ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

མཚོ་སྔོན་ནས་སློབ་གྲྭའི་ཉེ་འཁོར་དུ་སྙིགས་ཟས་བཀག

སྤེལ་དུས 2021-09-24 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།
         ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལོ་ན་མ་སོན་བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་མའི་བཟའ་བཅའི་བདེ་འཇགས་དང་ལུས་སེམས་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱེད་འགོ་བརྩམས་ཡོད།
         སློབ་གྲྭ་དང་བུ་བཅོལ་ཁང་། དེ་བཞིན་མཐའ་འཁོར་གྱི་གཙོ་གནད་ས་ཁུལ་གྱི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་ཤུགས་ཇེ་ཆེ་དང་ཐེངས་གྲངས་ཇེ་མང་དུ་བཏང་ཞིང་། བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་དང་། ཚོང་ཟོག་ཞིབ་དཔྱད་དང་། ལག་ཁྱེར་དང་སྤ་སེ་ལེན་པ། རྩིས་ཁྲའི་ཐོ་འགོད་སོགས་གང་ཅིའི་ཐད་དོ་དམ་ནན་པོ་བྱེད་ཀྱི་ཡོད།

         སློབ་གྲྭའི་ཉེ་འཁོར་དུ་ཚྭ་དང་སྣུམ་འདུས་ཚད་མཐོ་ཞིང་སྦྱོར་རྟ་མང་བའི་བཀྲག་ཟས་ཁ་ཚ་ཚོང་བ་རྩ་འགོག་བྱས་ཡོད།
         སློབ་གྲྭའི་མཐའ་འཁོར་དུ་དྲན་ཤེས་སྐྱེད་པ་དང་། ངལ་དུབ་སེལ་བ། འཚར་སྐུལ་ཟས་རིགས་བཅས་ཁམས་གསོ་འཕྲོད་སྦྱོར་བཟའ་བཅའ་རིགས་འདི་གསུམ་བཙོང་མི་ཆོག་པ་བྱས་ཡོད།
         ཕན་ནུས་རྫུན་སྒྲོག་དང་འུད་སྒྲོག་བྱེད་པའི་ཁྲིམས་འགལ་གྱི་བརྡ་ཁྱབ་སྤེལ་བའི་བྱ་སྤྱོད་ཞིབ་བཤེར་ནན་མོ་བྱེད་ཀྱི་ཡོད།
         བཟའ་བཅའ་བྲིན་ཚོང་ཁང་གིས་ཆོག་འཐུས་མ་ཐོབ་པར་རྒྱུ་མ་སྲེག་མ་དང་། ཀོན་ཏུང་བཙོས་ཟས། རང་བཟོས་སྐོམ་ཆུ་སོགས་ཁྲིམས་འགལ་བཟའ་འཐུང་ཞབས་ཞུ་ཡོད་རིགས་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད།
         བཟའ་བཏུང་ཡོ་བྱད་གཙང་འཁྲུད་དུག་སེལ་མཐར་ཕྱིན་པ་མི་བྱེད་པ་དང་། བཟའ་བཏུང་ལས་སྣོན་ཚད་ལྡན་མེད་པ། ཟས་རིགས་ཀྱི་མ་བཅོས་རྒྱུ་ཆ་དང་གྲུབ་རྫས་གསོག་ཉར་ཡག་པོ་བྱས་མེད་པ། བླང་བྱ་ལྟར་མ་དཔེ་ཉར་ཚགས་བྱས་མེད་པ་སོགས་ཟས་རིགས་བདེ་འཇགས་ཀྱི་གནད་དོན་ཞིབ་བཤེར་ནན་པོ་བྱེད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་འདུམ་སེལ་བྱེད་པ་བཅས་བྱེད་ཀྱི་ཡོད།
         སློབ་གྲྭ་དང་བུ་བཅོལ་ཁང་གི་མཐའ་སྐོར་དུ་ཆང་རག་བཙོང་ས་བཙུགས་མི་ཆོག་པ་དང་། ལོ་ན་མ་སོན་པའི་སྐྱེ་བོར་ཨ་རག་བཙོང་མི་ཆོག་ལ། ཆང་རག་འཚོང་སར་ལོ་ན་མ་སོན་པའི་སྐྱེ་བོར་ཨ་རག་མི་འཚོང་བའི་མཚོན་རྟགས་གསལ་འདོད་བྱེད་དགོས།

         མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སློབ་གསོ་དང་དམངས་སྲིད་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་གྱིས་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཤིག་ཆགས་པར་བྱས། སློབ་གྲྭ་དང་བུ་བཅོལ་ཁང་དང་། བྱིས་པའི་ཕན་བདེའི་སྒྲིག་གཞི། ལོ་ན་མ་སོན་པའི་སྐྱེ་བོའི་སྐྱོབ་རོགས་སྲུང་སྐྱོང་སྒྲིག་གཞི། སློབ་གྲྭའི་ཕྱི་ལོགས་ཀྱི་ཚབ་གཉེར་སྒྲིག་གཞི། གནས་སྐབས་ཀྱི་ལྟ་སྐྱོང་སྒྲིག་གཞིའི་ཟ་ཁང་བཅས་དང་དེ་བཞིན་སློབ་གྲྭའི་ཕྱི་ལོགས་ཀྱི་ཁ་ལག་མཁོ་འདོན་སྡེ་ཚན་གཙོ་གནད་དུ་བཟུང་ཏེ། འབྲེལ་ཡོད་སྡེ་ཚན་ལ་ཟས་རིགས་བདེ་འཇགས་དོ་དམ་འགན་འཁྲི་དང་འགན་འཁྲི་གཙོ་བོ་དོན་འཁྱོལ་དང་། ཟས་རིགས་བདེ་འཇགས་དོན་རྐྱེན་བབ་བསྟུན་ཐག་གཅོད་སྔོན་ཇུས་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ། ཟས་རིགས་ལས་སྣོན་དང་བཟོ་བའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། དུས་བཀག་ལྟར་ཟས་རིགས་བདེ་འཇགས་རང་བཤེར་བྱེད་པ། ཟས་དུག་ཕོག་པ་སོགས་ཟས་རིགས་བདེ་འཇགས་ཀྱི་དོན་རྐྱེན་སྔོན་འགོག་བཅས་བྱེད་དགོས་པའི་སྐུལ་འདེད་བཏང་ཡོད།
རྩོམ་སྒྲིག་པ། སྣང་རྡོར།