ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཁ་པར་ལ་གློག་གསོག་སྐབས་འདིར་མ་གཟབ་ན་གློག་རྫས་འཕྲོ་བརླག་འགྲོ་སླ།

སྤེལ་དུས 2022-03-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
ཉེ་བའི་ལོ་ཤས་རིང་།
ལག་ཐོགས་ཁ་པར་གྱི་རིག་ནུས་ཆུ་ཚད་ཇེ་མཐོར་འགྲོ་བཞིན་པ་མ་ཟད།
གློག་གསོག་ཐབས་ཀྱང་རིགས་སྣ་མང་པོ་ཡོད་དེ།
འཁྱུག་གསོག་དང་། མགྱོགས་གསོག སྐུད་མེད་གློག་གསོག་སོགས་ཡོད། 
       ཁ་པར་གྱི་གློག་གསོག་ཚད་ཀྱང་། དང་ཐོག་གློག་སྐར་མ་5བསགས་ན་ཁ་པར་ཆུ་ཚོད་2རྒྱག་ཆོག་ཅེས་པ་ནས། ད་ཆ་ཁ་པར་ཆེ་གྲས་ཁག་གིས་མྱུར་གསོག་དང་འཁྱུག་གསོག་བརྩོན་ལེན་བྱེད་བཞིན་ཡོད།
       མགྱོགས་གསོག་དང་འཁྱུག་གསོག་ཅེས་པའི་མིང་ཆ་འདྲ་བ་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནམ་ཞེ་ན། 

མགྱོགས་གསོག་དང་འཁྱུག་གསོག་ཅེས་པའི་
མིང་ཆ་འདྲ་བ་འདི་གཉིས་ཀྱི་དོན་གཅིག་གམ།
 དེ་ནི་དོན་མི་གཅིག་པ་མ་ཟད་ངོ་བོའི་ཐོག་ཁྱད་པར་ཆེན་པོ་ཡོད།
      མགྱོགས་གསོག གློག་གནོན་ཇེ་མཐོ་དང་གློག་རྒྱུན་ཇེ་དམའ་རུ་གཏོང་བ་ཐུབ།
       ལེགས་ཆ།
       གློག་རྒྱུན་ཅུང་དམའ་ཞིང་མཐུན་གཤིས་དྲག་པོ་ལྡན་པས། ཁ་པར་གྱི་གློག་གསོག་ཆས་དང་གློག་སྐུད་སོགས་ལ་རེ་བ་མཐོ་པོ་མེད།(མྱུར་གསོག་ལག་རྩལ་ལ་སྤྱོད་རུང་བའི་གློག་གསོག་ཆས་ཀྱིས་ཁ་པར་གྱི་གློག་རྫས་ལ་གནོད་འཚེ་ཆེན་པོ་བཟོ་མི་སྲིད། )
       ཞན་ཆ།
       གློག་གནོན་ཇེ་མཐོར་བཏང་ན་ཚ་ཚད་ཇེ་མཐོར་འགྲོ་བས་ཁ་པར་ཚ་པོ་ཆགས་པ་མ་ཟད་གློག་རྫས་རྙིང་འགྱུར་སླ། 
       འཁྱུག་གསོག གློག་གནོན་ཇེ་དམའ་དང་གློག་རྒྱུན་ཇེ་མཐོར་གཏོང་ཐུབ།  
       ལེགས་ཆ།
       འཁྱུག་གསོག་ལ་ཁ་པར་གྱི་ཚ་ཚད་གློག་གསོག་ཆས་སྒྱུར་ནུས་ཡོད་པས་བདེ་འཇགས་རང་བཞིན་ལེགས་པོ་ཡོད།
       ཞན་ཆ།
       གློག་རྒྱུན་ཅུང་ཆེ་བས་གློག་གསོག་ཆས་དང་གློག་སྐུད་དམིགས་བསལ་བ་སྤྱོད་དགོས་པས་མ་གནས་དང་རིན་གོང་ལྟོས་བཅས་ཀྱི་མཐོ་བ་ཡིན།
       འཁྱུག་གསོག་ལག་རྩལ་ལ་མཚོན་ན་གློག་གསོག་ཆས་གང་རུང་སྤྱད་ནས་གློག་གསོག་མི་རུང་། གལ་ཏེ་གློག་གསོག་ཆས་གཞན་པ་སྤྱད་ཚེ་གློག་རྫས་ལ་གནོད་འཚེ་བཟོ་བ་དང་གློག་གསོག་ཚད་ཀྱང་ཇེ་དམར་འགྲོ། 
གྲོས་འགོ་འདོན་རྒྱུར།
ཚང་མས་སོ་སོའི་དགོས་མཁོ་དང་ཁ་པར་གྱི་སྤུས་རྟགས་ལ་གཞིགས་ནས།
དེ་དང་འཚམ་པའི་གློག་གསོག་སྟངས་བེད་སྤྱོད་བྱེད་དགོས།
གློག་གསོག་ནུས་ཕྱོད་སྐོར་བཤད་ཟིན་པས།
གཤམ་ལ་གློག་གསོག་སྟངས་བཤད་པར་བྱ།
ཁྱེད་ལ་གནས་ཚུལ་འདི་རིགས་འཕྲད་མྱོང་ངམ།
ཁ་པར་གྱི་གློག་ཚད་100%ཡིན་དགོས་པར་འདོད་པ།
ཁྱིམ་དུ་གློག་གསོག་གསབ་གསོག་བྱེད་པར་དགའ་བ།
ཕྱི་ལ་ཐོན་དུས་ཉེ་འགྲམ་དུ་གློག་གསོག་འབོ་ཡོད་མེད་ལ་ལྟ་བ། 
       གློག་གསོག་ཐེངས་རེར་100%ལ་སླེབས་དགོས་སམ་ཞེ་ན།


