ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

བོད་ཀྱི་བུ་མོ་འདི་ཆིང་ཧྭ་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། ཁོ་མོས་འདི་ལྟར་བཤད།

སྤེལ་དུས 2023-02-16 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

        ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེའི་ཁུལ་ཉ་མོ་ཤང་སྟེང་ཁུག་གྲོང་ཚོའི་ཟླ་བ་ཚེ་རིང་གི་ཁྱིམ་དུ་འཁྲུག་ཆ་ཤིན་ཏུ་དོད། ཉ་མོ་ཤང་ཏང་ཨུད་དང་སྲིད་གཞུང་ཁོངས་སྟེང་ཁུག་གྲོང་ཚོ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་དེ་བཞིན་གཉེན་ཉེ་ཚོས་ཁ་བཏགས་འཁྱེར་ནས་ཆིང་ཧྭ་སློབ་ཆེན་ལ་ཡིག་རྒྱུགས་ལོན་པའི་སློབ་མ་བདེ་ཆེན་གཡང་འཛོམས་ལ་སྐྱེལ་མ་བྱེད་བཞིན་ཡོད།  
        བསམ་གྲུབ་རྩེའི་ཉ་མོ་ཤང་སྲིད་གཞུང་གི་ཤང་ཀྲང་ཀྲང་ཞའོ་ལུང་དང་སྟེང་ཁུག་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་པ་སངས་ཚེ་རིང་གིས་སློབ་མ་བདེ་ཆེན་གཡང་འཛོམས་ལ་ཁ་བཏགས་གཡོགས་པ་དང་འཚམས་འདྲིའི་དངུལ་ཡང་སྤྲད་ནས། བདེ་ཆེན་གཡང་འཛོམས་ཆིང་ཧྭ་སློབ་ཆེན་དུ་རྒྱུགས་འཕྲོད་པ་འདི་ནི་ནང་མི་དང་། གྲོང་ཚོ་ཡོངས། ཤང་ཡོངས། བསམ་གྲུབ་ཁུལ་བཅས་ཀྱི་གཟི་བརྗིད་ཡིན་པས། གཟི་བརྗིད་དེ་སློབ་སྦྱོང་གི་སྒུལ་ཤུགས་སུ་བསྒྱུར་ནས་དུས་རབས་གསར་པར་བྱས་རྗེས་ཡོད་པའི་གཞོན་ནུ་ཞིག་ཏུ་འགྱུར་བའི་བརྩོན་ལེན་བྱས་ཏེ། མེས་རྒྱལ་དང་ཕ་ཡུལ་གྱི་འཛུགས་སྐྲུན་ཆེད་ལེགས་སྐྱེས་འབུལ་དགོས་ལུགས་བསྟན། 
        བདེ་ཆེན་གཡང་འཛོམས་ནི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པ་དང་། ཕ་མ་གཉིས་ཀ་ཞིང་པ་ཡིན་ཞིང་། ཁྱིམ་དུ་ནང་མི་10ཡོད། ཁོ་མོ་ནི་ཕྲུ་གུ་4ཡི་ནང་གི་རྒན་འགོ་རེད། བདེ་ཆེན་གཡང་འཛོམས་ཀྱིས་བསམ་གྲུབ་རྩེའི་ཁུལ་དུ་སློབ་ཆུང་དང་དམའ་རིམ་སློབ་འབྲིང་འགྲིམས་རྗེས། སྦྱངས་འབྲས་ཕུལ་བྱུང་བླངས་ནས་ལྷ་ས་སློབ་འབྲིང་དུ་རྒྱུགས་འཕྲོད། 
        བདེ་ཆེན་གཡང་འཛོམས་ཀྱིས་དགའ་ཚོར་ཆེན་པོས་“ང་ལ་ཆིང་ཧྭ་སློབ་ཆེན་གྱི་སློབ་བསྡུའི་བརྡ་ཐོ་འབྱོར་དུས། དགའ་ཚོར་ཆེན་པོ་བྱུང་ལ། དེ་སྔོན་འབད་བརྩོན་བྱས་པ་ཚང་མ་ཆུད་ཟོས་སུ་ཕྱིན་མི་འདུག་”ཅེས་ཟེར། 
        བདེ་ཆེན་གཡང་འཛོམས་ཀྱི་ཨ་ཕ་ཟླ་བ་ཚེ་རིང་གིས་གསར་འགོད་པར་“ངའི་བུ་མོ་སློབ་སྦྱོང་ཡག་པོ་ཡོད། ང་ཚོས་སློབ་སྦྱོང་ཐད་རོགས་རམ་གང་ཡང་བྱེད་མི་ཐུབ་ཀྱང་། ཁོ་མོར་རང་ཉིད་ཀྱི་སློབ་སྦྱོང་འཆར་གཞི་ཡོད་ལ་འབད་བརྩོན་ཡང་བྱེད་ཀྱི་ཡོད། དེ་དག་ཚང་མ་ཁོ་མོའི་འབད་བརྩོན་དང་སློབ་གྲྭའི་རོགས་རམ་ལ་བརྟེན་ནས་གྲུབ་འབྲས་ཐོབ་པ་རེད་”ཅེས་དང་། གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་བཀལ་བའི་གྱང་ལ་མཛུབ་མོ་བཙུགས་ནས་“ངའི་ཁྱིམ་གྱི་ཕྲུ་གུ་བཞི་པོའི་སློབ་སྦྱོང་ཡག་པོ་ཡོད། བདེ་ཆེན་གཡང་འཛོམས་ཀྱི་གཅུང་པོ་དང་གཅུང་མོ་ཚོས་ཀྱང་ཁོ་མོ་མིག་དཔེར་བྱས་ནས་གྲུབ་འབྲས་ཡག་པོ་ཐོབ་རེ་བྱེད་བཞིན་ཡོད་”ཅེས་ཟེར། 
        ཤེས་རྟོགས་བྱུང་བར་གཞིགས་ན། བདེ་ཆེན་གཡང་འཛོམས་ལ་སློབ་སྦྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་མ་ཟད། 2018ལོར་ཁོ་མོར་བསམ་གྲུབ་རྩེའི་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་པའི་སྒེར་གྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་འདུག
        བདེ་ཆེན་གཡང་འཛོམས་ཀྱིས། “ངས་སློབ་གྲྭ་གསར་པའི་ནང་རང་ཚུགས་དམ་དུ་བཟུང་སྟེ། དཀའ་སྤྱད་སྙིང་རུས་དང་། བློ་གདེང་ཆེན་པོས་ཆེད་ལས་ཀྱི་ཤེས་བྱ་ཡག་པོ་སྦྱོང་རྒྱུ་དང་། བོད་ཡིག་དཔེ་དེབ་ལྟ་རྒྱུ་མཐའ་འཁྱོངས། སློབ་སྦྱོང་བྱེད་རྒྱ་ཇེ་ཆེར་གཏོང་བ་བཅས་བྱས་ནས་འབྱུང་འགྱུར་སྔར་ལས་ལེགས་པའི་སྔུན་བསུ་རྒྱུ་ཡིན་”ཞེས་དང་། “རྒྱལ་ཁབ་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོས་ངའི་སློབ་སྦྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཤེས་བྱ་དང་འཇོན་ཐང་ཏན་ཏིག་སྦྱངས་ནས་ཕ་ཡུལ་འཛུགས་སྐྲུན་དང་མེས་རྒྱལ་འཛུགས་སྐྲུན་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཟེར། 



རྩོམ་སྒྲིག་པ། སྣང་རྡོར།