དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཀློག་ལ་བྱང་ཆུབ་པར་བྱ་རྒྱུ་ནི་སྐད་ཡིག་སློབ་ཁྲིད་ཀྱི་རྩ་བའི་རྨང་གཞི་ཡིན།

སྤེལ་དུས 2020-03-19 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། ཚེ་རིང་རྣམ་རྒྱལ།
          གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རིན་ཆེན་ཉི་མ་ལགས་ཀྱིས་བོད་སྐད་ཡིག་གི་ཀློག་གི་དཀའ་གནད་ཐག་གཅོད་བྱེད་པའི་ལས་འགན་རྒྱུན་འཁྱོངས་བྱས་པ། 
          སྐད་ཡིག་གང་དང་གང་ཞིག་ཡིན་རུང་དེ་སྦྱངས་པ་ལ་ཐོག་མར་ཀློག་གི་གནད་དོན་ཐག་གཅོད་བཟང་བོ་ཞིག་བྱས་པའི་རྨང་གཞི་སྟེང་ནས་ད་གཟོད་སྐད་ཡིག་སློབ་ཚན་གྱི་ནང་དོན་སོགས་ལ་རིམ་གྱིས་འཇུག་པར་བྱེད་དགོས་རྒྱུ་ནི་སྨོས་མ་དགོས་པ་ཞིག་རེད་དོ། ། དེང་གི་ཆར་བོད་སྐད་ཡིག་ལ་འབད་པ་བྱེད་བཞིན་པའི་བོད་རིགས་སློབ་མ་འབོར་ཆེན་ཞིག་གིས་མི་རིགས་རང་གི་སྐད་དང་མཐུན་པའི་ཡི་གེ་སྦྱོར་ཀློག་གི་དཀའ་གནད་ཐག་གཅོད་བྱེད་ཐུབ་མེད་པ་འདིས་བོད་སྐད་ཡིག་གི་རྨང་གཞི་མཐོར་འདེགས་དང་སྦྱངས་འབྲས་ལེགས་པོ་ཞིག་འབྱུང་བའི་ཆ་ལ་སྔ་ན་མེད་པའི་བགེགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱིན་ཡོད་ལ། ལྷག་པར་དུ་བོད་རིགས་སློབ་མ་དག་གིས་བོད་སྐད་ཡིག་སློབ་གཉེར་བྱེད་འདོད་ཀྱི་འདུན་པ་མེད་པར་འགྱུར་བའི་སྔ་ལྟས་ཤིག་སྨིན་བཞིན་ཡོད་པ་རེད། དེ་བས་ང་ཚོ་སྟེ་ཏང་གི་མི་རིགས་སློབ་གསོའི་ལས་འགན་ལེགས་འགྲུབ་བྱེད་པའི་བོད་རིགས་དགེ་རྒན་དག་ལ་ཆ་མཚོན་ནས་བཤད་ན་སྣང་ཚུལ་འདི་ངེས་པར་དུ་བསྒྱུར་བཅོས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པ་མ་ཟད། ཏང་གི་ཡང་དག་པའི་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་ཐུབ་མིན་ལ་ཐད་ཀར་དུ་འབྲེལ་བ་དམ་པོ་ཡོད་པ་ཞིག་ཀྱང་ཡིན་སྲིད་པས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་དགོངས་དོན་ལ་སློབ་སྦྱོང་དང་བསླབ་བྱ་ཡོངས་རྫོགས་ཀྱི་སྦྱངས་འབྲས་འཕེལ་རྒྱས་སུ་གཏོང་བའི་བླ་མེད་ཀྱི་ལས་དོན་རླབས་ཆེན་ལ་གཙིགས་སུ་བཟུང་ནས་འཆམ་མཐུན་སློབ་ར་དང་མི་རིགས་མཐུན་སྒྲིལ་གྱི་བྱ་བཞག་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ཐད་ལ་ནུས་པ་བླ་ལྷག་ཅིག་མ་བསྐུལ་དང་ལེན་གྱིས་འདོན་དགོས་པར་རིགས། 