       གློག་རྫས་རྒན་འགྱུར་ཚད་ཇེ་མགྱོགས་སུ་འགྲོ་སྲིད་པ།
       ཁ་པར་དུས་ཡུན་རིང་པོ་གློག་རྡག་རྡག་ཡོད་པའི་རྣམ་པར་གནས་ན་གློག་རྫས་རྒས་འགྱུར་འགྲོ་སླ་བ་ཡིན་པས། གློག་རྫས་ཀྱི་སྤྱོད་ཡུན་ལ་སྲུང་སྐྱོབ་བྱེད་འདོད་ན། གློག་གསོག་ཚར་རྗེས་གློག་གསོག་ཆས་བཀོག་ནས་ཁ་པར་དུས་ཡུན་རིང་པོར་གློག་ཚད་མཐོན་པོའི་འོག་མི་གནས་པ་བྱེད་དགོས།
       ཡིན་ནའང་། རྒྱུན་དུ་ཁ་པར་གྱི་གློག་རྫོགས་རྗེས་མ་གཏོགས་གློག་མི་གསོག་པའི་བྱ་སྤྱོད་ཀྱང་ཡོད་མི་རུང་སྟེ། དེ་ལྟར་བྱས་ན་གློག་ཚར་ཐེངས་རེ་རེར་གློག་རྫས་ཀྱི་འཁོར་སྐྱོད་ཐེངས་གྲངས་ཉུང་དུ་འགྲོ་སྲིད་པས་དུས་ཡུན་རིང་པོ་སོང་ན་གློག་རྫས་རྙིང་འགྱུར་འགྲོ་སླ། 
       གློག་ཚད་30%ནས་50%བར་ལས་མེད་དུས་ཁ་པར་ལ་གློག་གསོག་ན་ཡག་ཤོས་ཡིན།
       རྩོམ་སྒྲིག་པ་ཕྲན་ཆུང་ཡང་ཁ་པར་གྱི་གློག་རྫས་འཕྲོ་བརླག་འགྲོ་བར་སེམས་ཁྲེལ་ཆེན་པོ་ཡོད།
       གློག་གསོག་མཚམས་བཞག་རྗེས་བསྒར་སྣེའི་གློག་གསོག་ཆས་འགོག་དགོས་སམ་ཞེ་ན།

