ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སློབ་མ་4རྒྱལ་མཚམས་སྒྲོལ་རྗེས་འབྲེལ་བ་ཆད་འདུག

སྤེལ་དུས 2023-03-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ཉེ་ཆར། ཨན་ཧུའེ་ཧོ་ཧྥེ་ཡི་སློབ་གྲྭ་ཁག་གཅིག་གི་སློབ་མ་ཚོར་བདེ་འཇགས་སྐོར་གྱི་དྲན་སྐུལ་འབྱོར་བ་སྟེ། སློབ་མ་4དངོས་སྦྱོང་བྱེད་རིང་རྒྱལ་མཚམས་ལས་ལྐོག་བྲོས་བྱས་པ་དང་། འབར་མར་སླེབས་རྗེས་འབྲེལ་བ་ཆད་པས་སློབ་གྲོགས་ཚོས་དོགས་ཟོན་བྱེད་དགོས་ཅེས་བརྗོད་ཡོད་པ་རེད། ཟླ་3ཚེས་17ཉིན། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ནས་གནས་ཚུལ་དེར་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ཞེས་ལན་བཏབ་འདུག
       སྐད་འཕྲིན་བཅད་རིས་ཅིག་ལས་མངོན་པར། དགེ་རྒན་ཞིག་གིས་ཚོགས་པའི་ནང་ཁོངས་མི་ཡོངས་ལ་བདེ་འཇགས་ཀྱི་དྲན་སྐུལ་བྱས་དོན། ཉེ་དུས་མངགས་གཏོང་ཁང་ག་གེ་མོའི་ཁོངས་གཏོགས་ཁུལ་གྱི་ལས་རིགས་སློབ་གྲྭ་ཞིག་གི་སློབ་མ་བཞིས་ཕྱི་ཕྱོགས་སུ་དངོས་སྦྱོང་བྱེད་རིང་། ཕྱི་རྒྱལ་དུ་ལས་ཀ་ཟླ་བ་གསུམ་བྱས་ན་ཕྱུག་པོར་འགྱུར་བའི་བསླུ་བྲིད་ལ་ཡིད་ཆེས་ནས་ཡུན་ནན་ཞི་ཧྲོང་པན་ན་ནས་ལྐོག་ཏུ་རྒྱལ་མཚམས་སྒྲོལ་ཡོད་པ་རེད། ཅིང་ཤིང་ས་ཚིགས་ཀྱི་སྤྱི་བདེ་དང་ཡུན་ནན་ཉེན་རྟོག་ཕྱོགས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། སློབ་མ་དེ་བཞི་པོ་འབར་མར་བསྐྱོད་པ་གཏན་འཁེལ་བྱུང་བ་དང་། མིག་སྔར་མི་4པོ་འབྲེལ་བ་ཆད་ཡོད། རིམ་གཉིས་སློབ་གླིང་དག་གིས་ཕྱི་རོལ་དུ་དངོས་སྦྱོང་བྱེད་བཞིན་པའམ་ཡང་ན་ལས་ཀ་འཚོལ་བཞིན་པའི་སློབ་མ་རྣམས་ལ། ལས་གྲོགས་སམ་ཡང་ན་མཚམས་སྦྱོར་བ་སོགས་ཀྱིས་ངོ་སྤྲོད་བྱས་པའི་ཕྱི་རྒྱལ་དུ་གླ་པར་ཕྱིན་ན་ཡོང་སྒོ་མང་བའི་རྫུན་གཏམ་དང་བསླུ་བྲིད་ལ་ཡིད་ཆེས་བྱེད་མི་རུང་ལ། ཡིད་ཆེས་བྱས་ཚེ་མི་ལུས་རང་དབང་ཤོར་རྒྱུ་དང་ཐ་ན་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལའང་ཉེན་ཁ་ཡོད་ཅེས་དྲན་སྐུལ་ཞུས་ཡོད།

       ཟླ་3ཚེས་17ཉིན། ཨན་ཧུའེ་ཧོ་ཧྥེའི་ཞིན་ཀྲེན་ཁུལ་གྱི་མཐོ་སློབ་ཅིག་གི་སློབ་མས་གསར་འགོད་པར། ཉེ་ཆར་ངས་ཀྱང་དགེ་རྒན་གྱིས་བརྒྱུད་སྐུར་བྱས་པའི་བརྡ་ཐོ་མཐོང་བྱུང་། འོན་ཀྱང་ཞིབ་ཕྲ་སློབ་གྲྭ་གང་ཞིག་གི་གནས་ཚུལ་ཡིན་མིན་ངས་གསལ་པོ་ཤེས་ཀྱི་མེད་ཅེས་བཤད་པ་དང་། མངགས་གཏོང་ཁང་དེའི་དོ་དམ་ཁུལ་གྱི་སློབ་ཆེན་གྲོང་དུ་སློབ་ཆེན་མང་པོ་ཡོད་པ་གསར་འགོད་པས་ཤེས་རྟོགས་བྱུང་ཡོད། 
       མངགས་གཏོང་ཁང་གི་འབྲེལ་ཡོད་ལས་དོན་མི་སྣས་གསར་འགོད་པར། མངགས་གཏོང་ཁང་དེས་ཉེ་འགྲམ་གྱི་སློབ་ཆེན་ལ་བདེ་འཇགས་ཀྱི་དྲན་སྐུལ་བཏང་བ་དང་། དངོས་སྦྱོང་བྱེད་སྐབས་འབར་མར་ཕྱིན་པའི་སློབ་མ་ཡོད་ཅེས་བཤད་ཀྱང་། ཞིབ་ཕྲ་སློབ་གྲྭ་གང་གི་སློབ་མ་ཡིན་པ་དང་། སློབ་མ་རྣམས་ཀྱིས་གྲོང་ཁྱེར་གང་ནས་དངོས་སྦྱོང་བྱེད་སྐབས་ཕྱིར་སོང་བ་ཡིན་པ་སོགས་ཀྱི་སྐོར་གསལ་པོ་བརྗོད་མེད་པ་རེད། 
       གསར་འགོད་པས་སྔ་རྗེས་སུ་ཧོ་ཧྥེ་གྲོང་ཁྱེར་སྤྱི་བདེ་ཅུས་ཤིན་ཆི་ཡན་ལག་ཅུས་དང་ཧོ་ཧྥེ་གྲོང་ཁྱེར་སྤྱི་བདེ་ཅུས་དང་འབྲེལ་བ་བྱས་པ་དང་། ལས་དོན་མི་སྣ་ཚང་མས་གནས་ཚུལ་དེ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ཞེས་བརྗོད་འདུག ཡུན་ནན་ཞི་ཧྲོང་པན་ན་ཁུལ་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས། གནད་དོན་དེ་གསལ་པོ་ཧ་གོ་མ་སོང་། གལ་ཏེ་ཧོ་ཧྥེའི་ཉེན་རྟོག་ཕྱོགས་ཀྱིས་ཞིབ་བཤེར་བྱེད་རོགས་ཀྱི་བརྡ་ཁྱབ་བཏང་ཡོང་བ་དང་། གྱོད་གཞིར་འཕེལ་རིམ་ཡོད་ཚེ་ང་ཚོས་ཡིག་ལན་གཏོང་ངེས་ཡིན་ཞེས་བཤད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།