2019ལོའི་ཟླ9ཚེས22ཉིན་ནས་བཟུང་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་བོད་སྐད་ཡིག་སློབ་བྱེད་མཁན་གྱི་དགེ་རྒན་རིན་ཆེན་ཉི་མ་ལགས་ཀྱིས་སློབ་གྲྭའི་མགོ་ཁྲིད་ཀྱིས་ཡང་དག་པའི་སྣེ་ཁྲིད་དང་རམ་འདེགས་འོག་མ་བསྐུལ་དང་བླངས་སྒོས་ད་ལོ་གསར་དུ་བསྡུས་པའི་དམའ་གཅིག་ལོ་རིམ་ཁག་ལས་བོད་སྐད་ཡིག་གི་ཀློག་ལ་དཀའ་ཁག་ཡོད་པའི་སློབ་གྲོགས128ལྷག་ལ་གཟའ་འཁོར་རེ་རེའི་གཟའ་མིག་དམར་དང་ཕུར་བུ། སྤེན་པ་བཅས་ཀྱི་ཕྱི་དྲོའི་སློབ་ཐུན་བཞི་བ་བེད་སྤྱད་དེ་རང་སློབ་གྲྭའི་འཆད་ཁྲིད་མུན་སེལ་གླིང་དུ་བོད་སྐད་ཡིག་སྦྱོར་ཀློག་གི་སློབ་ཁྲིད་བྱེད་བཞིན་ཡོད་པ་མ་ཟད། ཞོར་དུ་སློབ་གྲོགས་དག་ལ་བསམ་བློ་དང་ཀུན་སྤྱོད། སྒྲིག་ལམ། སློབ་སྦྱོང་སོགས་ཕྱོགས་གང་ཐད་ནས་ཇེ་བཟང་ཇེ་ལེགས་སུ་བཏང་སྟེ་དུས་རབས་གསར་བའི་ཚུལ་ལྡན་གྱི་སློབ་འབྲིང་སློབ་མ་ཞིག་ཇི་ལྟར་བྱེད་དགོས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་ཇི་ལྟར་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་ཐད་ནས་ཀྱང་སློབ་གྲོགས་དག་གི་སེམས་ལ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་གི་སློབ་གསོའི་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། 
          དགེ་རྒན་རིན་ཆེན་ཉི་མ་ལགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཏང་གི་མི་རིགས་སློབ་གསོའི་ལས་དོན་ལ་བློ་དཀར་གཞུང་དྲང་གི་དགེ་རྒན་ཞིག་ཡིན་པ་དང་། སྒོས་སུ་ཞིང་འབྲོག་མང་ཚོགས་ཀྱི་བྱིས་པ་དག་གི་མ་འོངས་པའི་མདུན་ལམ་ལ་ཡང་དག་པའི་ཁ་ཕྱོགས་སྟོན་མཁན་གྱི་བོད་ཡིག་དགེ་རྒན་ཞིག་ཡིན་པའི་འདུ་ཤེས་མ་དོར་བར་ཀློག་གི་དཀའ་གནད་ཐག་གཅོད་བྱེད་ཐུབ་མེད་པའི་སློབ་གྲོགས་དག་ལ་ལྷག་བསམ་རྣམ་དག་གིས་སློབ་ཁྲིད་བྱས་པ་བརྒྱུད་ནས་ད་ལྟ་དམའ་གཅིག་ལོ་རིམ་ཁག་གི་ཀློག་ལ་དཀའ་ཁག་ཆེ་བའི་སློབ་གྲོགས་དག་གིས་རང་འགུལ་གྱིས་སློབ་སྦྱོང་བྱེད་པ་དང་རང་ཉིད་ཀྱིས་བཀླགས་དགོས་པའི་དཔེ་ཆ་སོགས་ལ་ལྟ་འདོད་པ། 
          མདོར་ན་སློབ་ཚན་གཙོ་བྱས་བོད་ཡིག་གི་ལམ་ནས་བརྩམས་པའི་བྱིས་སྒྲུང་དང་དམངས་གླུ། གཏམ་རྒྱུད་དང་སྒྲུང་གཏམ། གབ་ཚིག་དང་ཁ་མཚར་སོགས་ཀྱི་དཔེ་ཆར་མ་བགྲོས་གཅིག་མཐུན་གྱིས་ལྟ་བར་བྱེད་པའི་གོམས་སྲོལ་ཡག་པོ་ཞིག་སློབ་གྲོགས་འདི་དག་གི་རྒྱུད་ལ་འབྱོར་བར་བྱས་ཤིང་། ཁྱད་པར་དུ་དཔེ་དེབ་གང་ལ་བལྟས་ཀྱང་ཀློག་ལ་བྱང་ཆ་མེད་པའི་གནད་དོན་ཐག་གཅོད་གང་ལེགས་བྱས་ཏེ་རང་ནུས་ཅི་ལྕོགས་ཀྱིས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཡ་རབས་ཤིག་ཏུ་འགྱུར་བར་བརྩོན་ལེན་བྱེད་བཞིན་པ་འདི་ནི་ཏང་གི་མི་རིགས་སློབ་གསོའི་ལས་དོན་ལ་བློ་སེམས་དཀར་བའི་དགེ་རྒན་རིན་ཆེན་ཉི་མ་ལགས་ཀྱིས་དཀའ་བ་ཁྱད་དུ་བསད་དེ་སློབ་ཁྲིད་བྱས་པའི་བཀའ་དྲིན་ལས་བྱུང་བ་གོར་མ་ཆག་གོ།