       ངེས་པར་དུ་འགོག་དགོས།
       ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་སློབ་ཆེན་དངོས་ཁམས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ལུའེ་དབྱི་ཨན་གྱིས་ཚོད་ལྟ་བྱས་པར། གློག་གསོག་ཆས་བསྒར་སྣེར་སྒར་ཡོད་ཚེ་གློག་སྒོ་བརྒྱབ་ཟིན་ཡང་གློག་རྒྱུན་ངེས་ཅན་འབྱུང་སྲིད་ལ། ཁ་ཤས་ཀྱི་གློག་རྒྱུན་ཅུང་ཆེན་པོ་ཡོད། གློག་གསོག་ཆས་ནི་གནོན་སྒྱུར་དང་རྒྱུན་སྒྱུར་ལྷུ་ཆས་ཤིག་ཡིན་པས། སྐུད་ལམ་བསྒར་སྣེར་འཛེར་ན་གློག་རྒྱུན་འབྱུང་བ་ཡིན་པས་འཁོར་སྐྱོད་རྣམ་པར་གནས་ཤིང་གློག་འཛད་གྲོན་ངེས་ཅན་འགྲོ་སྲིད་པ་ཡིན།
       གལ་ཏེ་གློག་གསོག་ཆས་དུས་ཡུན་རིང་པོ་བསྒར་སྣེར་འཛེར་ནས་བཞག་ཚེ་ཚ་བ་བསྐྱེད་ནས་འགྲོས་སྣོན་ཆས་དང་རྒྱུ་ཆ་རྙིང་པར་འགྱུར་བས་ཉེ་ལམ་དང་མཐོ་གནོན་སོགས་ཀྱིས་མེ་སྐྱོན་གྱི་གོད་ཆག་སློང་བའི་ཉེན་ཁ་ཡོད།
       དོན་དངོས་འཚོ་བའི་གྱོད་དཔེ། 
       ཉེ་ཆར་ཤིན་ཅང་ཧ་སྨི་གྲོང་ཁྱེར་གྱི་ཁྱིམ་དུད་མང་པོའི་ཐོག་ཁང་ཞིག་ལ་མེ་ཤོར་བ་རེད། མེ་ཟོན་རོགས་སྐྱོབ་མི་སྣར་ཉེན་བརྡ་འབྱོར་རྗེས་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་དེ་འདྲི་རྩད་བྱས་པས་ན། སྔས་མགོའི་གློག་གསོག་ཆས་ཀྱིས་མེ་སྐྱོན་བསླངས་པའི་དོགས་གཞི་བྱུང་བ་རེད།

       དུས་རྒྱུན་ཡིད་འཇོག་མེད་མཁན་ཚོས་གཤམ་འོག་ལ་གཟིགས་རོགས།
       ལག་ཐོགས་ཁ་པར་གྱི་གློག་གསོག་སྟངས་ཡང་དག
       གློག་གསོག་སྐབས་སྟེང་ལ་དངོས་པོ་འགེབ་མི་རུང་།
       ཁ་པར་ལ་གློག་གསོག་སྐབས་དྲོད་ཚད་ཅུང་མཐོ་བས། གལ་ཏེ་གློག་གསོག་སྐབས་ཁ་པར་སྟེང་དུ་དངོས་པོ་བཀབ་ན་ཚ་སེལ་ཡག་པོ་བྱེད་མི་ཐུབ།
       གློག་གསོག་ཞོར་ཁ་པར་ལ་རྩེད་མོ་རྩེ་མི་རུང་།
       གློག་གསོག་ཞོར་དུ་ཁ་པར་རྩེས་ན། གློག་གསོག་ཆས་ལས་ཀའི་རྣམ་པར་གནས་པས་རྙིང་འགྱུར་ཚད་མགྱོགས་སུ་འགྲོ་བ་དང་། ཐ་ན་གློག་འཁྱུད་པ་དང་། མེ་སྐྱོན་སློང་བ། འབར་གས་འབྱུང་བ་སོགས་ཀྱི་ཉེན་ཁ་ཡོད།

       སྔོན་ལ་གློག་ཁུངས་སྦྲེལ་བ་དང་དེ་ནས་ཁ་པར་སྦྲེལ་དགོས།
       ཁ་པར་ལ་གློག་གསོག་པའི་གོ་རིམ་ཡང་དག་ནི། ཐོག་མར་གློག་གསོག་ཆས་བསྒར་སྣེར་འཛུགས་དགོས་པ་དང་། དེ་ནས་གློག་གསོག་སྐུད་པ་ཁ་པར་ལ་སྦྲེལ་དགོས།
       དུས་ཡུན་རིང་པོ་གློག་ཀླད་USBསྤྱད་ནས་ཁ་པར་ལ་གློག་གསོག་རྒྱུ་མེད།
       དུས་ཡུན་རིང་པོ་གློག་ཀླད་ཀྱི་མཐུད་ཁ་སྤྱད་ནས་ཁ་པར་ལ་གློག་གསོག་ན་ཁ་པར་གྱི་ལི་གློག་རྫས་ལ་ཆག་སྐྱོན་འབྱུང་སླ་བས་གློག་རྫས་སྤྱོད་ཡུན་ཐུང་དུ་འགྲོ་བ་ཡིན།
        གནས་ཚུལ་འདི་ནང་མི་དང་གྲོགས་པོ་ཀུན་གྱིས་མཁྱེན་པར་བྱེད་རོགས།
རྩོམ་སྒྲིག་པ། སྣང་རྡོར།