ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ལ་དོན་གྱི་ནང་གསེས་དེ་ཉིད་ཀྱི་དོན་ལ་དཔྱད་པ།

སྤེལ་དུས 2021-11-03 ཡོང་ཁུངས། གངས་ལྗོངས་ཉིན་གཞོན། རྩོམ་པ་པོ། མི་ཉག་ཐུབ་བསྟན་ཆོས་དར།
         དང་པོ། ཐོག་མར་མཚམས་སྦྱོར་མདོར་བསྡུས།
         ཐོན་མིའི་རྩ་ཚིག་ལས། དེ་ཉིད་ཅེས། མིང་ཙམ་བསྟན་པ་མ་གཏོགས་འགྲེལ་བཤད་དང་དཔེར་བརྗོད་གང་ཡང་མ་གནང་བས། འགྲེལ་བཤད་མཁན་པོ་རྣམས་ཀྱིས་དེ་ཉིད་ཀྱི་ངོས་འཛིན་དང་འགྲེལ་བཤད་ཀྱི་ཐད་ལ་འདོད་པ་མི་མཐུན་པ་མང་དུ་བྱུང་ཡོད། དེའང་ལ་ལས་ནི་ཆོས་ཉིད་ཀྱི་དོན་ལ་འཇུག་པར་འདོད་པ། ལ་ལས་ནི་ཆོས་ཉིད་དང་ངེས་གཟུང་གི་དོན་ལ་འཇུག་པར་འདོད་པ། ལ་ལས་ནི་རྣམ་དབྱེ་གཉིས་པའི་བྱེ་བྲག་གང་ཞིག་ལས་དང་བྱ་བ་གཉིས་ངོ་གཅིག་པ་ཞིག་འདོད་པ། ལ་ལས་ནི་རྣམ་དབྱེ་བདུན་པའི་བྱེ་བྲག་གང་ཞིག་རང་གི་ངོ་བོ་ཉིད་དུ་ཡོད་པར་གྲུབ་པ་ཞིག་འདོད་པ་སོགས་སོ། །འདིར་དེ་དག་གི་དགོངས་པ་དང་། རང་གི་ལྟ་ཚུལ་དག་མདོ་ཙམ་དགོད་པར་བྱ་བའོ། །
         གཉིས་པ། སྔོན་བྱོན་མཁས་པ་རྣམས་ཀྱི་དགོངས་པ་རིམ་བཞིན་བཀོད་པ།
         དུས་རབས་བདུན་པར་ཐོན་མི་སཾ་བྷོ་ཊས་མཛད་པའི《ལུང་སྟོན་པ་རྩ་བ་སུམ་ཅུ་པ》ལས། “རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །གང་མིང་མཐའ་ན་བཅུ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་གསུམ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་པ་དགུ་པ་དངོས་ཀྱང་སྟེ། །ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །”①ཞེས་གསུངས་པས། རྣམ་དབྱེ་གཉིས་པ་དང་། རྣམ་དབྱེ་བཞི་པ་དང་། རྣམ་དབྱེ་བདུན་པ་དང་། ཚེ་སྐབས་དང་། དེ་ཉིད་བཅས་ཀྱི་ཚིག་ཕྲད་དག་གི་གྲུབ་ཚུལ་དང་། བྱེད་ལས་དང་། མིང་ངམ་མཚན་བཅས་བསྟོན་ཏོ། །
         བསྟན་པ་སྔ་དར་གྱི་སྐབས་སུ་ལྕེ་ཁྱི་འབྲུག་གིས་མཛད་པའི《སྒྲ་མདོའམ་གནས་བརྒྱད་ཆེན་མོའི་འགྲེལ་བ》ལས། སྡེ་དགེའི་བསྟན་འགྱུར་སྣ་ཚོགས་ཅོ་པོད་ཀྱི་ལྡེབ་༡༦༣་གི་ཉིན་ན། “གཉིས་པ་འགྲུབ་པར་བྱེད་པ་ནི། ཨམ་ཨོོ་ཤས། འདི་གསུམ་གྱི་རྟགས་དང་ལྡན་ན། གང་ལ། གང་དག་ལ། གང་རྣམས་ལ་ཞེས་གཉིས་པའི་གཅིག་ཚིག་དང་། གཉིས་པའི་གཉིས་ཀྱི་ཚིག་དང་། གཉིས་པའི་མང་པོའི་ཚིག་ཏུ་འགྲུབ་པར་བྱེད་དོ། །གཞན་གྱིས་བྱས་པ་ལས་སུ་སྟོན་པ་དང་། ལས་ལྟ་བུར་བྱེད་པ་སྟོན་པའི་ཕྱིར་གཉིས་པ་ལས་ཀྱི་ས་ཡིན་ནོ། །”ཞེས་གསུངས་པས། ལས་སམ་ཡུལ་ཏེ་རྣམ་དབྱེ་སྦྱར་བའི་ཡུལ་དང་བྱེད་པ་གཉིས་ཐ་དད་དུ་ཡོད་པ་དང་། ལས་སམ་ཡུལ་དང་བྱེད་པ་གཉིས་པོ་ངོ་བོ་གཅིག་ཏུ་སྟོན་པའི་རིགས་གཉིས་ཡོད་པར་བསྟན་པས། ཕྱི་མ་འདི་དེ་ཉིད་ཡིན་པར་གསལ། སི་ཏུ་པཎ་ཆེན་གྱིས་དེ་ཉིད་ནི་རྣམ་དབྱེ་གཉིས་པའི་བྱེ་བྲག་ཡིན་པ་དང་། ལས་དང་བྱ་བ་གཉིས་ངོ་བོ་གཅིག་པ་ཡིན་པར་གསུངས་པ་ཡང་ཁུངས་འདི་ལ་བརྟེན་པར་མངོན་ནོ། །
