དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ལྷ་སའི་སྐྱོར་མོ་ལུང་ལྷ་མོའི་ཟློས་གར།

སྤེལ་དུས 2020-05-22 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།

        སྐྱོར་མོ་ལུང་ལྷ་མོ་ནི་འབག་སྔོན་པོའི་ལྷ་མོའི་འཁྲབ་གཞུང་གི་གལ་ཆེའི་ཡ་གྱལ་ཞིག་ཡིན། དེ་ནི་ད་ཡོད་ལྷ་མོ་ཚོགས་པའི་ཁྲོད་སྒྱུ་རྩལ་གྱི་སྐོར་ལ་ཆེས་འཐུས་ཚང་གྲ་རྒྱས་དང་། ཤུགས་རྐྱེན་ཆེ་ཤོས། ཁྱབ་གདལ་ཆེ་ཤོས་ཤིག་ཏུ་འཕེལ་རྒྱས་ཕྱིན་ཡོད། སྐྱོར་མོ་ལུང་ལྷ་མོ་ཚོགས་པ་ནི་བོད་ས་གནས་སྲིད་གཞུང་གི་གཙོ་ཆེའི་ཆེད་ལས་རང་བཞིན་གྱི་འཁྲབ་སྟོན་ཚོགས་པ་ཞིག་ཡིན་པ་དང་། བོད་ས་གནས་སྲིད་གཞུང་དེའི་རྩིས་ཕྱག་ལས་ཁུངས་དང་ཀུན་བདེ་གླིང་དགོན་པ་གཉིས་ནས་མཉམ་དུ་དོ་དམ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཟླ་ཕོག་སྤྲོད་སྲོལ་ མེད། ཞོ་སྟོན་གྱི་དུས་ཆེན་ནང་བཞུགས་ནས་འཁྲབ་སྟོན་བྱས་པར་གསོལ་རས་ཀྱི་དངུལ་དང་བཟའ་ཆ་ཐོབ་པ་ཕུད། གཞན་གྱི་དུས་ཚོད་ནང་བོད་ཀྱི་ས་ཕྱོགས་གང་སར་བསྐྱོད་དེ་ལྷ་མོ་འཁྲབ་པར་བརྟེན་ནས་འཚོ་བར་བྱེད། ཁོང་ཚོའི་དབང་ཆ་གཅིག་པུ་ནི་གང་འདོད་དུ་འཁྲབ་སྟོན་པ་འདེམས་སྒྲུག་བྱས་ཆོག་པ་དེ་ཡིན། དེར་བརྟེན། ཁོང་ཚོས་བོད་ས་གནས་སྲིད་གཞུང་ནས་གནང་བའི་ཡིག་ཆ་ཤོག་ལྷེ་གཅིག་ཡོད་པ་གསལ་བསྒྲགས་བྱས་ཏེ། ལས་ཞོར་ལྷ་མོ་ཚོགས་པའི་ཁྲོད་ཀྱི་ཕུལ་བྱུང་གི་འཁྲབ་སྟོན་པ་རང་དགར་ཉར་ཆོག་པ་ཡིན། ཟློས་གར་ཚོགས་པ་དེ་སྟོད་ལུང་བདེ་ཆེན་རྫོང་སྐྱོར་མོ་ལུང་གྲོང་ཚོའི་གཞོང་པ་ལྷ་ཆུའི་ཉེ་འགྲམ་དུ་བཅའ་སྡོད་བྱས་པས་ན། སྐྱོར་མོ་ལུང་ལྷ་མོ་ཚོགས་པ་ཞེས་འབོད། །
        གཞན་ཡང་ཕྱིས་སུ་དུས་ཡུན་རིང་པོ་ཞིག་ལྷ་ས་གྲོང་ཁུལ་དུ་བཅའ་སྡོད་བྱས་ཡོད་ཅིང་། ཚོགས་པ་དེའི་ནང་སྐྱོར་མོ་ལུང་གྲོང་ཚོའི་མི་དང་། ས་ཕྱོགས་གང་ས་ནས་འོང་བའི་ཁྲལ་འུ་ལག་རྒྱུག་མཁན་དང་གཤེད་མ་ལ་སོགས་པའང་ཡོད། དེར་བརྟེན་ཤངས་པ་ལྷ་མོ་ཞེས་གཞས་གཏོང་མཁན་གྱི་ལྷ་མོའི་དོན་ཡིན། སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་དྭངས་བཟང་ནི་སྐྱོར་མོ་ལུང་གྲོང་ཚོའི་མི་མ་ཡིན་ཞིང་། དྭངས་བཟང་གི་ཁྱོ་ག་པད་མ་བསྟན་འཛིན་ཡང་ལྷ་སར་ཁྲལ་འུལ་རྒྱུག་ཏུ་འོང་བ་ཞིག་ཡིན་པ་དང་། ཕྱིས་སུ་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་འཁྲབ་སྟོན་པ་དང་ལྷ་མོའི་དགེ་རྒན་གནང་ཞིང་། རྗེས་སུ་ཁོང་གི་ཆུང་མ་དྭངས་བཟང་ཡང་དགེ་རྒན་གནང་ངོ་། བོད་ཞི་བའི་བཅིངས་འགྲོལ་མ་བཏང་གོང་གི་ལྷ་མོའི་གར་སྟེགས་ཐོག་བུད་མེད་ཀྱི་འཁྲབ་སྟོན་བྱེད་མི་ཆོག་མོད། དྭངས་བཟང་གིས་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་དགེ་རྒན་གནང་རྗེས་གོང་སྨྲོས་ཀྱི་གནའ་སྲོལ་ལ་བསྒྱུར་བཅོས་བྱས་ཡོད། དེའི་རྗེས་སུ་བོད་དང་བལ་ཡུལ་ལ་སོགས་པའི་རྒྱལ་ཁབ་དང་ས་གནས་ཁག་ཏུ་སྐད་གྲགས་ཡོད་པའི་བུད་མེད་འཁྲབ་སྟོན་པ་ལྷག་པ་ནི་དྭངས་བཟང་ཁོང་རང་གིས་གསོ་སྐྱོང་གནང་བ་ཞིག་ཡིན་པས། སྐྱོར་མོ་ལུང་ལྷ་མོ་ཚོགས་པ་ཡང་དྭངས་བཟང་ལ་བརྟེན་ནས་གཞི་རྐང་འཛུགས་ པས་ཁོང་ལ་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་སྲོལ་གཏོད་མཁན་དང་། ལྷ་མོ་ཚོགས་པ་འདིའི་ཉམས་པ་སླར་གསོ་བྱེད་མཁན་ཡིན་ཞེས་བརྗོད་ཀྱང་མ་ཆོག་པ་མེད་དོ། །
        སྐྱོར་མོ་ལུང་ལྷ་མོ་ཚོགས་པར་དྭངས་བཟང་དང་། མིག་དམར་རྒྱལ་མཚན། བཀྲ་ཤིས་དོན་གྲུབ་སོགས་སྒྱུ་རྩལ་མཁས་པ་རབས་དང་རིམ་པས་སྒྲིག་འཛུགས་དང་གཉེར་སྐྱོང་བྱས་པ་བརྒྱུད། རིམ་གྱིས་དར་རྒྱས་ཕུན་ཚོགས་སུ་ཕྱིན་པ་དང་། དེའི་ཁྲོད་ནས་གྲགས་ཅན་གྱི་འཁྲབ་སྟོན་པ་འབའ་ཞིག་གསོ་སྐྱོང་གནང་ཡོད་དེ། དཔེར་ན། ཨ་མ་ལྷག་པ་དང་། ཨ་མ་ཚེ་རིང་། ཨ་ཁུ་བསྟན་པ། ཚེ་རིང་དགེ་འཕེལ་སོགས་ནི་མིང་གྲགས་ཅན་ཤ་སྟག་གོ དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་བཞི་བཅུ་པའི་རྗེས་སུ་ལྷོ་ཁ་དང་། གཞིས་ཀ་རྩེ། ཆབ་མདོ། མངའ་རིས་སོགས་ཀྱི་ས་ཁུལ་དུ་ལྷ་མོ་ཚོགས་པ་འདིའི་ཤུགས་རྐྱེན་ཐེབས་ཡོད། ། 
        ལྷ་མོའི་དགེ་རྒན་དྭངས་བཟང་རྗེས་ཀྱི་ལྷ་མོའི་རྒན་མིག་དམར་རྒྱལ་མཚན་ནི་ཡིག་རྨོངས་བ་ཡིན་པས་ལྷ་མོའི་གཞུང་མི་གཞན་གྱི་འཁྲབ་ལེན་བྱེད་དུ་བཅུག་དགོས་མོད། འོན་ཀྱང་ཁོང་ལ་རང་བཞིན་ལྷུན་གྱིས་གྲུབ་པའི་གྲེ་བ་བདེ་མོ་ཞིག་ཡོད། ཤོད་རྒྱུན་ལ། ཁོང་གིས་ནོར་བུ་གླིང་གའི་ནང་འཁྲབ་ལེན་བྱེད་པའི་མགྲིན་སྒྲ་ཉེ་འགྲམ་གྱི་ས་ཆ་གང་སར་ཐོས་ཀྱི་ཡོད་ཟེར་བ་དང་། ད་དུང་ཁོང་གིས་གཞས་གདངས་ཕུན་སུམ་ཚོགས་སུ་འགྱེར་བ་དང་བསྒྱུར་བཅོས་ཀྱང་མི་ཉུང་བ་གནང་ཡོད། འོན་ཀྱང་ས་གནས་སྲིད་གཞུང་ནས་ལྷ་མོར་དོ་དམ་དང་ཚོད་འཛིན་ནན་པོ་གནང་ཏེ། ཚོགས་པ་དེས་ལྷ་མོ་གང་ཞིག་འཁྲབ་པ་དང་། ཟློས་གར་གྱི་ནང་དོན་དང་གཏོང་ལེན་བྱེད་སྟངས། ཉམས་འགