི་ནི་སྤྱི་ལོ2000ལོའི་ཟླ3ཚེས1ཉིན། ཨ་རིའི་ཧྥུ་ཅི་ཉི་ཡ་སློབ་ཆེན(University of Virginia)གྱི་བོད་བརྒྱུད་ནང་བསྟན་ཆེད་ལས་ཀྱི་ཞིབ་འཇུག་པ་དགེ་རྒན་ཆེན་མོ་འགྱུར་མེད་རྣམ་རྒྱལ(David Germano)ལགས་ཀྱི་སྣེ་ཁྲིད་འོག་དབུ་ཚུགས་པ་ཡིན། སྐབས་དེར་བོད་དང་ཧི་མ་ལ་ཡའི་གྲངས་མཛོད(The Tibetan and Himalayan Digital Library)ཞེས་བཏགས་པ་དང་། ཕྱིས་སུ་ད་ལྟའི་མིང་འདིར་བསྒྱུར་པ་རེད། དེ་ནི་ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་དཔེ་མཛོད་ཁང་དང་། སློབ་ཆེན་དེའི་མི་ཆོས་རིག་ཚན་གྱི་ཚད་མཐོའི་ལག་རྩལ་ཁང(the Institute for Advanced Technology in the Humanities)གཉིས་མཉམ་འབྲེལ་སྒོས་བཙུགས་པ་ཞིག་ཡིན་ལ། དེ་ནི་བོད་ཀྱི་རིག་ཚན་སྣ་མང་ཞིབ་འཇུག་ལ་ཕྱོགས་པའི་ཆེད་མཁས་པ་དང་། དགེ་རྒན། སློབ་མ་བཅས་ཕན་ཚུན་མཉམ་ལས་བྱེད་པར་བསྐྲུན་པའི་སྡིངས་ཆ་ཞིག་ཡིན། དཔེ་མཛོད་འདི་ནི་དྲ་ཐོག་གི་དཔེ་མཛོད་རྣམ་པ་ཡིན་པས། ཡི་གེ་དང་སྒྲ་བརྙན། པར་སོགས་ཀྱི་ལམ་ནས་བོད་དང་འབྲེལ་ཡོད་རིག་གནས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་རྒྱུ་ཆ་འབོར་ཆེན་བསྡུ་སྒྲིག་བྱས་ཡོད།
  ༤ ལ་རྩེ་དེང་རབས་བོད་ཀྱི་དཔེ་མཛོད་ཁང(Latse Contemporary Tibetan Cultural Library) ཞེས་པ་འདི་ནི་ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་གཞིའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཡོད། དེ་རུ་གཏན་སྡོད་ཀྱི་ཞིབ་འཇུག་མི་སྣ་བཞི་ཡིས་གྲུབ་ཅིང་དགེ་རྒན་པདྨ་འབུམ་གྱིས་ཀྲུའུ་རིན་གྱི་འགན་ཁུར་ཡོད། དེར་བོད་ཡིག་གི་ཡིག་ཚང་ཁྲི2དང་། ཚགས་པར་དང་དུས་དེབ་ཁྲི1ལྷག་བསྡུ་ཉར་གནང་ཡོད། དེ་མིན་དྲ་རྒྱའི་སྟེང་བོད་ཡིག་ཡིག་ཆ་འཚོལ་ཞིབ་བྱེད་པ་དང་། ལྟ་ཀློག་བྱེད་པ་བཅས་ལ་སྟབས་བདེའི་དགེ་མཚན་བསྐྲུན་ཡོད།
  ༥ འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང(National Library of Bhutan) ཞེས་པ་འདི་ནི། སྤྱི་ལོ1967ལོར་གསར་སྐྲུན་བྱས་པ་དང་། དེར་ཆོས་ལུགས་དང་། རིག་གནས། ལོ་རྒྱུས་བཅས་ཀྱི་སྲོལ་རྒྱུན་གྱི་ཡིག་ཚང་ཡོད་པར་མ་ཟད། བོད་ཡིག་ལག་བྲིས་མ1500ལྷག་དང་། དཔེ་དེབ་གཞན2600ལྷག་བསྡུ་ཉར་བྱས་ཏེ་ད་ལྟ་གློག་རྡུལ་ཅན་དུ་གཏོང་བཞིན་ཡོད།
  ༦ ཉི་ཧོང་ཨཱོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང(Otani University Library) ཞེས་པ་འདིའི་ནང་བཀའ་བསྟན་འགྱུར་པེ་ཅིང་པར་མ་གཙོ་བྱས་པའི་བོད་ཡིག་དཔེ་རྙིང་པོད1330ཙམ་བཞུགས་པ་དང་། དཔེ་རྙིང་བྲིས་མ་དང་པར་མ་བཅས་པོད800ཙམ་ཡོད། སྤྱི་ལོ1970ལོ་ནས་བཟུང《ཉི་ཧོང་ཨཱོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོར་ཉར་བའི་བོད་ཀྱི་ཡིག་ཚང་དཀར་ཆག》ཅེས་པ་རྩོམ་སྒྲིག་མཛད་པ་དང་། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པ་ནས་བཟུང་། དཔེ་མཛོད་ཁང་དེ་གས་བོད་ཡིག་གི་ཡིག་ཚང་དག་གློག་རྡུལ་ཅན་དང་། གཞི་གྲངས་ཅན། དྲ་རྒྱ་ཅན་དུ་གཏོང་མགོ་བརྩམས། དེ་མིན་སྤྱི་ལོ1996ལོ་ནས་བཟུང་བོད་ཡིག་གི་ཡིག་ཚང་མང་པོ་ཞིག་གློག་རྡུལ་ཅན་དུ་བཟོས་ཡོད་པར་མ་ཟད། དྲ་ཐོག་ནས་ཡིག་ཆ་ཕབ་ལེན་བྱེད་ཐུབ་པ་དང་། འཚོལ་བཤེར་བྱེད་ཐུབ་པ[③]བཅས་ཀྱི་དགེ་མཚན་ལྡན།      
  ༧ འབྲས་ལྗོངས་རྣམ་རྒྱལ་བོད་རིག་པ་ཞིབ་འཇུག་གླིང(The Namgyal Institute of Tibetology,NIT) ཞེས་པ་འདི་ནི། སྤྱི་ལོ1958ལོར་འབྲས་ལྗོངས་ཀྱི་ལུགས་ལྟར་གསར་སྐྲུན་བྱས་པ་དང་། འཛམ་གླིང་དུ་བོད་ཡིག་གི་གསུང་རབ་བསྟན་བཅོས་ཆེས་མང་བའི་དཔེ་མཛོད་ཁང་ཞིག་ཡིན། དེར་ད་དུང་བཤམས་སྟོན་ཁང་ཞིག་འདུག་ལ་དེ་རུ་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་སྐུ་བརྙན་མང་པོ་འདུག་པ་མ་ཟད། འབྲས་ལྗོངས་ས་ཁུལ་གྱི་དགོན་སྡེ་དྲུག་ཅུ་ལྷག་གི་ལོ་རྒྱུས་ཡིག་ཚང་ད་ལྟ་གློག་རྡུལ་ཅན་དུ་གཏོང་བཞིན་འདུག་གོ །  
  ༨ དབྱིན་ཇིའི་རྒྱལ་སྤྱིའི་ཏུན་ཧོང་ལས་གཞི(http://Idp.bl.uk)ཞེས་པ་འདིའི་གཞི་གྲངས་ཁྲོད་དབྱིན་ཇི་རྒྱལ་ཁབ་དང་། ཧྥ་རན་སི་རྒྱལ་ཁབ་ཏུ་ཉར་བའི་ཏུན་ཧོང་ཡིག་ཚང300ལྷག་དང་། གྲངས་ཀ་ཅན་གྱི་ཡིག་ཚང་ཁྲི་གཅིག་ལྷག་ལས་སྣོན་བྱེད་བཞིན་ཡོད།
  ༩ འབྲུག་པ་བཀའ་བརྒྱུད་རྒྱུད་འཛིན་འཆར་གཞི་ཞེས་པ་འདི་ནི་འབྲུག་པ་བཀའ་བརྒྱུད་པས་སྤྱི་ལོ1992ལོར་བཙུགས་པ་ཞིག་ཡིན་ལ། སྤྱི་ལོ1993ལོ་ནས་སྤྱི་ལོ1998ལོའི་བར། རྩིས་འཁོར་དུ་བོད་ཡིག་ཡིག་རྙིང150ལྷག་དང་། པར་སྐྲུན་བྱས་པའི་དཔེ་དེབ120ལྷག་པར་སྐྲུན་བྱས་ནས་དྲ་རྒྱའི་སྟེང་ཕབ་ལེན་བྱ་བར་འབད་རྩིས་ཡོད།
  ༡༠ ཧི་མ་ལ་ཡའི་སྒྱུ་རྩལ་ཐོན་ཁུངས་ལྟེ་གནས(Himalayan Art Resources, HAR) ཞེས་པ་འདི་ནི་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་གནས་ཤིང་། ཧི་མ་ལ་ཡའི་སྒྱུ་རྩལ་སློབ་གསོ་དང་ཞིབ་འཇུག་གི་གཞི་གྲངས་མཛོད། རྟོག་བཟོའི་བཤམས་སྟོན་ཁང་བཅས་ཀྱིས་གྲུབ་པ་ཞིག་ཡིན།
  ༡༡ ཉི་ཧོང་གི་ཏུང་དབྱང་རིག་མཛོད(Toyo Bunko) ཞེས་པ་འདི་ནི་ཉི་ཧོང་གི་ཏུང་ཅིང་དུ་གནས་ཤིང་། དེར་བོད་ཡིག་གི་ཡིག་ཚང10373ལྷག་ཡོད་པ་དང་། སྤྱི་ལོ1970ལོ་ནས་སྤྱི་ལོ1972ལོའི་བར་ཏུང་དབྱང་རིག་མཛོད་ཀྱི་རོགས་དངུལ་འོག་ཏུ། འབྲེལ་ཡོད་ཀྱི་ཆེད་མཁས་པ་རྒྱ་གར་དང་། བལ་པོ། འབྲུག་ཡུལ། འབྲས་ལྗོངས་བཅས་སུ་བསྐྱོད་ནས་བོད་ཡིག་ཡིག་ཚང་གི་སྔོག་འདོན་དང་། ཞིབ་བཤེར་བྱས་ཏེ་ཡིག་ཚང་འབོར་ཆེན་བསྡུ་སྒྲིག་དང་སྔོག་འདོན་བྱས་པ་མ་ཟད། བོད་ཡིག་ཡིག་ཚང་གི་རྒྱུ་ཆ་འབོར་ཆེན་ལག་སོན་བྱུང་། ད་ལྟའི་ཆར་དེ་དག་གློག་རྡུལ་ཅན་དུ་གཏོང་བཞིན་ཡོད།
  ༡༢ སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང(www.monlamit.org) ཞེས་པ་འདི་ནི་དེ་སྔའི་སྤྱི་ལོ2005ལོར་སྨོན་ལམ་བོད་ཡིག་ཐོན་རིམ་དང་པོ་དང་། སྤྱི་ལོ2006ལོར་སྨོན་ལམ་བོད་ཡིག་ཐོན་རིམ་གཉིས་པ། སྤྱི་ལོ2009ལོར་སྨོན་ལམ་བོད་ཡིག་ཐོན་རིམ་གསུམ་པ་དང་། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་མཉེན་ཆས་བཅས་ཀྱི་རྨང་གཞིའི་སྟེང་སྤྱི་ལོ2012ལོའི་ཟླ4ཚེས20ཉིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ནས་རྒྱ་གར་དུ་དངོས་སུ་གསར་འཛུགས་གནང་། དེ་ནི་བརྡ་འཕྲིན་ཤེས་བྱའི་སྐོར་ལ་ཞིབ་འཇུག་དང་། བོད་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་སྣ་ཚོགས་ཞིབ་འཇུག་དང་བཟོ་སྐྲུན་བྱེད་པའི་ལྟེ་གནས་ཁང་ཞིག་ཡིན། དེར་སྐད་གྲགས་ཆེན་པོ་ཡོད་པའི་ཐོན་དངོས་ཤིག་ཡོད་པ་ནི《སྨོན་ལམ་ཚིག་མཛོད་ཆེན་མོ》ཡིན།
  གོང་གསལ་དུ་མཚམས་སྦྱོར་ཞུས་པ་ནི་རྒྱལ་ཕྱིའི་བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བའི་སྐོར་གྱི་གནས་ཚུལ་ཡིན་ལ། འདི་དག་ཕལ་ཆེ་བ་ཞིག་ད་ལྟ་མིག་མཐོང་ལག་ཟིན་དུ་གྱུར་པ་མ་ཟད། དྲ་སྟེང་དུ་ཕབ་ལེན་བྱ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད།
  གཉིས།  རྒྱལ་ནང་གི་ཞིབ་འཇུག་གནས་བབ།
  ལྟོས་བཅས་ཀྱིས་བཤད་ན། རྒྱལ་ནང་དུ་བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བའི་གོམ་སྟབས་ཅུང་དལ་བ་དང་། ཉེ་བའི་ལོ་འདི་འགར་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་སྐབས་ཤིག་ཡིན་པ་ལས། འདིར་རྒྱལ་ནང་གི་ཞིབ་འཇུག་གནས་བབ་སྐོར་གླེང་བར་བྱ་བ་ལ།
  ༡ ཧི་མ་ལའི་རིག་མཛོད་ཁང་དང་དྲ་ཚིགས(喜马拉雅文库)(Himalayan Encyclopedia)ཞེས་པ་འདི་ནི་སྤྲུལ་སྐུ་ཚེ་རིང་རྡོ་རྗེ་ལགས་ཀྱིས་མ་དངུལ་འབོར་ཆེན་བཏང་སྟེ་སྤྱི་ལོ2012ལོར་གསར་དུ་དབུ་བཙུགས་པའི་སྒེར་པའི་ལས་ཁུངས་ཤིག་ཡིན། འདིས་བོད་ཀྱི་ཆོས་དང་རིག་གནས་ཀྱིས་བསྡུས་པའི་རིག་གཞུང་མཐའ་དག་ཕྱོགས་བསྡུས་བྱས་ཏེ་འཕྲུལ་དེབ་དང་ལྟ་ཀློག་གི་རྣམ་པ་མི་འདྲ་བ་གཉིས་མཁོ་སྤྲོད་བྱེད་པ་མ་ཟད། ཆོས་དང་རིག་གནས་མཐའ་དག་གི་རྒུད་པ་བསྐྱར་གསོ་དང་གནས་པ་རྒྱུད་འཛིན། ཆད་པ་ཁ་སྐོང་གཏོང་བ་བཅས་ཀྱི་ཆེད་དུ་སྒོ་ཀུན་ནས་བརྩོན་པ་ཆེས་ཆེར་བསྐྱེད་དེ་བྱ་བ་སྣ་ཚོགས་སྒྲུབ་བཞིན་ཡོད། 
  ༢ ཀྲེ་ཅང་སློབ་ཆེན་ནང་བསྟན་ཐོན་ཁུངས་དང་ཞིབ་འཇུག་ལྟེ་གནས(浙江大学佛教资源与研究中心)(Buddhist Resource and Research Center, BDRC)ཞེས་པ་ནི་སྤྱི་ལོ2016ལོར་གསར་དུ་བཙུགས་པའི་རྒྱལ་ནང་གི་ཆེས་ཐོག་མའི་ནང་བསྟན་ཐོན་ཁུངས་གསོག་འཇོག་དང་། གཅིག་སྡུད་དང་རིག་གཞུང་ཞིབ་འཇུག་བཅས་མཉམ་གཅིག་ཏུ་འདུས་པའི་སྡེ་ཚན་ཞིག་ཡིན་ལ། ཨ་རིའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས(TBRC)[④]ཀྱིས་ཉར་ཚགས་གནང་པའི་ནང་བསྟན་ཡིག་ཚང18975ལྷག་དང་པར་རིས་བཅས་རྨང་གཞི་བྱས་ཐོག ཤེས་བྱ་ཀུན་འདུས་ཀྱི་ནང་བསྟན་གློག་རྡུལ་དཔེ་མཛོད་ཁང་ཞིག་ཏུ་སྙེག་བཞིན་ཡོད། སྤྱི་ལོ2020ལོ་ནས་བཟུང་ལྟེ་གནས་དེ་གས(BDRC)རྨང་གཞིའི་སྟེང་འཛམ་གླིང་ལ་ཁ་གཏད་དེ་གྲངས་ཀའི་བཀོལ་སྤྱོད་ཡིག་ཚགས་ཁང(Buddhist Universal Digital Archive, BUDA)གསར་འཛུགས་གཞི་རྒྱ་ཆེས་ཆེ་བའི་ནང་བསྟན་ཐོན་ཁུངས་ཤིག་ལ་བརྩོན་བཞིན་མཆིས།
  ༣ ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ཡིག་ཡིག་ཚང་ཐོན་ཁུངས་གཞི་གྲངས་ལྟེ་གནས(中国藏学研究中心藏文文献资源数据中心)ཞེས་པ་ནི་སྤྱི་ལོ2017 ལོའིཟླ8ཚེས21ཉིན། པེ་ཅིང་གི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་དབུ་ཚུགས་པ་དང་། ལྟེ་གནས་འདིས་མ་འོངས་པར་བོད་ཡིག་ཡིག་ཚང་གི་ཐོན་ཁུངས་གཅིག་སྡུད་བྱེད་པ་དང་། བོད་ཡིག་ཡིག་ཚང་བསྡུ་སྒྲིག་བྱེད་པ། དཀར་ཆག་འགོད་པ། ཞིབ་འཇུག་དང་སྔོག་འདོན་བྱེད་བཞིན་རྩིས་འཁོར་དུ་ཡིག་ཚང་གསོག་འཇོག་དང་། སྲུང་སྐྱོབ། འཚོལ་བཤེར་བཅས་བྱེད་ཀྱིན་ཡོད།  
  ༤ ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་གསུང་རབ་རྩིས་འཕྲུལ་ཞིབ་འཇུག་ཁང(西北民族大学中国藏文典籍全文数字化研究所)ཞེས་པ་ནི་དགེ་རྒན་རྡོ་ལྷ་ལགས་ཀྱིས་དབུ་ཁྲིད་དེ་གསར་འཛུགས་གནང་བ་དང་། དེར་གཙོ་བོ་བཀའ་བསྟན་འཚོལ་བཤེར་མ་ལག་དང་། བོད་ཡིག་ཆ་འཕྲིན། བོད་ཡིག་གསུང་རབ་འཚོལ་བཤེར། ཡོངས་འཛིན་འཚོལ་བཤེར་བཅས་ཀྱི་ལས་ཀ་གཉེར་བཞིན་ཡོད། མི་འགྱངས་པར་བོད་ཡིག་བཀའ་བསྟན་འཚོལ་བཤེར་མ་ལག་ཤར་གཏོང་བྱ་རྩིས་འདུག
  ༥ ཡོངས་འཛིན་འཚོལ་བཤེར(云藏搜索)(https://www.yongzin.com/)ནི་བོད་ཡིག་གི་དྲ་ཐོག་ཆ་འཕྲིན་འཚོལ་བཤེར་གྱི་མ་ལག་ཅིག་ཡིན་ཏེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ལོ2013ལོ་ནས་ལས་གཞིའི་མགོ་བརྩམས་པ་དང་། ད་ལྟ་གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་སྡེ་ཚན་ཆེན་པོ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཏུ་གྲུབ་ཡོད་ཅིང་། འཛམ་གླིང་ཧྲིལ་བོའི་བོད་ཡིག་འཚོལ་བཤེར་ཆེས་ཐོག་མ་དང་ཆེས་ཆེ་ཤོས་སུ་ཆགས་ཡོད། སྤྱི་ལོ2016ལོའི་ཟླ8པའི་ཚེས22ཉིན་ནས་དངོས་སུ་ཤར་གཏོང་བྱས་པ་དང་། མིག་སྔར་བོད་སྐད་ཡིག་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བའི་གོམ་སྟོབས་སྔར་ལས་ཇེ་མགྱོགས་སུ་གཏོང་བཞིན་མཆིས་པ་མ་ཟད། མིག་སྔར་ཡོངས་འཛིན་འཚོལ་བཤེར་མ་ལག་ཏུ་སྤེལ་བའི་ཡིག་ཚང36117ལྷག་དང་། རིག་མཛོད་དུ་བརྡ་འགྲེལ63342[⑤]ལྷག་ཡོད།
