ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

▶མིག་སྨན་འདི་སྤྱད་ན་མིག་ལོང་བ་དང་ཐ་ན་འཆི་ཉེན་ཡོད།

སྤེལ་དུས 2023-02-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

        ཨ་རིའི་བཟའ་བཅའ་དང་སྨན་རྫས་དོ་དམ་ཅུས་ཀྱིས་སྤྱི་ཚེས་2ཉིན། རྒྱ་གར་སྨན་རྫས་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་མིག་སྨན་ཞིག་གིས་ནད་སྲིན་འགོས་ནས་མིག་ལོང་བ་དང་ཐ་ན་འཆི་བའི་གནས་ཚུལ་ཐོན་དུ་འཇུག་བཟོ་ཡོད་ཅེས་ཐ་ཚིག་བསྒྲགས་པ་དང་། སྒྲིག་གཞི་དེས་འཛད་སྤྱོད་པར་མིག་སྨན་དེ་རིགས་མི་ཉོ་བ་དང་འཕྲལ་མར་སྤྱོད་མཚམས་འཇོག་རྒྱུའི་རེ་འབོད་བྱས་ཡོད་ཅིང་། ཐོན་སྐྱེད་ཁེ་ལས་ཀྱིས་ཕྱིར་བསྡུའི་བྱེད་ཐབས་སྤྱད་ཟིན་ཡོད།

        སྤྱི་ཟླ་1ཚེས་31ཉིན་བར། ཨ་རིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་མངའ་སྡེ་12ཀྱི་ཁྱོན་ནད་པ་55ལ་རྣག་ལྗང་ནར་སྲིན་གྱི་མཐོང་དཀོན་པའི་སྨན་འདྲེད་སྲིན་སྡོང་འགོས་ཡོད་པ་དང་ནད་པ་དེ་དག་གི་ཁྲག་དང་གློ་བ་སོགས་ལ་ནད་སྲིན་འགོས་པའི་གནས་ཚུལ་ཐོན་ཡོད་པ་གཏན་འཁེལ་བྱས་འདུག ནད་པ་ཁག་གཅིག་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དགོས་བྱུང་ཡོད་ལ། ཉུང་མཐར་ཡང་ནད་པ་5ཡི་མིག་གཏན་ནས་ལོང་བ་དང་། ཝ་ཧྲིང་ཐོན་མངའ་སྡེ་རུ་ད་དུང་ནད་པ་གཅིག་ལ་ཟུངས་ཁྲག་ནང་ནད་སྲིན་དེ་རིགས་འགོས་ནས་རྐྱེན་ལམ་དུ་ཤོར་བ་རེད། ཨ་རིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས། ཅུང་གསར་བའི་དུག་སྲིན་འགོག་སྨན་ཤིག་གིས་ད་གཟོད་གོང་གསལ་སྲིན་སྡོང་དེ་ལ་ནུས་པ་ཐོན་ཐུབ་པ་མ་གཏོགས། སྤྱིར་བཏང་གི་དུག་སྲིན་འགོག་སྨན་ལ་སྲིན་སྡོང་དེར་སྨན་འགོག་རང་བཞིན་ལྡན་ཡོད་ཅེས་བསྟན་ཡོད། རིམས་ནད་རིག་པ་དང་ཚོད་ལྟ་ཁང་གི་ཞིབ་འཇུག་ལས་མངོན་པ་ལྟར་ན། སྲིན་སྡོང་དེ་རིགས་འགོས་པའི་ནད་དཔེ་ཚང་མ་མིག་སྨན་དེ་སྤྱོད་པ་དང་འབྲེལ་བ་ཡོད་པ་རེད།

        མིག་སྨན་དེ་ནི་མི་བཟོས་མིག་ཆུའི་གཤེར་ཁུ་ཡིན་ཞིང་། མིག་རིལ་འཇམ་འདྲེད་ཡོང་རྒྱུར་བཀོལ་བཞིན་ཡོད། ཆེད་མཁས་པས། མིག་ནི་མིག་ཆུའི་སྦུ་གུ་བརྒྱུད་ནས་སྣ་ཁུང་དང་འབྲེལ་ཡོད་པས། ནད་སྲིན་ནི་མིག་ནས་སྣ་ཁུང་དུ་འཛུལ་བ་དང་དེ་ནས་ཁྲག་སོགས་ལུས་ཕུང་གི་ཆ་ཤས་གཞན་པར་ཞུགས་ཐུབ་ཅེས་བཤད་འདུག

        ཨ་རིའི་སྨན་རྫས་དོ་དམ་ཅུས་ཀྱིས། མིག་སྨན་ཐོན་སྐྱེད་བྱེད་མཁན་རྒྱ་གར་གྱི་གོ་ལ་ཧྲིལ་པོའི་སྨན་བཟོ་སྨན་བཅོས་བདེ་སྲུང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་ཐད་ཚད་དང་མི་མཐུན་པའི་གནད་དོན་གནས་ཡོད་ཅིང་། དེའི་ནང་སྐྱེ་དངོས་ཕྲ་རབ་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་བྱ་ཐབས་མི་འདང་བ་དང་ཐུམ་སྒྲིལ་འཕྲོད་བསྟེན་བླང་བྱ་དང་མི་འཚམ་པ་སོགས་ཚུད་ཡོད་ཅེས་བསྟན་ཡོད་པ་རེད། ཨ་རིའི་སྨན་རྫས་དོ་དམ་ཅུས་ཀྱིས་ཁེ་ལས་དེར་ཐ་ཚིག་བསྒྲགས་ཤིང་། མིག་སྨན་དེ་རིགས་ཨ་རིའི་ཁྲོམ་རར་ཞུགས་མི་ཆོག་པ་བཟོས་ཡོད། མ་ཟད་ཨ་རིའི་སྨན་རྫས་དོ་དམ་ཅུས་ཀྱིས་ཀུང་སི་དེས་ཐོན་སྐྱེད་བྱས་པའི་མིག་སྨན་གཞན་ཞིག་ལ་དེ་དང་འདྲ་བའི་ཐ་ཚིག་བསྒྲགས་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།