ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

པེ་ཅིང་དུ་ལོ་བཅོ་ལྔའི་ལམ་ལུགས་ཀྱི་སློབ་གྲྭ་བསྐྲུན་རྒྱུ།

སྤེལ་དུས 2023-02-17 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
        ཉེ་ཆར། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་སོགས་སྡེ་ཁག་བདུན་གྱིས་ཁྱབ་བསྒྲགས་བྱས་པའི《པེ་ཅིང་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་བསལ་སློབ་གསོའི་འཕེལ་རྒྱས་རིམ་སྤོར་བྱ་སྤྱོད་འཆར་གཞིའི》ནང་། 2025ལོའི་བར་དུ་པེ་ཅིང་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས། ས་ཁུལ་ཁག་ཚང་མས་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་གི་སློབ་ཞུགས་ཆ་ཚང་བའི་དུས་མཚམས་བར་འབྲེལ་མཐུད་བྱེད་པའི་ལོ་བཅོ་ལྔའི་ལམ་ལུགས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་བསྐྲུན་དགོས་པ་མ་ཟད། སློབ་རིམ་མི་འདྲ་བའི་དུས་མཚམས་དང་ཆེད་ལས་མི་འདྲ་བར་གཞིགས་ནས། དམིགས་བསལ་སློབ་གསོའི་དགེ་རྒན་བཀོད་སྒྲིག་འདང་ངེས་བྱེད་དགོས།  
        དམིགས་བསལ་སློབ་གསོ་ནི་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། བྱ་སྤྱོད་འཆར་གཞིའི་ནང་། པེ་ཅིང་གིས་ཐབས་ལམ་མང་པོར་བརྟེན་ནས་དམིགས་བསལ་སློབ་གསོའི་ཆེད་ལས་དགེ་རྒན་མཁོ་སྤྲོད་མང་དུ་གཏོང་བ་དང་། དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། ཞིབ་བཤེར་གཏན་འཁེལ་བྱས་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་ལས་བཟོ་བའི་སྒྲིག་ཁོངས་བསྡོམས་འབོར་ནང་སྒྲིག་ཁོངས་ཐོན་ཁུངས་གཅིག་འདོམས་བཀོད་སྒྲིག་བྱེད་པ། དམིགས་བསལ་སློབ་གསོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཟེར། པེ་ཅིང་གི་ཆུས་ཁག་གིས་ཡོངས་བསྒྲགས་ངང་གདན་ཞུ་བྱས་པའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་ལས་གནས་སུ་དམིགས་བསལ་སློབ་གསོའི་དགེ་རྒན་ལས་གནས་མང་དུ་གཏོང་རྒྱུ་ཡིན། དམིགས་བསལ་སློབ་གསོའི་དགེ་རྒན་གྱི་ཐོབ་ཐང་མུ་མཐུད་མཐོ་རུ་གཏོང་རྒྱུ། དམིགས་བསལ་སློབ་གསོའི་དགེ་རྒན་དང་། འཛིན་གྲྭ་གཞན་དང་མཉམ་དུ་སློབ་སྦྱོང་བྱེད་པའི་འཛིན་བདག་དང་སློབ་ཁྲིད་དགེ་རྒན་ལ་ལས་ཕྱོད་གླ་ཕོགས་དམིགས་བསལ་དུ་སྤྲོད་པ་དང་། དགེ་རྒན་གྱི་གོ་མིང་དཔྱད་བསྡུར་གདན་ཞུ་དང་གཟེངས་བསྟོད་བྱ་དགའ་དམིགས་བསལ་སློབ་གསོའི་དགེ་རྒན་ལ་ཕྱོགས་རྒྱུ་ཡིན།
        པེ་ཅིང་གིས་དབང་པོ་སྐྱོན་ཅན་གྱི་སློབ་མ་མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་ཞུགས་ཀྱི་གོ་སྐབས་མང་དུ་གཏོང་རྒྱུ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་དང་ལེན་བྱེད་པའི་ནུས་པ་ཡོད་ལ་དང་ལེན་བྱེད་འདོད་ཀྱང་ཡོད་པའི་དབང་པོ་སྐྱོན་ཅན་གྱི་སློབ་མས་ཐག་ཉེ་སར་སློབ་ཞུགས་བྱ་རྒྱུའི་རེ་ཞུ་བྱེད་ཆོག མཐོ་རྒྱུགས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་དབང་པོ་སྐྱོན་ཅན་གྱི་སློབ་མ་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་ནང་ཞུགས་རྒྱུར་ལུགས་མཐུན་གྱི་སྟབས་བདེ་བསྐྲུན་རྒྱུ་ཡིན། དུས་མཚུངས་སུ་པེ་ཅིང་གིས་དབང་པོ་སྐྱོན་ཅན་གྱི་འབྲིང་རིམ་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། དམིགས་བསལ་སློབ་གསོའི་སློབ་གྲྭའི་ལས་རིགས་སློབ་གསོ་པུའུ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་དཀྱུས་མ་མཉམ་ལས་བྱས་ཏེ། དབང་པོ་སྐྱོན་ཅན་སློབ་མའི་ཁྱད་ཆོས་དང་དགོས་མཁོ་དང་འཚམ་པའི་ཆེད་ལས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། དབང་པོ་སྐྱོན་ཅན་སློབ་མའི་འཚོ་བ་འཆར་འགོད་དང་ལས་ཞུགས་མཛུབ་ཁྲིད་ཡག་པོ་བྱ་རྒྱུ་རེད། ཆ་རྐྱེན་ཡོད་པའི་མཐོ་རིམ་སློབ་གྲྭས་དབང་པོ་སྐྱོན་ཅན་གྱི་རྒྱུགས་སྤྲོད་སློབ་མར་དམིགས་ཏེ་ཁེར་རྒྱུགས་ཁེར་བསྡུ་བྱེད་པར་རྒྱབ་སྐྱོར་དང་། མཐོ་རིམ་སློབ་གྲྭས་རིག་གཞུང་ཚན་ཁག་དང་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་མཐོ་རིམ་མཉམ་འདྲེས་སློབ་གསོ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས།
        དེ་བཞིན། པེ་ཅིང་གིས་སྤུས་ལེགས་ཀྱི་དམིགས་བསལ་སློབ་གསོའི་ཐོན་ཁུངས་ས་ཁོངས་ལས་བརྒལ་ནས་བཀོད་སྒྲིག་བྱ་རྒྱུ་མུ་མཐུད་ལེགས་སུ་གཏོང་རྒྱུ་དང་། ལྟེ་བའི་ཁུལ་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་གྲོང་ཁྱེར་འཕེལ་རྒྱས་ཁུལ་གསར་དང་སྣོད་བཅུད་གསོ་སྐྱོང་ཁུལ་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭས“ལག་གདང་སྦྲེལ་བའི”རོགས་སྐྱོར་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སྣང་རྡོར།