  གཞན་ཡང་བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་དང་། བོད་ལྗོངས་ཡིག་ཚགས་ཁང་ལ་སོགས་པའི་སློབ་གྲྭ་དང་། ལས་ཁུངས་སྐོར་ཞིག་གིས་བོད་ཡིག་ཡིག་ཚང་གི་གཞི་གྲངས་མཛོད་དང་། འཚོལ་བཤེར་མ་ལག་བཅས་སྒྲུབ་པའི་གནས་ཚུལ་འདུག་པ་དང་། མིག་སྔའི་བར་གྲུབ་འབྲས་མངོན་དུ་མ་གྱུར་པས་འདིར་མི་གླེང་ངོ་། །
  གཉིས་པ། བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བའི་དགོས་པ།
  སྔོན་གྱི་ཆར། “སྤྱི་ལོ1408ལོར་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་ནང་བློན་ཐའི་ཀྱེན་བཞི་བོད་དུ་མངགས་ནས་རྗེ་ཙོང་ཁ་པར་མཚམས་འདྲི་ཞུས་ཤིང་རྗེ་ཙོང་ཁ་པ་རང་ཉིད་ཀྱི་སྐུ་ཚབ་དུ་རང་གི་སློབ་མ་བྱམས་ཆེན་ཆོས་རྗེ་མེས་རྒྱལ་ནང་ཁུལ་དུ་མངགས་ཏེ་དགེ་ལུགས་པའི་ཆོས་ཐོག་མར་སྤེལ། གོང་མ་ཡུང་ལོས་ནན་ཅིང་དུ་བོད་ཡིག་གི་བཀའ་འགྱུར་ཤིང་པར་དེ་ཐོག་མར་དཔར་བརྐོས་བྱས་ཤིང་། ས་སྐྱ་བ་དང་། ཀརྨ་པ། ཙོང་ཁ་པ་བཅས་ལ་བོད་ཡིག་གི་བཀའ་འགྱུར་ཆ་ཚང་རེ་འབུལ་རྒྱུ་བསྐུར་བ་རྣམས་བོད་དུ་འབྱོར”[⑥]ཞེས་པ་ལ་གཞིགས་ན། མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོའི་ཕན་ཆད་བོད་དུ་དཔར་སྐྲུན་གྱི་ལས་རིགས་དར་སྲོལ་མི་འདུག་པ་ཤེས་ཐུབ། སྐབས་དེ་ནས་བོད་དུ་དཔར་སྐྲུན་ལས་རིགས་ཀྱི་འཕེལ་བ་དང་། བོད་ཀྱི་རིག་གནས་མི་ཉམས་རྒྱུན་འཛིན་ལ། བོད་ཀྱི་དཔར་ཁང་སྟེ་དགའ་ལྡན་པར་ཁང་། ཕུན་ཚོགས་གླིང་པར་ཁང་། ལི་ཐང་པར་ཁང་། འབྲས་སྤུངས་ཕོ་བྲང་དཔར་ཁང་། བཀྲ་ཤིས་ལྷུན་པོའི་དཔར་ཁང་། ཅོ་ནེ་དཔར་ཁང་། སྣར་ཐང་དཔར་ཁང་། སྡེ་དགེ་པར་ཁང་། བཀྲ་ཤིས་འཁྱིལ་དཔར་ཁང་། སྐུ་འབུམ་དཔར་ཁང་། ཞོལ་པར་ཁང་གསར་པ་ལ་སོགས་པས་བྱས་རྗེས་བླ་མེད་བསྐྲུན་ཡོད་པ་ནི་སྨོས་མ་དགོས་པ་རེད།
  དེང་གི་ཆར། ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་ཀྱི་འགྲོས་མྱུར་བ་དང་། ཡོད་ཚད་ཆ་འཕྲིན་དུ་ཕྱོགས་པའི་དུས་འདིར། བོད་ཀྱི་རིག་གནས་ཉིད་ཀྱང་ཆ་འཕྲིན་དུས་རབས་ཀྱི་རྗེས་ཆོད་པར་འབད་དགོས་པ་ནི་སྨོས་མ་དགོས་པ་དང་། ཆ་འཕྲིན་དུས་རབས་ཀྱི་རྗེས་མ་བསྙེག་ན་རྗེས་ལུས་ཐེབས་ཀྱིན་འདུག་པས་ང་ཚོས་ནུས་ཤུགས་གང་ཡོད་བཏོན་ཏེ་བོད་ཀྱི་རིག་གནས་དེ་ཆ་འཕྲིན་ཅན་དང་། གྲངས་ཀ་ཅན་དུ་བསྒྱུར་རྒྱུ་ནི་དུས་རབས་ཀྱིས་ང་ཚོར་བཏོན་པའི་འོས་འགན་ཞིག་ཡིན། འདིར་དེ་ལས་བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བའི་དགོས་པ་ལ།
  གཅིག  སྲུང་སྐྱོབ་དང་མྱུར་སྐྱོབ་ཀྱི་རིན་ཐང་ལྡན་པ།
  བོད་ཡིག་ཡིག་ཚང་ནི་མི་རིགས་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བོད་ཡིག་ཡིག་ཚང་མང་པོ་ཞིག་བོད་ཀྱི་ཡུལ་ལུང་ཁག་དང་། དགོན་སྡེ་ཁག བཤམས་སྟོན་ཁང་བཅས་སུ་ཐ་ཐོར་དུ་གནས་པས་དེར་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་དང་སྔོག་འདོན་བྱ་རྒྱུ་ནི་རྗེས་རབས་པ་དང་། གཞོན་སྐྱེས་དག་གི་ཕྲག་ལ་བབས་པའི་འོས་འགན་གལ་ཆེན་ཞིག་ཡིན། ལྷག་པར་རྩ་ཆེ་བའི་བོད་ཡིག་ཡིག་ཚང་དག་མྱུར་སྐྱོབ་བྱས་ཏེ་དཀར་ཆག་སྒྲིག་པ་དང་། སྔོག་འདོན་བྱེད་པ། པར་སྐྲུན་བྱེད་པ། གྲངས་ཀ་ཅན་དུ་བསྒྱུར་བ་བཅས་ཀྱི་སྒོ་ནས་སྲུང་སྐྱོབ་དང་མྱུར་སྐྱོབ་ལ་ནུས་པ་ཤུགས་ཆེར་འདོན་བཞིན་ཡོད།  
  གཉིས། དངོས་ཡོད་ཀྱི་རིན་ཐང་དང་སྤྱི་ཚོགས་ཀྱི་རིན་ཐང་ལྡན་པ།
  བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བཅུ་ཕྲག་རིག་གནས་དང་། བཀའ་བསྟན་དང་། བོད་རང་གི་མཁས་དབང་སོ་སོའི་གསུང་འབུམ་བསྟན་བཅོས་ལ་གྲངས་འབོར་ཆེས་མང་བ་འཛམ་གླིང་དུ་ངོམ་དུ་རུང་བ་ཞིག་ཡིན་ཡང་། བོད་ཀྱི་ཡུལ་ཁམས་རྒྱ་ཆེ་བའི་དབང་གིས་དེ་རྣམས་ཐ་ཐོར་ཡིན་པ་དང་། ལྟ་ཀློག་སྟབས་མི་བདེ་བ་བཅས་ཀྱིས་གསུང་རབ་བསྟན་བཅོས་དེ་དག་གློག་རྡུལ་ཅན་དང་། གྲངས་ཀ་ཅན། ཆ་འཕྲིན་ཅན། དྲ་རྒྱ་ཅན་དུ་བསྒྱུར་ན་བོད་ཀྱི་རིག་གནས་ལ་དོན་གཉེར་བྱེད་མཁན་སྤྱི་དང་། ཀློག་པ་པོ་རྣམས་ལ་བླ་ན་མེད་པའི་སྟབས་བདེ་བསྐྲུན་ཐུབ་པ་མ་ཟད། དུས་ཀྱི་འགྲོས་དང་མཐུན་པར་དངོས་ཡོད་ཀྱི་རིན་ཐང་དང་སྤྱི་ཚོགས་ཀྱི་རིན་ཐང་ལྡན་པ་སྨོས་མ་དགོས་སོ། །    
  གསུམ། ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཀྱི་རིན་ཐང་ལྡན་པ།
  དེང་གི་ཆར།  སྔར་ལས་མགྱོགས་པར་འཛམ་གླིང་ཧྲིལ་པོ་གཅིག་གྱུར་ཅན་དང་། ཆ་འཕྲིན་ཅན་དུ་སླེབས་པའི་སྐབས་འདིར་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བྱེད་པ་ནི་ཤིན་ཏུ་ནས་གལ་ཆེ་བར་མཐོང་། སྤྱི་ལོ2002ལོར། རྒྱལ་ཁབ་རིག་གནས་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་མཉམ་དུ“རྒྱལ་ཡོངས་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི་སྤེལ་བ”[⑦]ཞེས་པའི་རྩ་དོན་ལག་བསྟར་གནང་བ་དང་སྦྲགས། ཞིབ་འཇུག་སྡེ་ཁག་དང་ས་གནས་སོ་སོས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཀྱི་ཕྱོགས་སུ་འབད་པ་ལྷུར་ལེན་བྱེད་བཞིན་མཆིས། ལྷག་པར་ཕྱི་རྒྱལ་ན་ཡོད་པའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་དང་། ལ་རྩེ་དེང་རབས་བོད་ཀྱི་དཔེ་མཛོད་ཁང་ལ་སོགས་པས་བོད་ཀྱི་རིག་གནས་ཆ་འཕྲིན་ཅན་དུ་བཏང་བ་ལ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གདེང་འཇོག་ཚད་མཐོན་པོ་འདུག་པ་མ་ཟད། ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་པས་བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བའི་དགོས་པ་ལ་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་ནོ། །
  བཞི། གཞི་གྲངས་ཆེན་མོའི་འཛུགས་སྐྲུན་ལ་ཕན་འབྲས་ལྡན་པ།
  ད་ལྟ་ཡོད་ཚད་བློ་ལྡན་ཅན་དང་། གཞི་གྲངས་ཅན་དུ་བསྒྱུར་བའི་གོམ་སྟོབས་སྔར་ལས་ཇེ་མགྱོགས་སུ་འགྲོ་བཞིན་འདུག་པ་དང་། བོད་ཀྱི་སྐད་དང་ཡི་གེ་ཉིད་ཀྱང་རིག་མཛོད་འཛུགས་སྐྲུན་ནས་མགོ་བརྩམས་ཏེ་གཞི་གྲངས་ཆེན་མོའི་ཕྱོགས་སུ་བསྐྱོད་བཞིན་འདུག དེ་ལྟར་ཡིན་ན་བོད་ཀྱི་སྐད་དང་ཡི་གེ་ལ་སྔར་ལས་གསོན་ཤུགས་གསར་བ་རྒྱས་པ་ནི་སྨོས་མ་དགོས་པ་དང་། ང་ཚོས་ཀྱང་གཞི་གྲངས་ཆེན་མོའི་ཕྱོགས་དང་། འཕྲུལ་ཆས་ཅན་དུ་བསྒྱུར་བར་འབད་པ་ལྷུར་ལེན་བྱ་རྒྱུ། དུས་ཀྱི་འགྲོས་དང་མཐུན་པར་འཛམ་གླིང་ཧྲིལ་བོར་ཕྱོགས་ཏེ་གཞི་གྲངས་ཆེན་མོའི་འཛུགས་སྐྲུན་ལ་རམ་འདེགས་གང་ནུས་བསྐྲུན་ན། བོད་ཀྱི་རིག་གནས་ཀྱི་གླེགས་བམ་རྣམས་ཀློག་པ་པོ་ཀུན་ལ་སྟབས་བདེ་དང་། རིག་གནས་ཐོན་ལས། རིག་གནས་འཕེལ་རྒྱས་ལ་སོགས་པའི་ཐད་དུ་དགེ་མཚན་གང་ལེགས་ལྡན་ནོ། །
  གསུམ་པ། བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་འོས་སྐོར།
  འདིར་བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་འོས་སྐོར་ལ་བསམ་གཞིགས་དང་། བོད་ཡིག་ཡིག་ཚང་གི་ཆ་འཕྲིན་གྱི་སྐོར་ནས་གནད་དོན་འགའ་འདོན་པར་བྱ་སྟེ།
  གཅིག   ཚད་ལྡན་གྱི་ཨང་སྒྲིག་དང་མཉེན་ཆས་ཀྱི་སྐོར།
  བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བར་ལོ་རབས་སྔོན་མར་བོད་ཡིག་ལ་རྒྱལ་སྤྱིའི་ཚད་ལྡན་གྱི་ཨང་སྒྲིག་མེད་པས་ཡིག་གཟུགས་གཅིག་གྱུར་བྱ་མི་ཐུབ་པ་དང་། ལྟ་ཀློག་བྱེད་པར་དཀའ་ངལ་གང་མང་ལྡན། སྤྱི་ལོ2007ལོའི་ཟླ1པོའི་ཚེས30ཉིན་ནས་བཟུང་། འཛམ་གླིང་ཡོངས་སུWindows