ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཞིང་ཁྱིམ་དཔེ་ཁང་ཆུང་ན་ཡང་། གྲོང་ཚོར་ཕན་ཐོགས་ཤིན་ཏུ་ཆེ།

སྤེལ་དུས 2024-01-24 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དགྲ་ལྷ་གྲོང་ཚོས་མང་ཚོགས་ཀྱི་ཡོང་འབབ་འཕར་ཞིང་ཤེས་རིག་ཀྱང་འཕེལ་བར་རམ་འདེགས་བྱས་པ།
       དགུན་དུས་ཀྱི་ཉི་འོད་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དགྲ་ལྷ་གྲོང་ཚོའི་ཞིང་ཁྱིམ་དཔེ་ཁང་གི་ཐོག་ཁར་འཕྲོས་ནས་དྲོ་སོབ་སོབ་ཀྱི་རྣམ་པས་ཁེངས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་འདེགས་རུ་ཁག་གི་ཁོངས་མི་འགའི་ཟུར་ཁྲིད་འོག ཕྲུ་གུ་ལ་ལ་རྩེད་མོ་རྩེ་བ་དང་། ལ་ལ་ལག་ཤེས་སྦྱོང་བ། ལ་ལ་སྦྱོང་ཚན་འབྲི་བ། ལ་ལ་དཔེ་དེབ་ཀློག་པ་སོགས་བྱེད་བཞིན་མཆིས།
       ཞིང་ཁྱིམ་དཔེ་ཁང་གི་རྒྱ་ཁྱོན་ཆེན་པོ་དེ་ཙམ་མེད་ཀྱང་གང་སར་དཔེ་དེབ་ལྟ་ཀློག་གི་རྣམ་པས་ཁེངས། སྨི་ངོས་གྲུ་90ལས་མེད་པའི་དཔེ་ཁང་ཆུང་ཆུང་དེས་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དགྲ་ལྷ་གྲོང་ཚོའི་དུད་ཚང་91གི་མི་357ལ་བོད་ཡིག་དཔེ་དེབ་5000ལྷག་ཙམ་མཁོ་འདོན་བྱེད་པ་མ་ཟད། ད་དུང་ཚགས་པར་དང་། དུས་དེབ། སྒྲ་བརྙན་ཐོན་རྫས་སྣ་ཚོགས་ཀྱང་མཁོ་འདོན་བྱེད་ཀྱི་ཡོད།
       ཞིང་ཁྱིམ་དཔེ་ཁང་ཆུང་ཆུང་དེ་ནི་མང་ཚོགས་ཀྱིས་རིག་གནས་དང་ཚན་རྩལ་སློབ་སྦྱོང་བྱེད་སའི“གཡུལ་ས་ཆུང་ཆུང”ཞིག་རེད་ལ། ཡུལ་མིས་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་ཡུལ་ལ་ལྟ་བའི“སྐར་ཁུང”ལྟ་བུའང་རེད། ཞིང་ཁྱིམ་དཔེ་ཁང་གི་རམ་འདེགས་འོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་སོང་བ་མ་ཟད། ཤེས་རིག་ཀྱང་གོང་དུ་འཕེལ་ཏེ། ཞིང་ཁྱིམ་དཔེ་ཁང་དེ་ཉིད་རྫ་ཡུལ་རྫོང་གི་ཤེས་དཔལ་ལྡན་པའི་ཡུལ་སྲོལ་གོམས་གཤིས་གསོ་སྐྱོང་བྱེད་སའི་སྟེགས་བུ་ཞིག་དང་། གྲོང་གསེབ་དར་རྒྱས་གཏོང་བར་ཕན་པའི་གཏེར་མཛོད་ལྟ་བུར་གྱུར་ཡོད།

    དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུ་རུ་ཁག་གི་ཁོངས་མིས་དགྲ་ལྷ་གྲོང་ཚོའི་ཞིང་ཁྱིམ་དཔེ་ཁང་དུ་ཕྲུ་གུར་ཟུར་ཁྲིད་བྱེད་བཞིན་པ།
       ཐབས་ལམ་གསར་གཏོད་བྱེད་པར་སྣང་ཆེན་བྱས་ནས་མང་ཚོགས་ཀྱི་སློབ་སྦྱོང་གི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་བ།