         དུས་རབས་བཅུ་པར་པཎྜི་ཏ་དྲན་པ་ཡེ་ཤེས་གྲགས་པའམ་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཀིརྟིས་མཛད་པའི《སྨྲ་སྒོ་མཚོན་ཆ》ལས། “དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ལ་ལྷག་པ་ཡིན། །” ② ཞེས་གསུངས་པས། དུ་དང་། སུ་དང་། རུ་དང་། ར་རྣམས་ནི། ལ་ཡིས་འཇུག་པ་དང་མཐུན་ཞིང་།  མ་ཟད་ཕྲད་དེ་དག་ནི་དེ་ཉིད་ལ་ཡང་འཇུག་པར་བསྟན་ཏོ། །
         དུས་རབས་བཅུ་པར་པཎྜི་ཏ་དྲན་པ་ཡེ་ཤེས་གྲགས་པའམ་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཀིརྟིས་མཛད་པའི《སྨྲ་སྒོ་མཚོན་ཆའི་འགྲེལ་བ》ལས། “དུ་དང་སུ་དང་རུ་དང་ར་རྣམས་ལའི་སྒྲ་དང་མཐུན་ཏེ། འདི་ལ་ཞེས་བྱ་བ་དང་། འདི་ན་ཞེས་བྱ་བ་དང་། འདི་རུ་ཞེས་བྱ་བ་དང་། འདིར་ཞེས་བྱ་བ་དང་།  གང་དུ་ཞེས་བྱ་བ་དང་། དབུས་སུ་ཞེས་བྱ་བ་ཐམས་ཅད་ལའི་སྒྲ་དང་མཐུན་པ་ཤ་སྟག་གོ། །དེ་ཉིད་དུ་སྟོན་པ་ནི་ལའི་དོན་ལས་ལྷག་པ་སྟེ། ཐོག་དགུ་འཕར་དུ་ཕུབ། ཤིང་མིག་མངས་རིས་སུ་བཏང་། དབྱིབས་གྲུ་བཞིར་བརྩིགས་ཞེས་པ་ལྟ་བུ་ལའི་དོན་ལས་ལྷག་པར་སྟོན་པ་ཡིན་ནོ། །”③ཞེས་གསུངས་པས། དུ་དང་། སུ་དང་། རུ་དང་། ར་རྣམས་ནི། ལ་ཡི་འཇུག་པ་དང་མཐུན་ཞིང་། མ་ཟད་ཕྲད་དེ་དག་ནི་དེ་ཉིད་ལ་འཇུག་པའི་དཔེར་བརྗོད་དང་བཅས་པ་བསྟན་ཏོ། །གཞན་ཡང་སྨྲ་སྒོ་ལས་ན་སྒྲ་དོན་བཅུ་བཞི་ལ་འཇུག་པར་བསྟན་པའི་སྐབས་ན། ན་སྒྲ་དེ་ཉིད་ལ་འཇུག་པར་མ་བསྟན་ཏོ། །
         དུས་རབས་བཅུ་གསུམ་པར་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱིས་མཛད་པའི《སུམ་ཅུ་པའི་འགྲེལ་བ》ལས། “ལས་དང་ཆེད་དང་རྟེན་གནས་དང༌། །དེ་ཉིད་ཚེ་སྐབས་ལའི་སྒྲ་ཡིན། ཞེས་སྦྱར་རོ། །དཔེར་ན་ཆོས་སུ་བསྒྲུབ་ཅེས་པ་གཉིས་པ་ལས་དང༌། སངས་རྒྱས་སུ་བསྔོ་ཞེས་པ་བཞི་པ་ཆེད་དང༌། དགེ་འདུན་དབུས་སུ་གནས་ཤེས་པ་བདུན་པ་རྟེན་གནས་དང༌། དབྱིངས་སུ་ཤེས་པ་དེ་ཉིད་དང༌། དེའི་དུས་སུ་ཤེས་པ་ཚེ་སྐབས་ཏེ། ལའི་སྒྲ་དང་མཐུན་པ་ཡིན་ནོ། །འདི་ལྟ་བུའི་གསལ་བའི་དཔེར་བརྗོད་གཞན་གྱིས་བྱས་པ་ནི་མེད་དོ། །”④ཞེས་གསུངས་པ་ལས། དབྱིངས་སུ་ཤེས་པ་དེ་ཉིད། ཅེས་པས་ཆོས་ཉིད་ཀྱི་དོན་སྟོན་པ་ལ་འཇུག་པ་ལྟ་བུར་བསྟན་ཏོ། །འདིར་དབུས་སུ་གནས་ཤེས་པ་དང་། དབྱིངས་སུ་ཤེས་པ་ཞེས་པའི་ཤེས་དག་ནི་ཤེས་པའི་དོན་མ་ཡིན། སྐབས་དེར་ཤིང་ཤེས་ཤེའོ་ཤེ་ན་ཤིག་དག་གི་སྦྱར་ཚུལ་ཞིག་ཡིན་ནོ། །
         དུས་རབས་བཅུ་བཞི་པར་ལོ་ཆེན་ནམ་མཁའ་བཟང་པོས་མཛད་པའི《སུམ་ཅུ་པའི་འགྲེལ་བ་བསྟན་པའི་སྒྲོན་མེ》ལས། “ལས་དང་ཆེད་སོགས་ལ་སྦྱར་བ་ནི། ལས་ལ་རྗེས་སུ་སོང་། ཆེད་ལ་གཤེགས་སུ་གསོལ། རྟེན་གནས་ལ་གནས་སུ་ཞོག །དེ་ཉིད་ལ་གཉིས་སུ་མེད། ཚེ་སྐབས་ལ་དེ་རིང་སྐར་མ་ཁྲུམས་སུ་ཡོད།”⑤ཅེས་གསུངས་པ་ལས། དེ་ཉིད་ལ་གཉིས་སུ་མེད། ཅེས་པས་ཆོས་ཉིད་ཀྱི་དོན་ལ་འཇུག་པ་ལྟ་བུར་བསྟན་ཏོ། །
         དུས་རབས་བཅོ་ལྔ་པར་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི《སུམ་ཅུ་པའི་རྣམ་འགྲེལ》ལས། “གཉིས་པ་ལས་སུ་བྱ་བ་དང་། བཞི་པ་དགོས་ཆེད་དང་། བདུན་པ་རྟེན་གནས་གཞི་དང་། དེ་ཁོ་ན་ཉིད་དང་། ཚེ་སྐབས་རྣམས་ལ་འཇུག་པ།” ཞེས་གསུངས་པ་ལས། དེ་ཁོ་ན་ཉིད། ཅེས་པས་ཆོས་ཉིད་དམ་བདེན་པའི་དོན་སྟོན་པ་ལ་འཇུག་པ་ལྟ་བུར་བསྟན་ཏོ། །
         དུས་རབས་བཅུ་བདུན་པར་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་མཛད་པའི་སུམ་རྟགས་ཀྱི་རྣམ་འགྲེལ་ལེགས་བཤད་ནོར་བུ》ལས། “དེ་ཉིད་ཅེས་པའི་ངོས་འཛིན་ནི། འགྲེལ་པ་ཉི་མའི་འོད་ཟེར་དང་། བསྟན་པའི་སྒྲོན་མེར་ཟུར་ཙམ་བསྟན་པ་མ་གཏོགས། གཞན་འགྲེལ་སྔ་མ་ཐམས་ཅད་དུ་དེ་ཉིད་གཅིག་པུར་ངོས་འཛིན་པ་ནི་དཔེར་བརྗོད་གུ་དོག་པའི་སྐྱོན་དང་། སྤྱི་བྱེ་བྲག་དབྱེ་བ་མ་བྱེད་པར་མངོན་ཏེ། དཔེར་ན། དེ་ཁོ་ན་ཉིད་ཅེས་པའི་ན་ཡིག་དེ་ཡང་དག་པའི་དོན་ཁོ་ནའི་ངེས་བཟུང་གི་སྒྲ་ཡིན་པས། ངེས་བཟུང་གི་དོན་དུ་སྐབས་ཐོབ་ཀྱིས་སྦྱར་རུང་གི། དེ་ཡང་དག་པའི་གནས་ལུགས་ཀྱི་དོན་ཁོ་ན་ལྟ་བུར་ངེས་མི་དགོས་ཏེ་དཔེར་བརྗོད་འོག་ནས་འབྱུང་བ་ལྟར་དང་། དཔེར་མཚོན་ན། དེ་ཁོ་ན་ཉིད་ཅེས་པའི་དེ་ནི་འདས་པ་ཐག་པའམ་གཞན་དང་། ཁོ་ནི་ཚིག་གྲོགས། ན་དང་ཉིད་གཉིས་ཀ་ངེས་བཟུང་གི་དོན་ཡིན་ཏེ། སྔ་མ་གཞུང་འདི་ཉིད་ཀྱིས་འགྲུབ་པ་གང་ཞིག །ཕྱི་མ་ནི། ཟླ་ཟེར་ལས་ཀྱང་། ཉིད་ཅེས་བྱ་བ་ནི་ངེས་པར་བཟུང་བའོ། །ཞེས་གསུངས་པའི་ཕྱིར། དོན་ལ་ངེས་བཟུང་གི་དོན་ཁོ་ན་ལན་གསུམ་དུ་བསྐྱར་བ་ཡིན་ལ། དེས་མཚོན་ལྷ་རྣམས་ཀྱི་ནང་ནས་ལྷ་དེ་ཁོ་ན་ཉིད། ཆོས་ཐམས་ཅད་ཀྱི་ནང་ནས་གནས་ལུགས་ཀྱི་དོན་དེ་ཁོ་ན་ཉིད། རི་རྣམས་ཀྱི་ནང་ནས་ལྷུན་པོ་དེ་ཁོ་ན་ཉིད། སྣང་བྱེད་རྣམས་ཀྱི་ནང་ནས་ཉི་མ་དེ་ཁོ་ན་ཉིད། འགྲོ་བ་རྣམས་ཀྱི་ནང་ནས་མི་དེ་ཁོ་ན་ཉིད། ཅེས་སོགས་སམ། ཡང་ན་དེ་མ་སྤྱར་བར་ལྷ་དེ་རྣམས་ཀྱི་ནང་ནས་བརྒྱ་བྱིན་ཁོ་ན་ཉིད་སོགས་དང་། ལྷ་དེ་རྣམས་ཀྱི་ནང་ནས་ལྷ་དེ་ཉིད་སོགས་ངེས་བཟུང་སྒྲ་གཉིས་བསྐྱར་བ་དང་། ལྷ་དེ་རྣམས་ཀྱི་ནང་ནས་ལྷ་དེ་ཟེར་བ་སོགས་ངེས་བཟུང་སྒྲ་གཅིག་གིས་བསྟན་པ་རྣམས་ནན་ཚིག་ཡོད་མེད་ཀྱི་ཁྱད་ཙམ་མ་གཏོགས་དོན་ལ་ཁྱད་པར་ཆེར་མི་འབྱུང་བར་ཤེས་པར་བྱ་དགོས་པར་གཟུར་གནས་བློ་གསལ་མཐའ་དག་མཉེས་པའི་མཆོད་པར་འབུལ་ན་དགྱེས་པའི་འཛུམ་ཞལ་མངོན་པར་མཛོད་ཅིག །”⑥ཅེས་གསུངས་པས། ཆོས་ཉིད་ཀྱི་དོན་སྟོན་པ་ལ་འཇུག་པ་མ་ཟད། ངེས་བཟུང་གི་དོན་སྟོན་པ་ལ་ཡང་འཇུག་པར་བསྟན་ཏོ། །
         དུས་རབས་བཅོ་བརྒྱད་པར་པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི《སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན》ལས། “དེ་ཉིད་དམ་བདུན་པ་ལ་འཇུག་པ་ནི། བརྗོད་བྱའི་དངོས་པོ་དེའི་རང་བཞིན་ནམ་ངོ་བོ་བདེན་པར་སྟོན་པ་སྟེ། བུམ་པ་ལྟ་བུ་འདུས་བྱས་ཀྱི་ཀུན་རྫོབ་པའི་གནས་ལུགས་སམ་རང་བཞིན་དེ་ཀ་རང་དུ་བདེན་པར་ཡིད་ཆེས་པ་ལ་འདུས་བྱས་སུ་གྲུབ། ཅེས་པ་དང་། དེ་བཞིན་དུ། ཆོས་སུ་གནས། མི་སླུ་བ་རུ་ངེས། ཆོས་ཉིད་དུ་གསལ། དོན་དུ་གནས། དགྲ་བཅོམ་དུ་གྲུབ། མི་རྟག་པ་རང་དུ་འདུག །གསེར་དུ་གསལ། གསལ་དུ་བཏང་། དེ་ཀ་རང་ན་འདུག །རྟག་ཏུ་གནས། རབ་ཏུ་གྲུབ། ཤིན་ཏུ་བདེན་སོགས་ལྟ་བུའོ། །དེ་རྣམས་ཀྱི། རྟག་ཏུ། རབ་ཏུ། ཤིན་ཏུ་སོགས་ལ། ལ་ཡིག་སྦྱར་ན་མི་མཛེས་ཤིང་བརྗོད་མི་བདེ་བས། དེ་འདྲའི་རིགས་མ་གཏོགས་པ་ཕལ་ཆེར་ལ་ལ་ཡིག་སྦྱར་དུ་རུང་ངོ་། །”ཞེས་དང་། ཡུང“འདུས་བྱས་སུ་གྲུབ་ལྟ་བུ། གཞི་གཞན་ལ་མི་བརྩི་བར་ཆོས་རང་གི་ངོ་བོ་ཉིད་ཙམ་དུ་གྲུབ་པ་སོགས་སྟོན་པའི་ལའི་སྒྲ་ནི། དེ་ཉིད་དམ་བདེན་པའི་དངོས་པོ་སྟོན་པ་ཞེས་བྱའོ། །རྣམ་དབྱེ་བདུན་པ་དང་འདི་གཉིས་ཀྱི་ཁྱད་པར་ནི། གཞི་གཞན་ལ་ཡོད་པའི་གྲུབ་པ་དང་། རང་གི་ངོ་བོ་ཉིད་དུ་ཡོད་པའི་གྲུབ་པ་གཉིས་ཀྱིས་དབྱེ་བར་བྱ།”⑦ཞེས་གསུངས་པས། རྣམ་དབྱེ་བདུན་པའི་བྱེ་བྲག་དང་། བདེན་པའམ་རང་གི་བོ་ངོ་ཉིད་དུ་གྲུབ་པར་སྟོན་བྱེད་ཅིག་ཡིན་པར་བསྟན་ཏོ། །