Vistaཤར་གཏོང་བྱས་པས་བོད་ཡིག་ལ་རྒྱལ་སྤྱིའི་ཚད་ལྡན་གྱི་ཨང་སྒྲིག་ཡོད་པས་ཧི་མ་ལ་ཡའི་ཡིག་གཟུགས་བྱུང་བ་དང་། དེ་དང་མཉམ་དུ་བོད་ཡིག་བཀོལ་སྤྱོད་བྱེད་པའི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རྒྱལ་སྤྱིའི་ཚད་ལྡན་གྱི་ཨང་སྒྲིག་ཡོད་པའི་ཧི་མ་ལ་ཡའི་ཡིག་གཟུགས་སྤྱོད་མགོ་བརྩམས། དེ་ནི་བོད་ཀྱི་སྐད་དང་ཡི་གེ་ཚད་ལྡན་ཅན་དང་། གཅིག་གྱུར་ཅན་དུ་བགྲོད་པའི་ལམ་བུ་ཡིན་པས། ལོ་རྒྱུས་ཀྱིས་དྲན་ཐོར་བཀོད་པའི་དོན་ཡོད་ཡིག་གཟུགས[⑧]དང་། ཧྥང་ཀྲིན་ཡིག་གཟུགས།[⑨] པཎྜི་ཏ་ཡིག་གཟུགས[⑩]སོགས་བསྐྱུར་ཏེ་ཆ་འཕྲིན་ལག་རྩལ་གྱི་མྱུར་བསྐྱོད་གཞུང་ལམ་སྟེང་ང་ཚོས་ཀྱང་རྒྱལ་སྤྱིའི་ཚད་ལྡན་གྱི་ཨང་སྒྲིག་ཡོད་པའི་ཧི་མ་ལ་ཡའི་ཡིག་གཟུགས་ཀྱི་སྟེང་ནས་ཡིག་གཟུགས་གཅིག་གྱུར་དང་ཚད་ལྡན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །
  གཉིས།  བོད་ཡིག་ཡིག་ཚང་གི་ཚད་ལྡན་དང་གཅིག་གྱུར་སྐོར།
  བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བར་ཐོག་མར་བོད་ཡིག་ཡིག་ཚང་གི་ཚད་ལྡན་དང་གཅིག་གྱུར་བྱ་བ་ཡོང་བར་ཤིན་ཏུ་གལ་ཆེ་བས་ན། དེའི་ཐབས་ནི་གཤམ་གསལ་ལྟར།
  ༡ བོད་ཡིག་ཡིག་ཚང་གི་བརྡ་ཆད་ཚད་ལྡན་ཅན།
  བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བར་བོད་ཡིག་ཡིག་ཚང་གི་རིགས་དབྱེ་བྱེད་སྟངས་ཚད་ལྡན་ཅན་དང་། གཅིག་གྱུར་ཅན་དུ་ཡོང་བར་བྱ་རྒྱུ་ནི་ཆ་འཕྲིན་ཅན་དང་། འཕྲུལ་ཆས་ཅན་དུ་བགྲོད་པའི་རྨང་གཞིའི་ལས་ཀ་ཞིག་ཡིན་པས་མིག་སྔའི་བར་དུ་བོད་ཡིག་ཡིག་ཚང་གི་རིགས་དབྱེ་བྱེད་སྟངས་བརྡ་ཆད་ཚད་ལྡན་དང་། གཅིག་གྱུར་ཅན་དུ་བཀོལ་སྤྱོད་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། དཔེ་དེབ་ལ་མཚོན་ན། དཔེར་ན། ཀ་ཐོ། ཁ་བྱང་། དཔེ་ཐོག་གི་ཁ་བྱང་། རྩོམ་པ་པོ། རྩོམ་པ་པོའི་མིང་། བསྡུས་མིང་། མིང་གཞན། ནང་དོན་གནད་བསྡུས། ནང་དོན་མདོར་བསྡུས། ལྡེབ་གྲངས། ཤོག་གྲངས། པར་སྐྲུན་གྱི་ལོ་ལྟ་བུ་དང་། དུས་དེབ་ལ་མཚོན་ན། རྒྱ་ཡིག་གི(摘要、关键词)བརྡ་ཆད་འདི་གཉིས་ལ་མཚོན་ན། བོད་ཡིག་ཏུ་ནང་དོན་གནད་བསྡུས་དང་། བརྡ་ཆད་གཙོ་བོ། གནད་བཏུས། གནད་ཚིག ནང་དོན་གནད་བཤུས། ཐ་སྙད་གཙོ་བོ་སོགས་མིང་གི་འདོགས་ཚུལ་སྣ་ཚོགས་ཤིག་མཆིས་པས་བོད་ཡིག་ཡིག་ཚང་གི་བརྡ་ཆད་ཚད་ལྡན་ཅན་ནི་ཤིན་ཏུ་གལ་ཆེའོ། །
  ༢ བོད་ཡིག་ཡིག་ཚང་གི་དཀར་ཆག་གི་རིགས་དབྱེ་འགོད་སྟངས་གཅིག་གྱུར་ཅན་དང་། ཚད་ལྡན་ཅན་དུ་གཏོང་བ།
  མིག་སྔའི་བར་དུ་རྒྱལ་ཁབ་ཕྱི་ནང་གི་བོད་ཡིག་ཡིག་ཚང་གི་དཀར་ཆག་འགོད་སྟངས་གཅིག་གྱུར་ཅན་དང་། ཚད་ལྡན་ཅན་མིན་པས་བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་བར་དཀའ་ཁག་འདུག་པས། བོད་ཡིག་ཡིག་ཚང་གི་དཀར་ཆག་འགོད་སྟངས་འདྲ་མིན་སྣ་ཚོགས་མང་པོ་ཞིག་འདུག་པ་དང་། དེ་ལས་གནའ་རབས་ཀྱི་དཀར་ཆག་འགོད་ལུགས་ལ། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི《བོད་ཀྱི་དཀར་ཆག་རིག་པ》རུ་དཀར་ཆག་རྒྱས་འབྲིང་བསྡུས་གསུམ་འགོད་ཚུལ་དང་དེའི་ལག་ལེན་གྱི་རེའུ་མིག[11]ཅེས་དུམ་བུའི་རྣམ་གྲངས་དང་། དགོད་བྱའི་ནང་དོན་བཅས་འདུག་པ་དང་། གཞན་ཡང་དཀར་ཆག་རྒྱས་འབྲིང་བསྡུས་གསུམ་གྱི་དཔེར་བརྗོད་ཡོད་པ་གཤམ་དུ་རེའུ་མིག་ཏུ་གསལ་བ་བཞིན། རྗེ་ཤེས་རབ་རྒྱ་མཚོའི་བཞེད་པ[12]དང་། བླ་བྲང་དགོན་པའི་དཔེ་ཆ་སྤྱིའི་དཀར་ཆག་གི་འགོད་ཚུལ[13]དེ་ཀུན་གྱིས་ཚད་གཞིར་བཀུར་བཞིན་འདུག
  དཀར་ཆག་རྒྱས་པ་འགོད་ཚུལ་གྱི་དཔེར་བརྗོད། རེའུ་མིག་དང་པོ།
  དཀར་ཆག་འབྲིང་བ་འགོད་ཚུལ་གྱི་དཔེར་བརྗོད། རེའུ་མིག་གཉིས་པ།
  དཀར་ཆག་བསྡུས་པའི་དཔེར་བརྗོད། རེའུ་མིག་གསུམ་པ།
  གཞན་ཡང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོར་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་འགོད་སྟངས་ལ། དཔེར་ན། སྤྱིའི་ཨང་རྟགས། ལེ་ཚན་གྱི་གྲངས། དཔེ་ཐོག་གི་མཚན་བྱང་། མཛད་པ་པོ། མཛད་དུས། ཤོག་གྲངས། པར་ཁང་། པར་གཞི། ལྡེབ་ཚད་བཅས་འདུག་པ་ལྟ་བུ། 
