ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

དཀར་མཛེས་ཁུལ་དུ་ཐེངས་དང་པོར་བོད་ཁུལ་ཁང་བྱིའུ་ཤེས་རྟོགས་བྱུང་བ།

སྤེལ་དུས 2023-03-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སི་ཁྲོན་ཁྲོམ་གཟའ་འགབ་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལས་དོན་མི་སྣས་རང་བྱུང་སྲུང་སྐྱོབ་ཁུལ་ཀ་བཞི་ཤང་གི་ས་ཁོངས་སུ་རྒྱུན་གཏན་གྱི་སྐོར་གཡེང་སྲུང་སྐྱོབ་ལས་དོན་སྤེལ་སྐབས། ས་བབ་མཐོ་ཚད་སྨི་4446མཚམས་ཀྱི་རི་སྟེང་དུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཏེ་བོད་ཁུལ་ཁང་བྱིའུ་ཤེས་རྟོགས་བྱུང་བ་མ་ཟད་པར་ལེན་ཡང་བྱས་ཡོད། དེ་ནི་སྲུང་སྐྱོབ་ཁུལ་དུ་ཤེས་རྟོགས་བྱུང་ཐེངས་དང་ཐོ་འགོད་བྱེད་ཐེངས་དང་པོ་ཡིན་ལ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལ་བོད་ཁུལ་ཁང་བྱིའུ་པར་ལེན་ཐུབ་ཐེངས་དང་པོ་ཡང་ཡིན་པ་རེད།

         བོད་ཁུལ་ཁང་བྱིའུ་ནི་ཁུག་རྟའི་ཁོངས་ཀྱི་ཁང་བྱིའུ་དམར་པོའི་གྲས་སུ་གཏོགས་ཤིང་། རང་རྒྱལ་ལ་དམིགས་བསལ་དུ་ཡོད་ཅིང་མཐོང་དཀོན་པའི་འདབ་ཆགས་ཤིག་ཡིན། བོད་ཁུལ་ཁང་བྱིའུ་ཡི་ལུས་པོའི་རིང་ཚད་ལ་ལི་སྨི་17-18ཡོད་པ་དང་། མཆུ་ཏོ་ཕྲ་ཞིང་སྒོར་དབྱིབས་ཡིན་པ། གཤོག་པ་ཅུང་རིང་བ། གཤོག་རྩེ་ཕལ་ཆེར་མཇུག་སྣེའི་བར་དུ་བསྲིངས་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ནས་5400བར་གྱི་རི་མཐོན་པོའི་བྲག་རྡོ་དང་ལ་རྒོད། སྤང་ལྗོངས། སྔོ་དྲེག་ས་ཁུལ། དེ་བཞིན་རྩི་ཤིང་ཐར་ཐོར་སྐྱེས་པའི་མཐོ་སྒང་གི་ཐང་ཡངས་པོར་འཚོ་སྡོད་བྱེད་ཀྱི་ཡོད། ས་ངོས་ནས་ཟས་འཚོལ་ཞིང་། རི་མཐོའི་རྩྭ་རྩི་ཤིང་གི་ས་བོན་ཟས་སུ་སྤྱོད་ལ། ལོ་མ་དང་མེ་ཏོག ཤིང་ཕྲན་གྱི་འབྲས་བུ་སོགས་ཀྱང་སྤྱོད་ཀྱི་ཡོད། འགྲོ་སྟངས་འཁོབ་ཙམ་སྣང་ཡང་། འཕུར་སྐྱོད་བྱེད་སྐབས་བདེ་ལྕག་འཁྱུག་ཅིང་ཉམས་འགྱུར་ལྡན་པ་ཞིག་ཡོད།
         ད་ཐེངས་སྲུང་སྐྱོབ་ཁུལ་དུ་བོད་ཁུལ་ཁང་བྱིའུ་ཐོག་མར་ཤེས་རྟོགས་བྱུང་བ་དེའི་ཐོག་ནས། དཀར་མཛེས་ཁུལ་སེར་ཤུལ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཉེ་བའི་ལོ་ཤས་རིང་སི་ཁྲོན་ཁྲང་གཟའ་འགབ་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་པའི་འབྲས་བུ་མངོན་ཡོད་པ་དང་། ཁྲང་གཟའ་འགབ་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཉེ་འཁོར་དུ་ཡོད་པའི་འབྲོག་པ་མང་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་སོང་བའི་འབྲས་བུ་ཡང་ཡིན། ད་ཐེངས་ཤེས་རྟོགས་བྱུང་བ་དེས། སྲུང་སྐྱོབ་ཁུལ་གྱི་མ་གདན་སྐྱེ་དངོས་ཐོན་ཁུངས་སྔར་བས་ཕུན་སུམ་ཚོགས་སུ་དང་གསོག་འཇོག་ཐུབ་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དོ་དམ་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

         འབྲེལ་ཡོད་ཚད་ལྡན་ཡིག་ཆའི་ནང་འཁོད་པར་གཞིགས་ན། བོད་ཁུལ་ཁང་བྱིའུ་ནི་ཁྱབ་ཁུལ་ས་བབ་མཐོ་བ་དང་མཐོང་དཀོན་པ་ཞིག་ཡིན་ཞིང་། མིག་སྔར་ཤིན་ཅང་གི་ཤར་ལྷོའི་རྒྱུད་དང་མཚོ་སྔོན་གྱི་ལྷོ་ནུབ་རྒྱུད། བོད་ལྗོངས་སྣ་དཀར་རྩེ་རྫོང་བཅས་ཁོ་ནར་ཤེས་རྟོགས་བྱུང་བའི་ཟིན་ཐོ་ཡོད་པ་ཙམ་ཡིན།  མིག་སྔར་ཤེས་རྟོགས་བྱུང་བའི་ཁྱབ་ཁུལ་ས་བབ་མཐོ་ཤོས་ཡིན་པའི་འདབ་ཆགས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས། བོད་ཁུལ་ཁང་བྱིའུ་ཡི་སྐྱེ་འཕེལ་འབྱུང་ཁམས་དང་དེ་བཞིན་འཕེལ་འགྱུར་ལ་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་སྔར་ལས་ལྷག་པ་བྱེད་དགོས་ཀྱི་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།