         དུས་རབས་བཅུ་དགུ་པར་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི《སུམ་རྟགས་ཀྱི་རྣམ་བཤད་མུ་ཏིག་ཕྲེང་མཛེས》ལས། “རྣམ་དབྱེ་གཉིས་པའི་བྱེ་བྲག་ཡུལ་གང་ཞིག་ལ་བྱ་བ་གང་ཞིག་བྱེད་པའི་ཚེ། ལས་དེ་ཁོ་ན་ཉིད་ཀྱི་ངོ་བོར་གྱུར་པས་ལས་དང་བྱ་བ་ངོ་བོ་གཅིག་པ་ཡིན་པ་དེ་ལྟ་བུའི་ལས་ཀྱི་དོན་ལ་འཇུག་པ་ནི། མཆོག་གསུམ་ལ་སྐྱབས་སུ་ཤེས། ལྷར་གསལ། སྲ་བར་བྱེད། བརྟན་པར་གྱུར། སྒྲོལ་མ་ཚེའི་ལྷ་རུ་བསྟེན། འོད་དུ་འཚེར། གཅིག་ཏུ་འགྱུར། སོགས་སུ་ཤེས་པར་བྱ་སྟེ། འདི་ཉིད་རྟོགས་དཀའ་བས་ཅུང་ཟད་བཤད་ན། མཆོག་གསུམ་ལ་སྐྱབས་སུ་ཤེས་ཞེས་པ་ལྟ་བུ་ལ། སྤྱིར་བཏང་། སྐྱབས་སུ་ཤེས་པ་ནི་བྱ་བ། མཆོག་གསུམ་ནི་བྱ་བ་དེའི་ཡུལ་ཡིན་པས་དེ་ལ་ལས་ཀྱི་རྣམ་དབྱེ་སྦྱོར་བ་ཡིན་མོད། བྱེ་བྲག་ཕྱེ་ན་ལས་དང་བྱ་བ་ཐ་དད་མི་དད་ཀྱི་དབང་གིས་ལས་ཀྱི་རྣམ་དབྱེ་འཇུག་པའི་ཡུལ་གཙོ་ཕལ་གཉིས་ལས་གཙོ་བོ་ནི་དེ་ཉིད་དང་། ཕལ་བའམ་འདིར་བསྟན་དེ་ཉིད་ཀྱི་དོན་ཅན་ནི་བྱ་བ་ཉིད་ལ་ལས་དང་བྱ་བ་གཉིས་སུ་དབྱེ་བའི། ཤེས་པ་ནི་བྱ་བ། སྐྱབས་ནི་ཤེས་པར་བྱ་རྒྱུའི་ལས་ཡིན་པས་དེར་དོན་གྱི་རྣམ་དབྱེ་འཇུག་པ་དེ་ཉིད་དེ། སྐྱབས་དང་ཤེས་པ་གཉིས་སྤྱིར་ཐ་དད་ཡིན་ཡང་བྱ་བ་གཅིག་ལ་སྦྱོར་བ་འདི་འདྲའི་སྐབས་སུ་ཤེས་པ་ཉིད་སྐྱབས་ཡིན་ནོ་སྙམ་པའི་ངོ་བོར་སྐྱེས་པ་བརྗོད་པ་ཡིན་པས། ཤེས་པ་ཡུལ་ཅན་དང་སྐྱབས་ཡུལ་དུ་མི་བཟུང་བར། མཆོག་གསུམ་ཡུལ་དང་། སྐྱབས་དང་ཤེས་པ་བསྡམས་པའི་ཚིག་ནུས་ཡུལ་ཅན་གྱི་ངོ་བོ་གཅིག་སྟོན་པ་ཡིན་ནོ། །དེས་ན་བྱ་ལས་ངོ་བོ་གཅིག་པའི་ཕྱིར་ལ་དོན་འདི་རིགས་ལ་གཞུང་འདིར་དེ་ཉིད་ཀྱི་སྒྲས་བསྟན་ཅིང་། ངོ་བོ་གཅིག་ལ་བྱ་བ་དངོས་མི་འབྱུང་བས། འཕགས་ཡུལ་བའི་བརྡ་སྤྲོད་པ་དག་གིས་ལས་ཀྱི་དོན་གཙོ་བོ་མ་ཡིན་པའམ་ཕལ་བ་ཞེས་ཟེར་རོ། །ལ་ན་དག་ནི་དོན་འདི་འདྲ་ལ་ནམ་ཡང་འཇུག་པ་མ་ཡིན་པས། སྨྲ་སྒོར་ལ་ན་དག་གི་འཇུག་པ་འཆད་པའི་སྐབས་སུ་འདིར་འཇུག་པ་མ་བཤད་པ་དང་། དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན། །ཞེས་འབྱུང་བ་ནི་ལེགས་པར་བཤད་པའོ། །”⑧ཞེས་གསུངས་པས། རྣམ་དབྱེ་གཉིས་པའི་བྱེ་བྲག་ཡིན་པ། བྱེད་འབྲེལ་དང་བྱེད་མེད་ལས་ཚིག་གང་རུང་ལས་གྲུབ་པ། ལ་དོན་གྱི་ཕྲད་དེ་ལས་ལ་སྦྱར་བ། ལས་དང་བྱ་བ་གཉིས་ངོ་བོ་གཅིག་གི་ཚུལ་ཏུ་འཛིན་པ། ན་ལ་གཉིས་དེ་ཉིད་ལ་མི་འཇུག་པ། སྒྲ་གཞུང་ལས་འདི་འདྲའི་རིགས་ལ་ལས་ཀྱི་དོན་གཙོ་བོ་མ་ཡིན་པའམ་ཕལ་བ་ཞེས་བརྗོད་པར་བསྟན་ཏོ། །
         གསུམ་པ། དེ་ཉིད་ཀྱི་ཁྱད་ཆོས་བརྗོད་པ།