  ཡོངས་འཛིན་འཚོལ་བཤེར་མ་ལག་ཏུ་དཔེར་ན། རྒྱལ་རབས་གསལ་བའི་མེ་ལོང་ལ་མཚོན་ན། གཞི་རྩའི་གནས་ཚུལ། རྒྱ་ཡིག་གི་མིང་། རྩོམ་པ་པོ། དཔེ་སྐྲུན་ཁང་། པར་སྐྲུན་གྱི་ལོ། དཀར་ཆག རྩོམ་པ་པོ། ནང་དོན་མདོར་བསྡུས། དཀར་ཆག དཔྱད་གཞིའི་ཡིག་ཆ་བཅས་འདུག་པ་ལྟ་བུ་སོགས་དཔེ་མཛོད་ཁང་དང་། ཞིབ་འཇུག་ལྟེ་གནས་བཅས་སུ་བོད་ཡིག་ཡིག་ཚང་གི་དཀར་ཆག་འགོད་སྟངས་འདྲ་མིན་སྣ་ཚོགས་ཤིག་མཆིས་པས། རྒྱལ་ཁབ་ཚད་ལྡན་ཅན(GB)དང་། རྒྱལ་སྤྱིའི་ཚད་ལྡན་ཅན(ISO)དུ་བགྲོད་པར་སྟ་གོན་བྱ་འོས་སོ། །
  ༣ ཚད་ལྡན་ཅན་དང་། ཁྱད་ཆོས་ཅན་གྱི་རིག་མཛོད་བསྐྲུན་རྒྱུ།
  ད་ལྟའི་བར་དུ་རིག་མཛོད་འགའ་རེ་མཆིས་མོད། རིག་མཛོད་འཛུགས་སྐྲུན་གྱི་མ་ལག་ཅན་དང་། གཞུང་ལུགས་ཅན་རྨང་གཞི་བྱས་མེད་པའི་ཐོག  རིག་མཛོད་བསྐྲུན་པར་ཉ་ཉོག་བསྲེས་ཏེ་སྲོལ་རྒྱུན་རིག་གནས་དང་། དེང་རབས་རིག་གནས་གཉིས་ཀྱི་རིག་ཚན་བསྲེས་པ། རིག་ཚན་གྱི་དབྱེ་སྟངས་ལྟར་སོང་མེད་པས་རིག་མཛོད་དུ་ཡིག་ཆ་འཚོལ་བ་དང་། ཡིག་ཚང་འཚོལ་བར་ཀློག་པ་པོར་དཀའ་ཁག་བསྐྲུན་ཡོད།
  མཇུག་བསྡུ་བ།
  བོད་ཀྱི་རིག་གནས་གྲངས་ཀ་ཅན་དང་། ཆ་འཕྲིན་ཅན་དུ་བསྒྱུར་རྒྱུ་ནི་དུས་རབས་གསར་བ་དང་། ཆ་འཕྲིན་དུས་ཀྱིས་ང་ཚོར་བསྩལ་བའི་འོས་འགན་ལྡོག་མེད་ཅིག་ཡིན་པས། རང་རེས་ཀྱང་འདིའི་ཕྱོགས་སུ་འབད་དེ་བོད་རང་གི་རིག་གནས་ཀྱི་བདག་དབང་དང་། རིག་གནས་ཀྱི་བདེ་ཐང་ལ་དོ་ཁུར་གནང་སྟེ་བོད་ཀྱི་རིག་གནས་ཉིད་འཛམ་གླིང་ཅན་དང་། ཆ་འཕྲིན་ཅན། འཕྲུལ་ཆས་ཅན་དུ་བསྒྱུར་རྒྱུ་ནི་དེང་གི་ཆ་འཕྲིན་ལག་རྩལ་གྱི་འཕེལ་རིམ་གསར་བ་ཞིག་ཡིན་པས་འདིར་ཐོག་མའི་གྲོས་འདེབས་ཀྱི་ཚུལ་དུ་ཕུལ་བ་ཡིན་ནོ། །
  [①] བལ་བོ་དང་འཇར་མན་རྒྱལ་ཁབ་ཀྱི་བྲིས་མའི་སྲུང་སྐྱོབ་ལས་གཞི(Nepal-German Manuscript Preservation Project, NGMPP)ཞེས་པ་འདིའི་སྒྲིག་གཞིའི་ལས་ཁུངས་ནི་བལ་པོའི་ཞིབ་འཇུག་ལྟེ་གནས་ཡིན་པ་དང་། དེ་ནི་བལ་པོ་དང་འཇར་མན་རྒྱལ་ཁབ་གཉིས་མཉམ་འབྲེལ་སྒོས་བཙུགས་པའི་ལས་ཁུངས་ཤིག་དང་། ལས་ཁུངས་དེས་ལས་གཞི་ཆེན་པོ་གཉིས་གཙོ་སྐྱོང་བྱས་ཡོད་དེ། དེ་ནི་བལ་པོ་དང་འཇར་མན་རྒྱལ་ཁབ་ཀྱི་བྲིས་མའི་སྲུང་སྐྱོབ་ལས་གཞི(Nepal-German Manuscript Preservation Project, NGMPP)དང་། བལ་པོ་དང་འཇར་མན་རྒྱལ་ཁབ་ཀྱི་ལག་བྲིས་མའི་དཀར་ཆག་སྒྲིག་པའི་ལས་གཞི(The Nepalese-German Manuscript Cataloguing Project, NGMCP)གཉིས་ཡིན།
  [②] དཔེ་མཛོད་འདིའི་ནང་དོན་ནི་གཙོ་བོ་ཕྱོགས་བསྡུས(collections)དང་། དཔྱད་གཞི།(reference) ཡུལ་ཁམས།(places) ཡིག་ཚང(Literature)བཅས་སྡེ་ཚན་བཞི་རུ་ཕྱེ་ཡོད། ཕྱོགས་བསྡུས་ཞེས་པའི་སྡེ་ཚན་ནང་དུ་པར་གཞི་མི་འདྲ་བའི་བཀའ་བསྟན་སོགས་གསུང་རབ་དང་། བརྙན་པར། ས་བཀྲ་བཅས་ཡོད། དཔྱད་གཞི་ཞེས་པའི་སྡེ་ཚན་ནང་དུ་ལོ་རྒྱུས་དང་རིག་གནས་དཔྱད་གཞི་རྒྱུ་ཆ། ཚིག་མཛོད། ས་མིང་། ཡིག་སྒྱུར་ཡོ་ཆས་བཅས་ཡོད། ཡུལ་ཁམས་ཞེས་པའི་སྡེ་ཚན་ནང་དུ་བོད་ཀྱི་ཡུལ་གྲུ་སོ་སོའི་རི་ཆུ་དང་། དགོན་གྲོང་སོགས་ས་གནས་ལོ་རྒྱུས་དང་། ས་བཀྲ རིག་གནས་དཔྱད་གཞིའི་རྒྱུ་ཆ་བཅས་ཡོད། ཡིག་ཚང་ཞེས་པའི་སྡེ་ཚན་ནང་དུ་བཀའ་བསྟན་དང་། རྙིང་མ་རྒྱུད་འབུམ་སོགས་པར་གཞི་མི་འདྲ་བ་སྣ་མང་འདུས་ཡོད། ཡིག་ཚང་དང་བརྙན་པར་སོགས་དཔེ་མཛོད་འདིའི་དྲ་ཐོག་ནས་འཚོལ་བདེ་པོ་ཡོད། ཞིབ་ཏུ་ཤེས་འདོད་ཡོད་ཚེ། དཔེ་མཛོད་འདིའི་དྲ་ཚིགས་ལ་མཇལ་རོགས། https://www.thlib.org
  [③] གཤམ་གསལ་གྱི་དྲ་གནས་དག་ནས་ཉི་ཧོང་ཨཱོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་གློག་རྡུལ་ཡིག་ཆ་ལ་གཟིགས་ཐུབ།
