ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

བུ་མོ་འདི་འདྲ་བ་དངོས་གནས་ང་ཚོའི་མིག་དཔེ་རང་རེད་འདུག

སྤེལ་དུས 2023-08-10 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པའི་སློབ་མ། ཚེ་རིང་བདེ་སྐྱིད།

        “དེབ་པོ་ཏི་ཁྲི་ཕྲག་ཀློག ལམ་ལེ་དབར་ཁྲི་ཕྲག་སྐྱོད” དེ་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པའི་སློབ་ཕྲུག་ཚེ་རིང་བདེ་སྐྱིད་ཀྱི་བསྲུང་བྱའི་གདམས་ངག་ལྟ་བུ་རེད། ཁོ་མོ་ནི་སློབ་ལ་བརྩོན་ཞིང་སྦྱངས་འབྲས་ལེགས་པ་དང་། དགེ་རྒན་ལ་བརྩི་བཀུར་ཆེ་བ། སློབ་གྲོགས་དང་མཐུན་སྒྲིལ་ཟབ་པ། དགའ་ཕྱོགས་མང་བ། སློབ་གྲྭའི་ནང་དུ་དགེ་རྒན་གྱི་སློབ་མ་བཟང་པོ་དང་སློབ་གྲོགས་ཚོའི་གྲོགས་པོ་བཟང་པོ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བའི་ཕུལ་བྱུང་སློབ་མ་ཞིག་ཡིན་ལ། ཁྱིམ་དུ་ལོག་ཚེ་ཕ་མ་དང་གཉེན་ཉེ་ཚོའི་སེམས་ནང་གི་ཕྲུ་གུ་བཟང་པོ་ཞིག་ཀྱང་རེད།

        གཅིག གཞན་ལ་རོགས་རམ་བྱེད་པར་དགའ་བའི་མིག་དཔེ་བཟང་པོ།
        སློབ་སྦྱོང་ཐད། ཚེ་རིང་བདེ་སྐྱིད་ཉིན་ལྟར་ཞོགས་པའི་ཆུ་ཚོད་དྲུག་པར་མལ་ལས་ལངས་ཏེ་སློབ་སྦྱོང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པ་དང་། ང་རྒྱལ་མེད་པར་དགེ་རྒན་གྱི་སློབ་སྟོན་དང་དུ་བླངས་ནས་སློབ་སྦྱོང་གི་དཀའ་ངལ་ཚང་མ་ཁྱད་དུ་བསད་པས། སློབ་དུས་རེ་རེར“ཕུལ་བྱུང་སློབ་མ”དང“ཕུལ་བྱུང་རུ་མིར”འདེམས་ཀྱི་ཡོད། ཁོ་མོ་རང་ཉིད་ཀྱི་སློབ་སྦྱོང་ཕུད་ད་དུང་འཁྲིས་ཀྱི་སློབ་གྲོགས་ཚོའི་སློབ་སྦྱོང་ལ་རོགས་རམ་དང་སྐུལ་ཁྲིད་བྱེད་ཀྱི་ཡོད་ལ། སློབ་གྲོགས་ཚོར་དཀའ་ངལ་འཕྲད་སྐབས་ཁོ་མོས་རྟག་པར་རོགས་རམ་བྱེད་ཀྱི་ཡོད་པ་རེད།
        ཚེ་རིང་བདེ་སྐྱིད་ཡོད་སའི་འཛིན་གྲྭ་དེར་སྦྱངས་འབྲས་ཅུང་ཞན་པའི་སློབ་གྲོགས་ཤིག་ཡོད་ཅིང་། ཚེ་རིང་བདེ་སྐྱིད་ཀྱིས་ཁོ་པར་སློབ་སྦྱོང་གི་གོམས་གཤིས་ཡག་པོ་ཞིག་འཇགས་པར་བྱ་ཆེད། སློབ་ཚན་གྲོལ་རྗེས་ཁོ་པ་དང་མཉམ་དུ་སྦྱོང་ཚན་འབྲི་བ་དང་། ཚེ་རིང་བདེ་སྐྱིད་ཀྱི་རོགས་རམ་འོག སློབ་གྲོགས་དེར་རིམ་བཞིན་འགྱུར་ལྡོག་ཕྱིན་ནས་སྦྱངས་འབྲས་ཀྱང་རིམ་བཞིན་ལེགས་སུ་སོང་ཡོད། སློབ་ལ་བརྩོན་ཞིང་སྦྱངས་འབྲས་ལེགས་པ་དང་ང་རྒྱལ་མེད་པར་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བར་བརྟེན། ཚེ་རིང་བདེ་སྐྱིད་སློབ་གྲོགས་ཀུན་གྱིས་སློབ་སྦྱོང་བྱ་སའི་མིག་དཔེར་གྱུར་པ་མ་ཟད། ཁོ་མོ་ནི་དགེ་རྒན་གྱི་ལས་རོགས་བཟང་པོ་ཞིག་ཀྱང་ཡིན། འཛིན་གྲྭའི་ནང་གི་སློབ་སྦྱོང་ཨུ་ཡོན་ཡིན་པའི་ཆ་ནས། ཚེ་རིང་བདེ་སྐྱིད་ཀྱིས་རང་དཔེ་གཞན་སྟོན་བྱས་ནས་འཛིན་གྲྭའི་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་གྱི་ཡོད་པ་དང་། དགེ་རྒན་གྱིས་སྤྲད་པའི་ལས་འགན་ཁག་དུས་ཐོག་ཏུ་འགོ་མཇུག་ཚང་བར་ལེགས་སྒྲུབ་བྱེད་ཀྱི་ཡོད།
        གཉིས། དགའ་ཕྱོགས་མང་པོ་ཡོད་པའི་ལོ་ཆུང་གཞོན་ནུ།
        དང་བླངས་ཞབས་ཞུའི་ཐད། ཚེ་རིང་བདེ་སྐྱིད་ཀྱིས་གུང་གསེང་རིང་རང་འགུལ་ངང་མེ་ཏོག་རྫོང་གི་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་ཞབས་ཞུ་བ་བྱས་ནས། གྲོང་ཚོའི་རྒན་རབས་དང་མཉམ་དུ་གཙང་འགྲམ་དང་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་གད་སྙིགས་སྒྲུག་པ་དང་། ཁོ་མོས་རང་ཉིད་ནས་འགོ་བརྩམས་ཏེ་གཙང་ངོགས་ཀྱི་མང་ཚོགས་དང་ཡུལ་སྐོར་བ་ཚོར་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག མཛེས་སྡུག་ཞི་མཐུན་གྱི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུའི་འབོད་སྐུལ་ཡང་བྱས་པ་རེད། མ་ཟད་ཚེ་རིང་བདེ་སྐྱིད་ཀྱིས་ད་དུང་ཟླ་བ་རེ་རེར་རང་ཉིད་ཀྱི་གསོག་དངུལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལྷན་ཚོགས་ལ་ཞལ་འདེབས་སུ་འབུལ་རྒྱུ་མཐའ་འཁྱོངས་བྱས་ནས་ད་བར་ལོ་3ཕྱིན་ཡོད་པ་རེད།
        ཚེ་རིང་བདེ་སྐྱིད་དཔེ་དེབ་ཀློག་རྒྱུར་ཧ་ཅང་དགའ། ཁོ་མོས་ད་བར་ས་ཁམས་རིག་པ་དང་། ལོ་རྒྱུས། རྩོམ་རིག་སོགས་དང་དེ་མིན་གསུང་རྩོམ་གྲགས་ཅན་གཞན་དག་ཁྱོན་དེབ་60ལྷག་བཀླགས་ཟིན། ལྟ་ཀློག་གི་གོམས་གཤིས་བཟང་པོ་ལས་ཁོ་མོའི་རྩོམ་འབྲིའི་ཆུ་ཚད་མཐོ་རུ་ཕྱིན་ནས་2021ལོར“ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཤིན་ཧྭ་དཔེ་དེབ་ཁང་གི་ལོ་ཆུང་ཀློག་པ་པོ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་རེད།
        གསུམ། རྒྱལ་ཁབ་དང་ལོ་ཆུང་གདོང་ལེན་རུ་ཁག་ལ་དགའ་ཞེན་ཆེ་བའི་རུ་མི་བཟང་པོ།
        ཚེ་རིང་བདེ་སྐྱིད་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་འབོད་སྐུལ་དང་ལེན་ཡག་པོ་བྱས་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོ་ཁག་ལ་ཧུར་ཐག་ཞུགས་ཀྱི་ཡོད། ལོ་རེའི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་ཉིན་མོར། ཁོང་གིས་རང་འགུལ་ངང་སློབ་གྲྭའི་ཕྱི་རོལ་གྱི་གད་སྙིགས་གཙང་སེལ་བྱེད་པ་དང་། མེ་ཏོག་པད་མ་སྤྱི་གླིང་དུ་བསྐྱོད་དེ་ཐ་མག་གི་རོ་ཏོ་དང་འགྱིག་ཤོག་སྒྲུག་པ་སོགས་བྱས་ཏེ། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཚང་མར་ང་ཚོ་འཚོ་སྡོད་ཀྱི་ཁོར་ཡུག་ལ་གཅེས་སྐྱོང་བྱ་རྒྱུའི་འབོད་སྐུལ་བྱེད་ཀྱི་ཡོད། ཁོ་མོས་ད་དུང་རོགས་རམ་བྱེད་དགོས་སར་གཅེས་སེམས་སྐྱེས་སུ་འབུལ་བ་དང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོར་རང་ནུས་འདོན་གྱི་ཡོད་པ་མ་ཟད། གསར་བརྗེའི་གླུ་དབྱངས་ལེན་པ་དང་། གསར་བརྗེའི་གློག་བརྙན་ལྟ་བ། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ལ་ལྟ་སྐོར་བྱེད་པ་སོགས་བརྒྱུད་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ནས་རྒྱལ་གཅེས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་གི་ཡོད་པ་རེད།
        ཚེ་རིང་བདེ་སྐྱིད་ཀྱིས“ང་ནི་གངས་ལྗོངས་ས་མཐོའི་སྐལ་བཟང་མེ་ཏོག་ཆུང་ཆུང་ཞིག་ཡིན། ང་རང་མ་ཡུམ་མེས་རྒྱལ་གྱི་དྲོ་སྐྱིད་ལྡན་པའི་པང་དུ་བདེ་སྐྱིད་ངང་འཚར་ལོངས་བྱུང་བར་སྤོབས་སེམས་ཆེན་པོ་སྐྱེས་ཀྱི་འདུག ངས་སློབ་སྦྱོང་ཡག་པོ་བྱས་ནས་འཁྲིས་ཀྱི་དོན་དག་ཆུང་ཙག་ནས་འགོ་བརྩམས་ཏེ། སློབ་གྲོགས་ལ་རོགས་རམ་དང་ཕུལ་བྱུང་སློབ་མར་སློབ་སྦྱོང་བྱས་ཏེ། དུས་རབས་གསར་པའི་ལོ་ཆུང་གཞོན་ནུ་ཡག་པོ་ཞིག་བྱེད་ངེས་ཡིན”ཞེས་རྟག་ཏུ་ཤོད་ཀྱི་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།