ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

མཚོ་སྔོན་དུ་ཨེ་ཙེའི་ནད་འགོས་ཁྱབ་འགྲོ་ཚད་ཉུང་ཉུང་རེད་འདུག

སྤེལ་དུས 2021-12-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         སྤྱི་ཟླ་12པའི་ཚེས་1ཉིན་ནི“འཛམ་གླིང་ཨེ་ཙེའི་ཉིན་མོ”ཐེངས་34པ་དེ་ཡིན། ད་ལོ་རང་རྒྱལ་གྱི་དྲིལ་བསྒྲགས་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི་ཚེ་སྲོག་གོང་དུ་བཀུར་ནས་ཨེ་ཙེ་རྩ་མེད་དང་བདེ་ཐང་འདྲ་མཉམ་ཡོང་བ་བྱེད་ཅེས་པ་དེ་རེད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་ཨེ་ཙེའི་ནད་འགོས་ཁྱབ་འགྲོ་ཚད་ཉུང་ཉུང་ཡིན་པ་རྒྱུན་འཁྱོངས་ཐུབ་མོད། ཡིན་ཡང་ཉེན་ཁ་ཆེ་བའི་མི་ཚོགས་ཁག་གཅིག་ལ་ཨེ་ཙེའི་ནད་ཀྱི་ནད་དུག་འགོག་གཟུགས་གདགས་གཤིས་མངོན་ཡོད།

         སྤྱི་ལོ་2021ལོའི་ཟླ་10པའི་ཟླ་མཇུག་བར་རིམ་རྩིས་བྱས་ན། མཚོ་སྔོན་ཞིང་ཆེན་དུ་གཞིས་ཆགས་པའི་ཨེ་ཙེའི་ནད་དུག་འགོས་མཁན་དང་ནད་པ་ཁྱོན་3849ཡོད་པ་རེད། སྤྱི་ཟླ་1པོ་ནས་10པའི་བར། ཁྱོན་བསྡོམས་རིགས་ཁག་གི་མི་ཚོགས་མི་ཐེངས་ཁྲི་72.1ལ་ཞིབ་དཔྱད་ཚད་ལེན་བྱས་ཡོད་པ་དང་། ཨེ་ཙེའི་ནད་དུག་འགོས་མཁན་དང་ནད་པ་418 གསར་དུ་ཤེས་རྟོགས་བྱུང་ཡོད་པ་རེད།

         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ད་བར་ར་འཕྲོད་གནད་འཁེལ་ཚོད་ལྟ་ཁང་5དང་འཚག་བཤེར་ཚོད་ལྟ་ཁང་60ལས་གྲུབ་པའི་ཨེ་ཙེའི་ནད་ཞིབ་བཤེར་ཚད་ལེན་དྲ་བ་བཙུགས་ཡོད་པ་དང་། རྫོང་རིམ་པ་ཡན་གྱི་སྨན་བཅོས་ལས་ཁུངས་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཁུངས། མ་བུའི་བདེ་སྲུང་ལས་ཁུངས་བཅས་མང་ཆེ་བར་ཚོད་ལྟ་ཁང་གི་ཨེ་ཙེའི་ནད་ཞིབ་བཤེར་ཚད་ལེན་གྱི་ནུས་པ་ལྡན་པ། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་འཕྲོད་བསྟེན་ཁང་ཁག་གཅིག་ལ་མགྱོགས་མྱུར་ཞིབ་བཤེར་ཚད་ལེན་གྱི་ནུས་པ་ལྡན་པ་སོགས་ལྟ་ཞིབ་དང་ཞིབ་བཤེར་ཚད་ལེན་བྱེད་ས་ཟམ་མི་ཆད་པར་མང་དུ་བཏང་ཡོད། རྒྱལ་ཁབ་རིམ་པའི་ཨེ་ཙེའི་ནད་ཀྱི་མཆིན་ནད་ག་པའི་ལྟ་ཞིབ་ཚད་ལེན་བྱེད་ས་21བཙུགས་པ་དེས་གཞི་རྩའི་ཆ་ནས་མཚོ་སྔོན་ཞིང་ཆེན་གཙོ་གནད་ས་ཁུལ་གྱི་ཉེན་ཆེའི་མི་ཚོགས་དང་གཙོ་གནད་མི་ཚོགས་ལ་ཁེབས་ཡོད། རང་མོས་བློ་འདྲི་དང་ཞིབ་དཔྱད་ཚད་ལེན་སྒོ་བསྟེན་སྨན་ཁང་གིས་ཨེ་ཙེའི་ནད་འགོག་བཅོས་ཁྲོད་ཐོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཀྱི་ཡོད་པ་དང་། ཨེ་ཙེའི་ནད་རང་མོས་བློ་འདྲི་དང་ཞིབ་དཔྱད་ཚད་ལེན་བྱེད་པའི་རིན་པ་མི་དགོས་པའི་སྒོ་བསྟེན་སྨན་ཁང་ཁྱོན་138བཙུགས་པ་དེ་དག་གིས་ལོ་ལྟར་རིགས་ཁག་གི་མི་ཚོགས་ལ་རིན་པ་མི་དགོས་པར་ཞིབ་དཔྱད་ཚད་ལེན་བྱེད་ཚད་མི་ཐེངས་ཁྲི་1.8ལྷག་ཟིན་གྱི་ཡོད་པ་རེད།