  大谷大学真宗综合研究所的西藏文献研究班网页(http://web1.otani.ac.jp/cri/twrpw/results/e—texts)
  《北京版藏文大藏经目录》在线检索(http://web1.otani.ac.jp/cri/twrpe/peking)
  《藏外文献目录》在线检索(http://web1.otani.ac.jp/cri/twrpe/zogai)
  [④] བུདྡྷ་དྲ་ཐོག་དཔེ་མཛོད(BDRC)ནི་དེ་སྔོན་གྱི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས(Tibetan Buddhist Resource Center, TBRC) ཀྱིས་གཉེར་བ་ཡིན་པ་དང་། སྤྱི་ལོ2016ལོའི་ཟླ7པར་སྡེ་ཚན་དེ་གའི་མིང་ནང་བསྟན་དཔེ་མཛོད་ལྟེ་གནས་སུ་བསྒྱུར།   
  [⑤]གོང་གི་ཡིག་ཚང་དང་། རིག་མཛོད་དུ་སྤེལ་བའི་གྲངས་ཀ་ནི་སྤྱི་ལོ2021ལོའི་ཟླ4ཚེས13ཉིན་གྱི་ཡོངས་འཛིན་འཚོལ་བཤེར་གྱི་དྲ་ངོས་གཞིར་བཟུང་བ་ཡིན།
  [⑥] དུང་དཀར་བློ་བཟང་འཕྲིན་ལས། བོད་ཀྱི་དཀར་ཆག་རིག་པ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་གིས2004ལོར་པར་དུ་བསྐྲུན། ཤོག་ངོས137པའི་སྟེང་གསལ།
  [⑦] 张彦博,刘刚,王芬林.全国文化信息资源共享工程的创新实践[J].数字图书馆论坛,2015(1)
  [⑧] དོན་ཡོད་ཡིག་གཟུགས་ཞེས་པ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀན་སུའུ་དོན་ཡོད་ཆ་འཕྲིན་ཚད་ཡོད་འགན་ལེན་ཀུང་སིས་སྤྱི་ལོ2000ལོར་གསར་བཟོ་བྱས་པར་གོ །
  [⑨] ཧྥང་ཀྲིན་ཡིག་གཟུགས་ཞེས་པ་ནི་སྤྱི་ལོ1997ལོར་པེ་ཅིང་སློབ་ཆེན་རྩིས་འཁོར་ཞིབ་འཇུག་སུའོ་དང་། མི་རིགས་དཔེ་སྐྲུན་ཁང་། མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་སྒོས་ཧྭ་ཀོང་བོད་ཡིག་མཉེན་ཆས་ཀྱི་རྨང་གཞིའི་སྟེང་གསར་བཟོ་བྱས་པར་གོ །
  [⑩] པཎྜི་ཏ་ཡིག་གཟུགས་ཞེས་པ་ནི་མཚོ་སྔོན་དགེ་འོས་སློབ་ཆེན་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱིས་སྤྱི་ལོ2003ལོར་གསར་འདོན་བྱས་པ་ཞིག་ཡིན།
  [11] དཀར་ཆག་རྒྱས་པ་འགོད་ཚུལ་གྱི་ལག་ལེན་རེའུ་མིག་ཏུ། དུམ་བུའི་རྣམ་གྲངས་བཅུ་དགུ་ཡོད། དཀར་ཆག་འབྲིང་བ་འགོད་ཚུལ་གྱི་ལག་ལེན་རེའུ་མིག་ཏུ། དུམ་བུའི་རྣམ་གྲངས་བཅུ་གཅིག་དང་། དཀར་ཆག་བསྡུས་པའི་ལག་ལེན་རེའུ་མིག་ཏུ། དུམ་བུའི་རྣམ་གྲངས་བདུན་ཡོད་དོ། །
  [12] རྗེ་ཤེས་རབ་རྒྱ་མཚོའི་བཞེད་པ་ལ་དཀར་ཆག་འགོད་ལུགས་དབྱེ་བ་ཉེར་གཅིག་ཡོད་དེ། ༡ ལོ་རྒྱུས་དང་རྣམ་ཐར་སྐོར། ༢ ལམ་རིམ་བློ་སྦྱོང་སྐོར། ༣ དབུ་མ། ༤ ཕར་ཕྱིན། ༥ མཛོད། ༦ འདུལ་བ། ༧ རྣམ་འགྲེལ། ༨ གྲུབ་མཐའ། ༩ གསང་འདུས། ༡༠ གཤིན་རྗེ་གཤེད། ༡༡ བདེ་མཆོག ༡༢ དུས་འཁོར། ༡༣འཁོར་ཆེན། ༡༤ ཀྱེ་རྡོ་རྗེ། ༡༥ སྣ་ཚོགས། ༡༦ སྒྲུབ་དཀྱིལ། ༡༧ སྒྲ་རིག་པ། ༡༨ བོད་བརྡ། ༡༩ སྙན་ངག མངོན་བརྗོད། བཟོ། སྡེབ་སྦྱོར། ཟློས་གར། སྐར་རྩིས། ༢༠ གསོ་བ་རིག་པ། ༢༡ གསུང་འབུམ་སྐོར། 
  [13] ༡ བཀའ་འགྱུར། ༢ བསྟན་འགྱུར། ༣ གསོ་བ་རིག་པ། ༤ སྒྲ་རིག་པ། སྐད་གཉིས་ཤན་སྦྱར། ༥ སྡེབ་སྦྱོར། ༦ བཟོ་རིག་པ། ༧ སྐར་རྩིས། རྒྱ་རྩིས། ༨ སྙན་ངག ཆབ་ཤོག་འཕྲིན་ཡིག ༩ མངོན་བརྗོད། ༡༠ ཟློས་གར། ༡༡ སུམ་རྟགས་དག་གསུམ། ༡༢ ཆོས་འབྱུང་དེབ་ཐེར། ༡༣ རྣམ་ཐར། ༡༤ གསུང་འབུམ། ༡༥ མཚན་ཉིད། འདུལ་བ། མཛོད། དབུ་མ། ཕར་ཕྱིན། རྣམ་འགྲེལ། ༡༦ ལམ་རིམ་བློ་སྦྱོང་། ༡༧ གསང་སྔགས། གསང་འདུས། འཇིགས་བྱེད། བདེ་མཆོག དུས་འཁོར། འཁོར་ཆེན། ཁྲོས་ནག རྣལ་འབྱོར་རྒྱུད། སྤྱོད་རྒྱུད། བྱ་རྒྱུད། དབང་དང་རྗེས་གནང་། བེའུ་བུམ། སྔ་འགྱུར་རྙིང་མ།
  རྩོམ་པ་པོ་ངོ་སྤྲོད།
ཁྲི་ཤར་བསོད་ནམས་ཚེ་རིང་། མཚོ་སྔོན་དགེ་འོས་སློབ་ཆེན་རྒྱལ་ཁབ་རིམ་པའི་བོད་ཡིག་ཆ་འཕྲིན་དངོས་བཤེར་ཁང་གི་དགེ་རྒན་ཆེན་མོ་གཞོན་པ་དང་། རྩིས་འཁོར་སྐད་བརྡ་རིག་པའི་འབུམ་རམས་པ།  ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཡིག་ཆ་འཕྲིན་དང་རྩིས་འཁོར་སྐད་བརྡ་རིག་པའི་སྐོར་ཡིན།