         སྨྲ་སྒོ་མཚོན་ཆ་དང་། མུ་ཏིག་ཕྲེང་མཛེས། ཀུན་བཟང་དགོངས་རྒྱན་སོགས་ལ་ཁུངས་བཅོལ་ཏེ་བརྗོད་ན། དང་པོ། རྣམ་དབྱེ་གཉིས་པའི་ཆ་དང་ལྡན་པ། དཔེར་ན། ལྷ་རུ་གསལ། བརྟན་པར་བྱེད། མེ་རུ་འབར་ལྟ་བུའོ། །གཉིས་པ། བྱེད་འབྲེལ་དང་བྱེད་མེད་ལས་ཚིག་གང་རུང་ལས་གྲུབ་པ། དཔེར་ན། བརྟན་པར་བྱེད། མེ་རུ་འབར་ལྟ་བུའོ། །གསུམ་པ། རྣམ་དབྱེ་བདུན་པའི་ཆ་དང་ལྡན་པ། མི་སླུ་བ་རུ་ངེས། ཆོས་ཉིད་དུ་གསལ། དགྲ་བཅོམ་དུ་གྲུབ། གསེར་དུ་གསལ། རྟག་ཏུ་གནས། ཤིན་ཏུ་བདེན་ལྟ་བུའོ། །བཞིན་པ། རྣམ་དབྱེ་སྦྱར་བའི་ཡུལ་ལ་ཡུལ་དངོས་དང་ཕལ་བ་གཉིས་ཡོད་པ་ལས་ཕལ་བ་ལ་སྦྱར་དགོས་པ། དཔེར་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་ཤེས། ཁང་ཐོག་ཏུ་བླ་མར་བཞུགས། བསྟན་སྲུང་ལ་མཆོད་པར་འབུལ། མགྲོན་པོ་ལ་ལམ་སྟོན་པར་བྱེད། རྒྱུད་ན་ཡོན་ཏན་རབ་ཏུ་ལྡན། ཕ་ཡུལ་ལ་མྱུར་དུ་འགྲོ་ལྟ་བུའོ། །ལྔ་པ། ཕྲད་གཞན་དབང་ཅན་ཡིན་པ། དཔེར་ན། རབ་ཏུ། མཁས་པ་རུ་ལྟ་བུའོ། །དྲུག་པ། ན་ལ་གཉིས་པོ་དེ་ཉིད་ལ་མི་འཇུག་པ། དཔེར་ན། བུམ་པ་རྫས་ན་གྲུབ། བུམ་པ་རྫས་ལ་གྲུབ། མྱུར་ལ་འགྲོ། མྱུར་ན་འགྲོ། ཤིན་ལ་སྐྱིད། ཤིན་ན་སྐྱིད་ལྟ་བུའོ། །བདུན་པ། ལས་དང་བྱ་བ་གཉིས་ངོ་གཅིག་གི་ཚུལ་དུ་གནས་པ། ཡང་གཞི་དེ་ལ་རང་གི་ངོ་བོ་ཉིད་དུ་ཡོད་པར་གནས་པ། དཔེར་ན། སྐྱབས་སུ་ཤེས། རྫས་སུ་གྲུབ་ལྟ་བུའོ། །
         བཞི་པ། བདག་གི་ལྟ་ཚུལ་བརྗོད་པ།
         རྣམ་དབྱེ་སྦྱར་བའི་ཡུལ་ལ་ཡུལ་དངོས་དང་ཡུལ་ཕལ་བ་གཉིས་ཡོད་པ་ལས། ཡུལ་དངོས་ནི། བྱ་བ་བྱེད་ས་དང་གནས་སའི་གཞི་དེ་དངོས་ཉིད་ཡིན། དཔེར་ན། རྒྱ་གར་དུ་འགྲོ། ཐབ་ལ་མེད་འབུད། ཁྱིམ་ན་གནས། བོད་དུ་བཞུགས་ཞེས་པ་ལྟ་བུའོ། །ཡུལ་ཕལ་བ་ནི། སི་ཏུ་པཎ་ཆེན་གྱིས་གསུངས་པའི་ལས་དང་བྱ་བ་གཉིས་ངོ་བོ་གཅིག་པ་ཞེས་པ་དང་། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་གཞི་དེ་ལ་རང་གི་ངོ་བོ་ཉིད་དུ་ཡོད་པའི་གྲུབ་པ་ཞེས་པ་དེ་དག་ཡིན། དཔེར་ན། སྐྱབས་སུ་ཤེས། བདེན་པར་གྲུབ། གཉིས་སུ་མེད། ཤིན་ཏུ་སྐྱིད། སྒྲུབ་པར་བྱེད་ཅེས་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྲད་འདི་རྣམ་དབྱེ་གཉིས་པ་དང་ལྷན་དུ་འབྱུང་བ་ཞིག་དང་། རྣམ་དབྱེ་བདུན་པ་དང་ལྷན་དུ་འབྱུང་བ་ཞིག་ཡིན། དེའང་གཉིས་པ་ལྷན་དུ་འབྱུང་ཞིང་ཨཾ་ཨོོ་ཤས་ཏེ་གཉིས་པའི་ཕྲན་དག་སྦྱིན་པས་གཉིས་པའི་བྱེ་བྲག་གམ་ཁོངས་གཏོགས་སུ་འདོད་པ་དང་། བདུན་པ་ལྷན་དུ་འབྱུང་ཞིང་དེའི་ངོ་བོ་དང་ལྡན་པས་བདུན་པའི་བྱེ་བྲག་གམ་ཁོངས་གཏོགས་སུ་འདོད་པའོ། །གཉིས་པ་དང་ལྷན་དུ་ཅི་ལྟར་འབྱུང་ཞེ་ན། དཔེར་ན། ལྕགས་ལ་གསེར་དུ་བྱུག །དྲི་ལ་ལེགས་པར་བསྣམ། སྒྲ་ལ་རབ་ཏུ་ཉན། །རོ་ལ་ཤིན་ཏུ་སྲེད། རེག་བྱ་ལ་རྣམ་པར་ཞེན་ཞེས་པ་ལྟ་བུ་བྱེད་འབྲེལ་ལས་ཚིག་དང་ལྷན་དུ་བྱུང་བ་དང་། ནམ་མཁའ་ལ་འཇའ་རུ་ཤར། ཤིང་ལ་མེ་རུ་འབར། ས་ལ་རྩྭ་རུ་སྐྱེས་ཞེས་པ་ལྟ་བུ་བྱེད་མེད་ལས་ཚིག་དང་ལྷན་དུ་བྱུང་བའོ། །བདུན་པ་དང་ལྷན་དུ་འབྱུང་བ་ནི། མཆོག་གསུམ་ལ་སྐྱབས་སུ་ཤེས། མཚོ་ལ་ཉ་མོར་གནས། བོད་ན་ཆོས་པར་མང་། སེམས་ན་དགའ་བ་རུ་ལྡན་ཞེས་པ་ལྟ་བུའོ། །དེ་ཉིད་ཅེས་པའི་མཚན་གྱི་གྲུབ་ཚུལ་དང་གོ་དོན་ནི། གཞུང་རྩ་བ་ལས་དེ་ཉིད་ཅེས་མཚན་ཙམ་མ་གཏོགས་གསལ་བཤད་དང་དཔེར་བརྗོད་གང་ཡང་བཀོད་མེད་པས། བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་དེ་ཉིད་ཀྱི་ངོ་འཛིན་དང་དཔེར་བརྗོད་མི་འདྲ་བ་སྣ་ཚོགས་པར་བྱུང་ཡོད་པ། དེའང་ལ་ལས་དེ་ཉིད་ཅེས་པས་བདེ་པའི་དོན་དུ་གོ་བ་དང་། ལ་ལས་དེ་ཉིད་ཅེས་པས་ཆོས་ཉིད་ཀྱི་དོན་དུ་གོ་བ་དང་། ལ་ལས་དེ་ཉིད་ཅེས་པས་དེ་ཁོ་ན་ཉིད་ཀྱི་དོན་དུ་གོ་བ་སོགས་སོ། །བདག་གི་འདོད་ཚུལ་ནི། དེ་ནི་དེ་སྒྲ་དོན་དགུ་ལ་འཇུག་པའི་ཡ་གྱལ་ཏེ་ཐ་སྙད་འདས་པ་ཐག་པ། ཉིད་ནི་ངེས་གཟུང་གི་ཚིག་ཡིན་པས། རྗེས་གྲུབ་ཀྱི་མིང་ཞིག་ཡིན་པ། འོ་ན་འདས་ཟིན་གྱི་ཐ་སྙད་གང་ལ་སྙེག་ཅེ་ན། སྤྱིར་བྱ་བ་ལ་བྱ་བྱེད་ལས་གསུམ་ཡོད་པ་ལས། འདིར་དེ་སྒྲ་དེ་བྱེད་པ་སྙེག་པ། དཔེར་ན་མེ་རུ་འབར་ཞེས་པ་ལྟ་བུ་ལ་མཚོན་ན། ལས་དངོས་སུ་བསྟན་ཅིང་། བྱེད་པ་ནི་མེ་དེ་ལས་གཞན་མེད་པས། ལས་སམ་ཡུལ་དེ་བྱེད་པ་ཉིད་ཡིན་པས་དེ་ཉིད་ཅེས་བརྗོད་པར་གསལ། དེ་ལྟར་ན་དེ་ཉིད་ཀྱི་མིང་ནི་གཙོ་བོ་བྱ་བྱེད་ངོ་བོ་གཅིག་པ་ཞིག་ལ་བརྟེན་ནས་གྲུབ་པར་མངོན་ནོ། །འདིར་ལས་ཞེས་པ་ནི་བྱ་བ་བྱེད་སའི་ཡུལ་ལམ་ལ་དོན་སྦྱར་སའི་ཡུལ་ལ་གོ་དགོས་པ། དཔེར་ན། མེ་རུ་འབར་ཞེས་པ་ལ་མཚོན། འདིར་མེ་ནི་བྱ་བ་འབྱུང་སའི་ཡུལ་ལམ་ལས་ཡིན་ཞིང་། རུ་ལ་དོན་ནམ་དེ་ཉིད་ཀྱི་ཕྲད། འབར་བྱ་ཡིན་པ། དེ་ལྟར་ན་བྱ་བ་འདིའི་བྱེད་པ་ནི་མེ་ལས་གཞན་ལོགས་སུ་མེད་པ། དེ་བཞིན་དུ་ཤིང་ལ་མེ་རུ་འབར་ཞེས་པ་ལྟ་བུ་ལ་མཚོན་ན། ཤིང་ནི་རྣམ་དབྱེ་གཉིས་པའི་ཡུལ་ཡིན་ཞིང་། ལ་ནི་ལ་དོན་ནམ་རྣམ་དབྱེ་གཉིས་པའི་ཕྲད། མེ་ནི་ལས་སམ་དེ་ཉིད་ཀྱི་ཡུལ། རུ་ནི་ལ་དོན་ནམ་དེ་ཉིད་ཀྱི་ཕྲད། འབར་ནི་བྱ་བ་ཡིན། དེ་ལྟར་ན་རྣམ་དབྱེ་གཉིས་པའི་སྐབས་སུ་མེ་ནི་ཤིང་ལ་བྱ་བ་བྱེད་མཁན་དེ་ཡིན། དེ་ཉིད་ཀྱི་སྐབས་སུ་མེ་ནི་བྱ་བ་བྱེད་སའི་ཡུལ་དང་བྱེད་པ་གཉིས་ཀ་ཡིན་པའོ། །གཞན་