         ཤེས་རྟོགས་བྱུང་བར་གཞིགས་ན། ཨེ་ཙེའི་ནད་འགོག་བཅོས་ལས་དོན་ཡག་པོ་བསྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ནས་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང་། “རྒྱལ་སྤྱིའི་དུག་འགོག་ཉིན་མོ”དང“འཛམ་གླིང་ཨེ་ཙེའི་ཉིན་མོ”སོགས་བརྗོད་དོན་གཙོ་བོའི་ཉིན་མོ་གང་ལེགས་སྤྱད་དེ་སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་ཨེ་ཙེའི་ནད་སྔོན་འགོག་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་དང་ཨེ་ཙེའི་ནད་འགོག་བཅོས་ཀྱི་ཤེས་བྱ་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱེད་ཀྱི་ཡོད། ཕྱོགས་བསྡུས་ཐེ་ཇུས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ཉེན་ཆེའི་མི་ཚོགས་ཀྱི་བྱ་སྤྱོད་ལ་ཐེ་ཇུས་བྱེད་པའི་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་ཞིང་། སྤྱི་ཟླ་1པོ་ནས་10པ་བར་རིམ་རྩིས་བརྒྱབ་ན་ཉེན་ཁ་ཆེ་བའི་མི་ཚོགས་མི་ཐེངས་18124ལ་རང་འགུལ་ངང་ཐེ་ཇུས་དང་ཞིབ་དཔྱད་ཚད་ལེན་བྱས་པ་དང་། ཕྲུ་གུར་མ་ཡི་སྟེང་ནས་ཨེ་ཙེའི་ནད་མི་འགོས་པ་བྱེད་པའི་ལས་དོན་སྔར་ལས་ལྷག་པ་སྤེལ་བ། མ་བུའི་བར་འགོས་ཁྱབ་འགྲོ་རྒྱུ་བཀག་འགོག་བྱེད་པའི་ཕྱོགས་བསྡུས་ཐེ་ཇུས་བྱེད་ཐབས་དོན་འཁྱོལ་བྱས་པ། ཁྲག་ལེན་ཁྲག་བླུགས་ལས་ཁུངས་ཀྱི་ཚོད་ལྟ་ཁང་གི་སྤུས་ཚད་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་བ་དང་། ཁྲག་གི་མ་དཔེའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཁྱོན་ཡོངས་ལ་ཁེབས་པ་བྱས་ཏེ་ཁྲག་བླུགས་ནས་ཨེ་ཙེའི་ནད་འགོ་རྒྱུ་བཀག་འགོག་བྱས་ཡོད།
         དེ་དང་ཆབས་ཅིག སྐྱོབ་བཅོས་རོགས་སྐྱོབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་ཨེ་ཙེའི་ནད་དུག་འགོག་བཅོས་ཀྱི་གནས་གཏན་འཁེལ་སྨན་ཁང་8མང་དུ་བཏང་བས། ཨེ་ཙེའི་ནད་པ་སྨན་བཅོས་ཁུལ་ནས་དོན་མི་དགོས་པ་བྱུང་བ་དང་སྨན་བཅོས་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་ལས་གཞན། འདོད་པ་ཡོད་ན་སྨན་བཅོས་གང་ཐུབ་བྱེད་པའི་རྩ་དོན་ལྟར་ཨེ་ཙེའི་ནད་དུག་འགོས་མཁན་དང་ནད་པར་རིན་མི་དགོས་པར་ནད་དུག་འགོག་བཅོས་བྱ་རྒྱུའི་སྐུལ་སློང་ཧུར་ཐག་བྱས་ནས་སྨན་བཅོས་ཁྱབ་ཚད་86.4%ཡན་ཟིན་ཡོད། དེ་མིན་ཀྲུང་ལུགས་གསོ་རིག་ཨེ་ཙེའི་ནད་འགོག་བཅོས་བྱེད་པའི་སྨན་བཅོས་ལས་དོན་ནང་ཞུགས་པའི་ལམ་སྲོལ་བཙུགས་ནས་རིམ་རྩིས་བྱས་ན་མི་1800ལ་སྨན་བཅོས་བྱས་ཡོད་པ་དང་། རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག “རྩ་ཆག་བཞི་དང་གཟིགས་སྐྱོང་གཅིག”གི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་པ། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ཆ་རྐྱེན་ཚང་བའི་ནད་དུག་འགོས་མཁན་དང་ནད་པ་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ནང་བཅུག་པ། ཨེ་ཙེའི་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་སྤྱི་ཚོགས་ཀྱི་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་ཨེ་ཙེའི་ནད་པར་སྨན་བཅོས་རོགས་སྐྱོབ་དང་འཚོ་བའི་རོགས་སྐྱོབ་བྱས་ཡོད། སྐྱེད་སྲིང་དང་ཁྲིད་སྟོན་གྱི་བྱ་ཐབས་དོན་འཁྱོལ་བྱས་ནས། སྤྱི་ཚོགས་རྩ་འཛུགས་ཀྱི་དམིགས་བསལ་མི་ཚོགས་དང་འབྲེལ་གཏུག་བྱེད་བདེ་བ་དང་ལས་ཀ་བྱེད་སྟངས་སྟབས་བསྟུན་ཡིན་པ་སོགས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་སྟོབས་ཤུགས་ཨེ་ཙེའི་ནད་འགོག་བཅོས་ལས་དོན་ནང་ཞུགས་རྒྱུ་དེ་སྤྱིའི་འགོག་བཅོས་ལས་དོན་གྱི་འཆར་གཞིའི་ནང་འཇུག་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།