ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སྦྱིན་བདག་དུས་ཆེན་ཞེས་པ་ཞིག་ཀྱང་འདུག གོ་མྱོང་ཨེ་ཡོད།

སྤེལ་དུས 2023-03-24 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
       “སྦྱིན་བདག་དུས་ཆེན”ཞེས་པ་དེ་ནི་འཕན་ཡུལ་གྱི་ས་ཆ་མང་པོ་ཞིག་ཏུ་དར་ཁྱབ་ཤིན་ཏུ་ཆེ་བའི་བྱིས་པའི་དུས་ཆེན་ཞིག་ཡིན་ཞིང་། སྤྲོ་སྣང་འཕེལ་བའི་བྱིས་པའི་དུས་ཆེན་དེ་ནི་བྱིས་པ་རང་ལ་དབང་བའི་དམིགས་བསལ་གྱི་དུས་ཆེན་ཞིག་རེད།

       བོད་ཟླ་11པའི་ཚེས་15དང་བོད་ཟླ་12པའི་ཚེས་15ཉིན་གྲོང་ཚོའི་བྱིས་པ་རྣམས་དགོང་མོ་ས་སྲོད་ཀྱི་མཚམས་སུ་མ་འབོད་གཅིག་ཏུ་འཛོམས་ནས་ཡུལ་དེ་གའི་ཁྱིམ་ཚང་སོ་སོའི་སྦྱིན་བདག་ལ་ཟས་རིགས་སྣ་ཚོགས་སློང་བ་ནས་འགོ་བཙུགས་ཏེ་སྦྱིན་བདག་གིས་གནང་བའི་ཟས་རིགས་དེ་དག་ཐུན་མོང་ཐོག་ཟ་འཐུང་གཡོས་སྦྱོར་གྱི་ལོངས་སྤྱོད་དང་འབྲེལ་གཞས་སྣ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད།
       བྱེད་སྒོའི་ནང་དོན།
       གཅིག གྲོང་ཚོའི་ནང་གི་བྱིས་པ་ཐམས་ཅད་མ་འབོད་གཅིག་ཏུ་འཛོམས་ནས་ཁྱིམ་ཚང་མི་རེ་ངོ་རེའི་སྒོ་འགྲམ་དུ་སོང་ནས་དུས་གཅིག་ཏུ་ཁྱིམ་ཚང་དེའི་ཡབ་ཡུམ་གཙོ་བོར་གྱུར་བའི་ནང་མིར་སྙན་པའི་གདངས་དབྱངས་དང་བཅས་བསྟོད་པའི་སྙན་ཚིག་འབུལ་གྱི་ཡོད།

       གཉིས། བྱིས་པ་རྒན་པ་རྣམས་ཀྱིས་སེམས་རྩ་འཁོལ་བའི་གྲོང་མི་འགའ་ཞིག་གི་རོགས་རམ་འོག་མེ་གཏོང་ཆུ་ལེན་སོགས་ཐུག་པ་སྐོལ་རྒྱུའི་གྲ་སྒྲིག་བྱེད་པ་དང་བྱིས་པ་ཆུང་བ་རྣམས་ཀྱིས་ཁྱིམ་ཚང་སོ་སོའི་ཚེར་ར་ནས་ཚེར་ཁྲལ་ཞེས་ཚེར་མ་བསྡུ་ལེན་གྱིས་ཐབ་སྒོའི་འགྲམ་དུ་གྲབས་གསོག་བྱེད་ཀྱི་ཡོད།
       གསུམ། མ་བྱན་བྱེད་མཁན་བྱིས་པ་རྒན་པ་རེ་གཉིས་ཕུད་བྱིས་པ་གཞན་རྣམས་རང་རང་གི་བློ་མོས་ལྟར་ཐེ་བེད་རྒྱག་པ་སོགས་རྩེད་མོའི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད།
       བཞི། ཐུག་པ་གྲོད་པ་མ་རྒྱག་བར་ཚིམ་པར་ཞུས་རྗེས་སློང་བ་ལས་བྱུང་བའི་རྩམ་པ་ལྷག་མ་རྣམས་བྱིས་པ་ཚང་མའི་ཕོར་པའི་ནང་བགོ་བཤའ་བརྒྱབ་ཀྱི་ཡོད།

       ལྔ། ཁྱིམ་ཚང་སོ་སོའི་གཟན་ཁང་ནས་གཟན་རྩྭ་བླངས་ཏེ་དཔལ་འབར་ཆེན་པོ་རེ་བཟོས་ཐོག་དེར་མེ་སྤར་ནས་བཙའ་གསོད། མེ་གསོད། འབུ་གསོད་ཅེས་སྐད་གསང་མཐོན་པོས་ཞིང་ཐང་གི་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱུག་སྟེ་ཞིང་འབྲོག་ལས་ཐོན་སྐྱེད་ལ་བཙའ་སྐྱོན་དང་། ཐན་སྐྱོན། འབུ་སྐྱོན་སོགས་མི་ཡོང་བའི་སྨོན་འདུན་བཟང་པོ་མཚོན་པར་བྱེད་ཀྱི་ཡོད།
       དྲུག དཔལ་འབར་སྤོར་བའི་བྱེད་སྒོ་ལེགས་པར་གྲུབ་རྗེས་མེ་ཤིང་ལྷག་མ་རྣམས་དཀྱིལ་དུ་སྤུངས་ནས་དེའི་མཐའ་འཁོར་དུ་བྱིས་པ་རྣམས་ལག་གདང་སྦྲེལ་ཏེ་མཚན་མོའི་ཆུ་ཚོད་གཉིས་པ་གསུམ་པའི་བར་སྒོར་གཞས་འཁྲབ་ནས་སྡོད་ཀྱི་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།