ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

གླིང་གི་ཡང་ཐུལ་དམ་པའི་མི་བདུན་གྱི་ངོ་སྤྲོད།

སྤེལ་དུས 2023-03-08 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།

ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་ཀློང་ནས་པདྨའི་རིགས་ཀྱི་གཞལ་ཡས་སུ། །
དྲེགས་པ་ཟིལ་གནོན་དབང་དྲག་རྩལ་གྱི་ཁྲོ་བོ་རྟ་མཆོག་རོལ་པའི་གར། །
པདྨ་འབྱུང་གནས་དགོངས་རྒྱུད་འཕོ་བའི་རང་བྱུང་རིག་པའི་རྩལ་རྫོགས་པ། །
སྤྲུལ་པའི་སྐྱེས་མཆོག་སེང་ཆེན་རྒྱལ་པོས་དེང་འདིར་བདེ་ལེགས་ཤིས་པ་སྩོལ། །

དཀར་གསལ་ཟླ་བའི་འཛུམ་ཞལ་མཛེས་པའི་ལང་ཚོའི་མཚར་སྡུག་སྐུ་ལ་བཞད། །
ཆུང་རྒྱུད་ཁྱུང་གི་སྒོ་ངའི་ནང་ནས་དཔའ་བོའི་རྩལ་དྲུག་ལུས་ལ་རྫོགས། །
རྨོག་དཀར་དར་འཕྲུ་རླུང་གིས་སྐྱོད་བཞིན་འདོ་བ་རྒྱ་བྱ་སོག་དཀར་ཆིབས། །
ཤར་སྒོ་སྲུང་བའི་སྡང་དགྲའི་དཔུང་འཇོམས་ཡ་མེད་རྒྱ་ཚ་ཞལ་དཀར་ཡིན། །

ལེབ་ཆེན་མཚོན་གྱི་རྣོ་ངར་འབར་བས་བདུད་སྡེའི་སྲོག་རྩ་དུས་གཅིག་བཀུམ། །
དམར་ནག་ཁྲག་གིས་མིག་རྩ་སྐོར་ཞིང་དཀར་གསལ་དུང་གི་སོ་ཞོ་བསྟར། །
གངས་རིའི་དུམ་བུ་ཐང་དུ་འགྲིལ་འདྲའི་འདོ་བ་སྟོང་རི་རག་དཀར་ཆིབས། །
དགྲ་དཔུང་ཟིལ་གནོན་ལྷོ་སྒོ་སྲུང་བའི་དཔའ་བོ་སེང་སྟག་ཨ་དོམ་གྲགས། །

སྐྱེན་པའི་ཉག་ཕྲན་མདའ་ལ་མངའ་བརྙེས་དཔའ་བོ་ཁྲོས་པའི་གད་རྒྱང་སྒྲོག །
སྐུ་མདོག་སྨུག་ནག་རྩལ་དྲུག་རྫོགས་པའི་འཁོར་གསུམ་དགྲ་ལྷའི་གོ་མཚོན་སྤྲས། །
རྨིག་བཞིར་རླུང་གིས་གཤོག་པ་ཐོགས་པའི་འདོ་བ་དངོས་གྲུབ་ལྡེམ་པ་ཆིབས། །
ནུབ་སྒོ་སྲུང་བའི་དཔའ་བོ་སྟོབས་རྒྱལ་ཚ་ཞང་འདན་མ་བྱང་ཁྲ་ཡིན། །

ཕ་རྒྱུད་སྟག་རོང་དམར་ཡག་སྟག་གི་འཛུམ་དྲུག་ངོམ་པའི་དཔའ་རྩལ་རྫོགས། །
ཞེ་སྡང་ཁྲོ་ཞལ་མེ་ལྕེ་དམར་པོ་སྡང་དགྲའི་དཔུང་ལ་དྲག་ཏུ་མཆེད། །
འདོ་བ་གངས་རི་ལྡིང་ཤེས་བང་རྩལ་གློག་དམར་མཁའ་ལ་འཁྱུག་འདྲ་ཆིབས། །
བྱང་སྒོ་སྲུང་བའི་བློན་ཆེན་དཔའ་བོ་ཁྲོ་ཐུང་ཉ་ཚ་ཨ་བརྟན་གྲགས། །


སྔགས་ནག་དུག་གི་འཁོར་ལོ་བསྐོར་ཞིང་སྒྱོགས་ཆེན་གནམ་ལྕགས་ཕ་བོང་འཕེན། །
བེར་ནག་ཆོས་སྐྱོང་དགྲ་ལྷའི་དཔང་བསྟོད་མངོན་སྤྱོད་དྲག་པོའི་གཏོར་ཟོར་གྱིས། །
ཧཱུྃ་ཤི་ཕཊཿའགྱེལ་དྲག་སྔགས་ལྡིར་བས་ཕས་རྒོལ་སྡང་དགྲ་རྡུལ་དུ་བརླགས། །
འདོ་བ་རླུང་ནག་རྗེས་ཆོད་ཆིབས་བསྒྱུར་དགའ་སྡེ་ཆོས་སྐྱོང་བེར་ནག་གྲགས། །

གླག་ནག་གཟན་ལ་གཤོག་འགྱུར་ངོམ་འདྲའི་དྲག་རྩལ་དཔའ་བོའི་ཉམས་འགྱུར་ལས། །
མདུང་ནག་བ་དན་རླུང་གིས་བསྐྱོད་ཅིང་མཐུ་སྟོབས་ཐོགས་མེད་དགྲ་དཔུང་གཟིར། །
མཁའ་ལྡིང་ཁྱུང་གི་གཤོག་རྩལ་འགྲན་པའི་འདོ་བ་སྨུག་གུ་ལྡིང་ཤེས་ཆིབས། །
ཆེ་རྒྱུད་སྲིད་པ་གངས་ལས་ཆད་པའི་དར་འཕེན་དུག་གིས་སྡོང་པོ་གྲགས། །

སྟག་རོང་ཙནྡན་ནགས་སུ་འཁྲུངས་པའི་རྒྱ་སྟག་ཁྲ་བོའི་གདུང་རྒྱུད་ལས། །
དཔའ་སྙིང་རྩལ་དྲུག་ལུས་ལ་རྫོགས་ཤིང་ཞགས་ནག་སྡང་དགྲའི་སྐེ་ལ་བཀོན། །
ཕོ་རོག་སྟོང་འཆམ་ཆོས་སྐྱོང་རང་འཁོར་འདོ་བ་སྨུག་ནག་ཆིབས་སུ་བསྒྱུར། །
བདུད་ཕྲུག་གསོན་སྙིང་དམར་པོ་འདོན་པའི་སྟག་རོང་ཨ་ནུ་གཟིག་འཕེན་གྲགས། །
རྩོམ་སྒྲིག་པ། སྣང་རྡོར།