       ཉེ་བའི་ལོ་ཤས་རིང་། དགྲ་ལྷ་གྲོང་ཚོའི་ཞིང་ཁྱིམ་དཔེ་ཁང་གིས་ལས་ཀ་བྱེད་རིང་གསར་གཏོད་བྱེད་ཕོད་པ་དང་འཆིང་རྒྱ་གཏོར་ཕོད་པར་བྱས་ཤིང་། གཡུལ་སའི་ནུས་པ་བཏོན་ཏེ་ཧྲུའུ་ཅི་དང་པོས་དྲ་ཐོག་ནས་ཏང་གི་སློབ་ཚན་ཁྲིད་པ་དང་ཏང་དང་གཞོན་ནུ་སྡེ་ཚོགས་ཀྱི་གནས་ཚུལ་སྐོར་གྱི་བརྙན་ཐུང་50ལྷག་ཙམ་པར་དུ་བླངས་ནས་ཡོངས་བསྒྲགས་བྱས་པར་རིམ་རྩིས་བརྒྱབ་ན་ལྟ་མཁན་མི་ཐེངས་ཁྲི་14ཟིན་པ་དང་། ཏང་ཡོན་གྱི“མྱུར་འདྲི་མྱུར་འདེབས་བྱེད་སྒོ”ཐེངས་10ལྷག་ཙམ་སྤེལ་བ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ”སོགས་ཀྱི་རྣམ་པ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། དེ་བཞིན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སོགས་ཀྱི་ཤེས་བྱ་དུས་ཐོག་ཏུ་སྲ་བརྟན་དུ་བཏང་བ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་ཀྱི་གཞི་རིམ་གྱི་བར་མཐོངས་དང་དུས་ཚོད་ཐད་ཀྱི་དྲིལ་བསྒྲགས་སློབ་གསོའི་དཀའ་གནད་ནུས་ལྡན་ངང་བསལ་བ། རོལ་རྩེད་དང་སློབ་གསོ་ཟུང་འབྲེལ་གྱི་རྣམ་པ་སྤྱད་ནས་ཏང་ཡོན་དང་མང་ཚོགས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་བཏང་བ་རེད།

    དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུ་རུ་ཁག་གི་ཁོངས་མིས་ཕྲུ་གུ་ཚོར་རང་སྦྱོང་བྱེད་པར་ཟུར་ཁྲིད་བྱེད་བཞིན་པ།
       “ཞིང་པའི་སློབ་ཁང”བཀོད་སྒྲིག་བྱས་ནས་དང་བླངས་ཞབས་འདེགས་ཞུ་རྒྱ་ཆེ་རུ་བཏང་བ།
       ཞིང་ཁྱིམ་དཔེ་ཁང་དྲོ་སྐྱིད་ལྡན་པ་དང་། དཀར་ཆ་དོད་པ། སྟབས་བསྡུས་པ་བཅས་སུ་མཛེས་བཟོ་བྱས་པས་སློབ་མ་མང་པོས་འདིར་ཉིན་གང་སྡོད་ཀྱི་ཡོད། དགྲ་ལྷ་གྲོང་ཚོས་གྲོང་ཚོར་ལོག་པའི་སློབ་ཆེན་སློབ་མ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་སོགས་སྒྲིག་འཛུགས་བྱས་ནས་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཤིང་། དང་བླངས་ཞབས་ཞུའི་རུ་ཁག་དེས་གཟའ་འཁོར་རེའི་གཟའ་མཇུག་དང་གུང་གསེང་རིང་སློབ་ཆུང་དང་སློབ་འབྲིང་སློབ་མར་སློབ་སྦྱོང་ཟུར་ཁྲིད་བྱས་པ་དང་། གསར་བརྗེའི་གཏམ་རྒྱུད་བཀླགས་པ། དེང་རབས་ཚན་རིག་ལག་རྩལ་དར་རྒྱས་གོང་འཕེལ་བྱུང་ཚུལ་འགྲེལ་བཤད་བརྒྱབ་པ། སློབ་མ་ཚོར་ཚན་རིག་ལ་སློབ་སྦྱོང་བྱེད་པའི་འདུན་པ་དྲག་པོ་འཕེལ་བར་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་ཞིང་ཁྱིམ་དཔེ་ཁང་གི་དཔེ་དེབ་སྤྱད་ནས་རང་འགུལ་ངང་སློབ་སྦྱོང་བྱེད་པ་དང་རང་འགུལ་ངང་སློབ་སྦྱོང་བྱེད་པའི་ནུས་པ་འཕེལ་བར་ཁྲིད་སྟོན་ཡང་བྱེད་ཀྱི་ཡོད་པ་རེད།