ཡང་དེ་ཉིད་སྐབས་སུ་མེ་བྱེད་པ་ཁོ་ན་རུ་ངོས་བཟུང་ན་བྱེད་པ་ལ་ལ་དོན་གྱི་ཕྲད་སྦྱར་བ་མེད་ཅིང་། ལ་དོན་གྱི་ཕྲད་ནི་བྱ་བའི་ཡུལ་ལ་སྦྱར་དགོས་པ་ཞིག་ཡིན་ནོ། །སི་ཏུ་པཎ་ཆེན་གྱིས། དེ་ཉིད་ཀྱི་སྐབས་སུ་ལས་དང་བྱ་བ་གཉིས་ངོ་བོ་གཅིག་ཅེས་དང་། བྱེད་མེད་ལས་ཚིག་གི་སྐབས་སུ་ལས་དང་བྱེད་པ་གཉིས་ངོ་གཅིག་ཅེས་པ་ལ་ཁྱད་པར་ཆེན་པོར་ཡོད། དེའང་དེ་ཉིད་ཀྱི་སྐབས་ཀྱི་གོ་དོན་དག་གོང་དུ་བཤད་པ་ལྟར་རོ། །ལས་དང་བྱེད་པ་གཉིས་ངོ་བོ་གཅིག་པ་ཞེས་པ་ནི། དཔེར་ན། བདག་བོད་དུ་འགྲོ་ཞེས་པ་ལྟ་བུ་མཚོན་ན། བོད་ནི་བྱ་བ་བྱེད་སའི་ཡུལ། བྱ་བ་བྱེད་མཁན་དང་ལས་གཉིས་ཀ་དེ་བདག་ཡིན་པས་ལས་དང་བྱེད་པ་གཉིས་ངོ་བོ་གཅིག་པ་ཞེས་པའོ། །དེ་བཞིན་དུ་ཐབས་ལ་མེ་རུ་འབར། སྣོད་དུ་ཆུ་རུ་ཁོལ། ས་ལ་རྩྭ་རུ་སྐྱེས་ཞེས་པ་ལྟ་བུ་ལ་མཚོན་ན། མེ་དང་ཆུ་དང་རྩྭ་དག་ནི་ལས་དང་བྱེད་པ་གཉིས་ངོ་བོ་གཅིག་པ་ཡིན་ནོ། །མིག་གིས་གཟུགས་མཐོང་ལྟ་བུ་མཚོན་ན། འདི་ཚིག་སྡུད་ལས་གྲུབ་པ་ཞིག་ཡིན། མིག་གིས་གཟུགས་ལ་བལྟས་ཏེ་མཐོང་ཞེས་པའོ། །ཀུན་ལ་དཔྱད་གཞི་རུ་བཀོད་པའོ། །དགེའོ། །དགེའོ།། །།
         མི་ཉག་ཐུབ་བསྟན་ཆོས་དར་ནས།  སྤྱི་ལོ་༢༠༢༡ལོར་མཇུག་ཡོངས་སུ་གྲུབ་པའོ། །
         དཔྱད་གཞིའི་དཀར་ཆག །
         ༼1 སྡེ་དགེའི་ཤིང་པར་མ《སྡེ་དགེའི་བསྟན་འགྱུར》སྣ་ཚོགས་ཅོ་པོད་ལས།  ①p161
         ༼2 པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2006ལོར་བསྐྲུན་པ་ལས། ②p8/③p53
         ༼3 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2014་ལོར་པར་དུ་བསྐྲུན་པའི《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས》པོད་དང་པོ་ལས། ④p13/⑤p27/⑥p112/
         ⑦p65/⑧p188/
         ༼4 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2014ལོར་པར་དུ་བསྐྲུན་པའི《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས》པོད་གསུམ་པ་ལས། ⑨p31
         ༼5 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2006ལོར་པར་དུ་བསྐྲུན་པ།   ⑬p55/
         ༼6 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2014ལོར་པར་དུ་བསྐྲུན་པའི《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས》པོད་བཞི་པ་ལས། ⑪p57
         ༼རྩོམ་པ་པོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ།༽
རྩོམ་སྒྲིག་པ། སྣང་རྡོར།