ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སྤྱང་པོ་དང་གླེན་པ།

སྤེལ་དུས 2023-03-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
           གནའ་སྔ་མོར། གླེན་པ་ཞིག་ལ་གཞན་གྱིས་གཏེར་དུ་སྦས་པའི་བུམ་པ་འོད་འཕྲོ་བ་ཞིག་རྙེད། ཁོས་དེའི་ནང་དུ་བླུགས་པའི་དངོས་པོ་དེ་གསེར་ཡིན་པ་མ་ཤེས་པར། དེ་ལས་ཉུང་ཤས་ཤིག་བཏོན་ཏེ་ལྷག་མ་རྣམས་ས་འོག་ཏུ་སྦས་རྗེས། རང་གི་གྲོགས་པོ་སྤྱང་པོ་ཞིག་ཡོད་པ་དེར་འདྲི་བར་སོང་། 
           གླེན་པས། འདི་ཅི་ཞིག་རེད་ཅེས་དྲིས་པར། སྤྱང་པོས། འདི་ནི་གསེར་ཡིན་ནོ་ཞེས་བཤད། གླེན་པས། འོ་ན་ད་དུང་ཡོད་དོ་ཞེས་ཟེར་བས། སྤྱང་པོས། དེ་འདྲ་ཡིན་ན་ཡག་པོ་བྱུང་། ངེད་གཉིས་མཉམ་དུ་བྱའོ་ཞེས་བཤད་དེ། ལྷན་དུ་སོང་ནས་ཤིང་སྡོང་ཞིག་གི་རྩར་སྦས་རྗེས། ག་དུས་དགོས་ཀྱང་མཉམ་དུ་ལེན་རྒྱུའི་ཁ་ཆད་བྱས། 
           ཉིན་ཞིག སྤྱང་པོར་བསླུ་སེམས་སྐྱེས་ཏེ་ཁོ་ཕྱིན་ནས་བུམ་པ་ས་ཆ་གཞན་ཞིག་ཏུ་སྦས་རྗེས། གླེན་པ་བོས་ནས་གསེར་ལེན་དུ་སོང་བ་དང་། སྔར་གྱི་སྦས་སར་སླེབས་དུས་བུམ་པ་མཐོང་རྒྱུ་མེད་པས། སྤྱང་པོ་ན་རེ། བུམ་པ་ཁྱོད་ཀྱིས་བརྐུས་པ་རེད་ཟེར། གླེན་པས། རྐུ་བསམས་ན་དང་པོ་ང་ལ་དབང་བའི་དུས་སུ་ཁྱོད་དང་མཉམ་དུ་བྱེད་དགོས་དོན་ཅི་ཡོད། ངས་མ་བརྐུས་ཟེར་ཡང་། སྤྱང་པོས་མ་ཉན་པར་དེ་ཤེས་མཁན་ང་དང་ཁྱོད་ལས་མེད་པས། རྐུ་མཁན་ཁྱོད་ལས་གཞན་མེད་ཅེས་ཟེར་ནས་གླེན་པ་རྒྱལ་པོའི་གམ་དུ་ཁྲིད། 
           སྤྱང་པོས་རྒྱལ་པོར་བུམ་པ་གླེན་པས་བརྐུས་ཚུལ་བཤད་ནས་ཁོ་ལ་ཆད་པ་གཅོད་དགོས་རྒྱུའི་རེ་བ་བཏོན། རྒྱལ་པོ་ན་རེ། ད་དུང་བརྟག་དགོས་ཞེས་ཟེར་བར། སྤྱང་པོ་ན་རེ། དེ་འདྲ་ཡིན་ན་གསེར་བཅོལ་སའི་ནགས་ཀྱི་ལྷ་ལ་འདྲི་བར་བྱའོ་ཞེས་ཟེར་བས། རྒྱལ་པོས་ཀྱང་