       དེས་མི་ཚད། དགྲ་ལྷ་གྲོང་ཚོས་ཞིང་ཁྱིམ་དཔེ་ཁང་གི་ཐོན་ཁུངས་བེད་སྤྱོད་ཡག་པོ་བཏང་ནས་དུས་བཀག་ལྟར“མཚན་མོའི་སློབ་གྲྭ”གཉེར་ཞིང་། གྲོང་ཚོའི་ལས་བྱེད་པ་དང་། ཏང་ཡོན། མང་ཚོགས་བཅས་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་དང་རིག་གནས་ཀྱི་བྱང་ཚད་མཐོར་གཏོང་གི་སློབ་ཚན་ལ་ཞུགས་སུ་བཅུག་པ་དང་ཆབས་ཅིག སློབ་ཁྲིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དུས་རིམ་རང་བཞིན་གྱི་ཚད་ལེན་ཚོད་ལྟ་བྱས་པ་དང་འབྲེལ་ལམ་སེང་སྐར་མ་བརྒྱབ་ནས་ནོར་འཁྲུལ་ཡོ་བསྲང་ཡང་བྱེད་ཀྱི་ཡོད། གསོ་སྦྱོང་བྱས་པ་བརྒྱུད་གྲོང་ཚོའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བེད་སྤྱོད་གཏོང་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    དགྲ་ལྷ་གྲོང་ཚོའི་ཕྲུ་གུ་ཚོས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུ་རུ་ཁག་གི་ཁོངས་མིའི་ཟུར་ཁྲིད་འོག་བོད་ཡིག་སློབ་དེབ་ཀློག་བཞིན་པ།
       ཞིང་ལས་ལག་རྩལ་གྱི་ཤེས་བྱ་ཁྱབ་སྤེལ་བཏང་ནས་གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས་བྱས་པ།
       ཉེ་བའི་ལོ་ཤས་རིང་། རྫ་ཡུལ་རྫོང་གི་རིམ་ཁག་སྲིད་གཞུང་གིས་དགྲ་ལྷ་གྲོང་ཚོར་འདེབས་འཛུགས་དང་གསོ་སྤེལ་ཐོན་ལས་ཀྱི་རྣམ་གྲངས་མང་པོར་མ་རྩ་བཏང་མོད། གྲོང་ཚོར་ལག་རྩལ་པ་དཀོན་པའི་རྐྱེན་གྱིས་རྣམ་གྲངས་འཕེལ་རྒྱས་ལ་ལག་རྩལ་གྱི་འདེགས་སྐྱོར་བྱེད་པར་དཀའ་ངལ་འཕྲད་པ་རེད། དེའི་ཐད་གྲོང་སྡོད་ལས་དོན་རུ་ཁག་གིས་ཞིང་ལས་ལག་རྩལ་པ་ཞིང་ཁྱིམ་དཔེ་ཁང་དུ་སློབ་ཁྲིད་བྱེད་པར་གདན་དྲངས་ཤིང་། གྲོང་ཚོའི་ཞུགས་འདོད་ཡོད་པའི་མང་ཚོགས་སྒྲིག་འཛུགས་བྱས་ནས་ལག་རྩལ་གསོ་སྦྱོང་བྱས་པ་དང་འབྲེལ། ཞིང་ཁྱིམ་དཔེ་ཁང་ནང་གི་འདེབས་འཛུགས་གསོ་སྤེལ་ལག་རྩལ་དང་ཐོན་ལས་རྣམ་གྲངས་དོ་དམ་སོགས་ཀྱི་འབྲེལ་ཡོད་དཔེ་དེབ་རིགས་དབྱེ་ཕྱོགས་བསྡུས་བྱས་ཏེ། མང་ཚོགས་ལ་འདེབས་འཛུགས་གསོ་སྤེལ་གྱི་ལག་རྩལ་འཆད་ཁྲིད་བྱས་པ་རེད།
       རིག་གནས་དར་སྤེལ་གཏོང་བ་ནི་གྲོང་གསེབ་དར་རྒྱས་ཀྱི་རྩ་བ་དང་བླ་སྲོག་ལྟ་བུ་རེད། ད་ཆ་དགྲ་ལྷ་གྲོང་ཚོའི་ཞིང་ཁྱིམ་དཔེ་ཁང་དེ་གྲོང་ཚོའི་རྒན་གཞོན་ཚང་མའི་ཤེས་བྱའི་ནོར་བུ་ལེན་སའི་རྒྱ་མཚོ་ལྟ་བུར་གྱུར་ཡོད་ལ། ཉེ་འགྲམ་གྱི་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་དགྲ་ལྷ་གྲོང་ཚོར་སློབ་སྦྱོང་དང་ལྟ་སྐོར་བྱེད་པར་ཡོང་ས་གཙོ་བོ་ཞིག་ཏུའང་གྱུར་ཡོད། གྲོང་ཚོ་དེ་བས་མང་བས་ཞིང་པའི་དེབ་ཁང་གི་གལ་ཆེའི་རང་བཞིན་ཚོར་ཏེ། ཞིང་པའི་དེབ་ཁང་ལ་སྐུལ་འདེད་སྔར་ལས་ལྷག་པ་བཏང་བ་ལས་རྫ་ཡུལ་རྫོང་གི་གྲོང་ཚོ་དང་གྲོང་རྡལ་ཁག་ཏུ་དགེ་མཚན་ལྡན་པའི་ནུས་པ་ཐོན་བཞིན་ཡོད།
རྩོམ་སྒྲིག་པ། སྣང་རྡོར།