ནང་དོན་འདི་དྲུག་ཁྱབ་བསྒྲགས་བྱས་ཚེ་རྩིས་ཨང་ཐག་གཅོད་བྱེད་སྲིད།
སྤེལ་དུས 2021-09-14
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ཉིན་ཤས་གོང་། ཀྲུང་གོའི་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱིས་ཚོགས་མིའི་མ་ལག་ཁྲོད་ཀྱི་པོད་འཕྲིན་དང་། འཁྱུག་དབྱངས། མགྱོགས་འཕྲིན་སོགས་དྲ་ཐོག་གི་སྟེགས་བུའི་ཁེ་ལས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ《དྭངས་གཙང་གི་དྲ་རྒྱའི་རིག་གནས་སྐྱེ་ཁམས་ཀྱི་རང་གཅུན་སྤྱི་ཆིངས》ཞེས་པ་སྤེལ་ཞིང་། དེའི་ནང་གཤམ་གསལ་ནང་དོན་ཚུད་པའི་རྩིས་ཨང་རྣམས་ཁྱབ་ཚད་ཚོད་འཛིན་ནམ། སྐད་ཆ་འགོག་པ། གཙང་བཤེར་བཅས་བྱེད་རྒྱུ་གསལ་པོ་བཏོན་ཡོད།
གཅིག གཞི་འཛིན་ས་གང་ཡང་མེད་པར་མི་སྣ་གྲགས་ཅན་སུ་ཞིག་གི་སྒེར་གྱི་འཚོ་བ་སྤྱི་ལ་བསྒྲགས་པ་དང་། དོན་དངོས་ལ་སྒྲོ་འདོགས་པ། དཀྲོག་གཏམ་བཟོ་བ། ངན་སེམས་བཅངས་ནས་འུད་སྒྲོག་བྱེད་པ་བཅས་ཀྱི་རིགས།
གཉིས། རྩོད་གཞི་སློང་བའམ་ཡང་ན་ཐོག་མའི་ནང་དོན་ལ་འཁྱོག་བཤད་བྱེད་པར་བརྟེན་ནས་འགལ་བ་ཛ་དྲག་ཏུ་གཏོང་བ་དང་། དགའ་མོས་བྱེད་མཁན་མི་འདྲ་བའི་བར་འཁྲུག་རྐྱེན་བསླང་ནས་ཕན་ཚུན་ཕར་རྒོལ་བྱེད་པའམ་ཡང་ན་བསམ་འཆར་མི་འདྲ་བ་ཡོད་པའི་མི་སྒེར་དང་རྩ་འཛུགས་ལ་ངན་སེམས་བཅངས་ནས་ཕར་རྒོལ་བྱེད་པའི་རིགས།
གསུམ། བྱེད་ཐབས་གང་རུང་ལ་བརྟེན་ནས་དགའ་མོས་བྱེད་མཁན་ཚོགས་པའི་བར་འགལ་ཟླའི་ཁོང་ཁྲོ་སློང་བའི་རིགས།
བཞི། ཁྲིམས་མཐུན་གྱི་དབང་ཆ་མ་ཐོབ་པར་དྲ་རྒྱའི་ལས་སྟེགས་ཐོག་འཁྲབ་སྟོན་མི་སྣའི་དུས་གཏན་གནམ་གྲུ་དང་མགྲོན་ཁང་སོགས་འགྲུལ་བཞུད་ཆ་འཕྲིན་ནམ་སྡོད་གནས་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། ཁ་པར་ཨང་གྲངས་སོགས་མི་སྒེར་གྱི་གསང་བའི་ཆ་འཕྲིན་ཁྱབ་བསྒྲགས་དང་ཉོ་ཚོང་བྱས་པའི་རིགས།
ལྔ། མི་སྣ་གྲགས་ཅན་དྲིལ་བསྒྲགས་དང་། ཕྱིར་འཚོང་བྱེད་ཚད་བསྐྱེད་པ། མིང་བྱང་འགོད་པ་སོགས་ཀྱི་མིང་ཐོག་ནས་མི་སྣ་གྲགས་ཅན་ལ་དགའ་མོས་བྱེད་མཁན་བསྡུས་ནས་མ་དངུལ་བསྡུ་རུབ་བྱེད་པའམ་ཡང་ན་ཕྱི་འབྲེལ་དང་། ཚོགས་པའི་ནང་འཇུག རྩ་གཉིས་ཨང་རྟགས་སོགས་ཀྱི་རྣམ་པའི་ཐོག་ནས་སྤྱོད་མཁན་ལ་འཇམ་ཁྲིད་བྱས་ཏེ་ཕྱོགས་གསུམ་པའི་ལས་སྟེགས་སུ་མ་དངུལ་བསྡུས་པའི་རིགས།
དྲུག མི་སྣ་གྲགས་ཅན་ལ་དགའ་མོས་བྱེད་མཁན་ངན་སྐུལ་ལམ་སྒྲིག་འཛུགས་བྱས་ནས་རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་དཀྲུག་པ་སྟེ། དཔེར་ན། སྲིད་གཞུང་གི་ཐེར་འདོན་གོང་ཞུའི་ཐབས་ལམ་གང་བྱུང་དུ་སྤྱོད་པ་དང་། མི་མང་འདུ་འཛོམས་བྱ་ཡུལ་གྱི་སྒྲིག་ལམ་ལ་འགལ་རྐྱེན་བཟོ་བ། ཆོག་མཆན་མ་ཐོབ་པར་ཚོགས་པ་འདུ་འཛོམས་བྱེད་པ་སོགས་ལྟ་བུ།
རྩོམ་སྒྲིག་པ། སྣང་རྡོར།