ལེགས་སོ་ཞེས་ཁས་བླངས། དེ་ནས་སྤྱང་པོས་རང་གི་ཕ་རྒན་ལ་བུམ་པ་གླེན་པས་བརྐུས་སོ་ཞེས་བརྗོད་དགོས་ཚུལ་བསླབས་རྗེས། ཕ་རྒན་སྡོང་པོ་ཁོག་སྟོང་དེའི་ནང་སྦས། རྒྱལ་པོས་གཙོ་བྱས་པའི་སྐྱེ་བོ་མང་པོ་འདུས། གླེན་པ་དང་སྤྱང་པོ་གཉིས་ཀྱིས་ལྷ་ལ་མཆོད་པ་ཕུལ་ཏེ་རང་རང་གིས་མ་ཉེས་པའི་དཔང་དུ་གསོལ་ནས་བདེན་པ་ཡིན་པའི་རྒྱུ་མཚན་སྔར་བཞིན་བསྙད་དོ། 
           དེ་ནས་ལྷར་བརྫུས་པའི་སྡོང་པོའི་ནང་གི་ཕ་རྒན་དེས་བུམ་པ་གླེན་པས་བརྐུས་སོང་ཞེས་ལུང་བསྟན་པ་ན། སྤྱང་པོ་ན་རེ། ཁྱོད་ཚོ་ཉོན་དང་ང་ལ་བདེན་པ་མི་འདུག་གམ་ཞེས་བརྗོད་པ་དང་། རྒྱལ་པོས་ཀྱང་། དེ་བདེན་པ་རེད་ཟེར་བས། གླེན་པ་ན་རེ། ཁྱོད་ཚོ་ཐམས་ཅད་བདེན་པ་ཡིན་ན་ང་ཡང་བདེན་པ་ཡིན། སུ་མི་བདེན་ཞེ་ན་ཤིང་གི་ལྷ་འདི་མི་བདེན་པས། སྔོན་ལ་ངས་ལྷ་འདི་མེར་བསྲེག དེ་ནས་ཁྱོད་ཚོས་ང་གསོད་ཅིག་ཅེས་བཤད་མ་ཐག སྤྱང་པོ་ན་རེ། འདི་ལྷ་ཡིན་པས་བསྲེག་མི་རུང་། འདི་བསྲེགས་ན་ཁྱོད་ལ་འབྲས་བུ་ངན་པ་འོང་ངོ་ཟེར་བར། གླེན་པ་ན་རེ། ང་ལ་ད་ལྟ་ཉིད་དུ་འཆི་བ་ལས་ལྷག་པའི་འབྲས་བུ་ངན་པ་ཡོང་རྒྱུ་གང་ཡང་མེད་ཟེར་ཏེ། མ་ཉན་པར་ཤིང་མང་པོ་སྤུངས་ཏེ་སྡོང་པོ་དེ་ལ་མེ་སྤར་བས། ཕ་རྒན་དུ་བས་དངངས་ཏེ་སྡོད་མ་ཐུབ་པར་ཕྱིར་ཐོན་ནོ།
           གླེན་པས་དེ་ནི་སྤྱང་པོའི་ཕ་ཡིན་པ་ཤེས་ནས་ཁོ་ལ་རྒྱུ་མཚན་དྲིས་པས། རྒན་པོས་གནོང་འགྱོད་དང་བཅས། ཧ་ཅང་སྤྱང་པོའང་མཁས་པ་མིན།། ཧ་ཅང་བླུན་པོའང་བླུན་པོ་མིན།། ཧ་ཅང་སྤྱང་པོ་མཁས་ཡིན་ན།། ཕ་རྒན་དུ་བས་གསོད་བྱེད་དམ།། ཞེས་བརྗོད་དོ།།
           རྒྱལ་པོས་གཏམ་དེ་ཐོས་རྗེས། གླེན་པས་བཤད་པ་དེ་བདེན་ཟེར་ནས། མི་གཡོ་ཅན་དེ་ཁྲིམས་ལ་སྦྱར། ཕ་ལ་ཉེས་པ་མེད་པས་བཏང་། གསེར་གྱི་བུམ་པ་གླེན་པ་ལ་གཏད་དོ།།
རྩོམ་སྒྲིག་པ། སྣང་རྡོར།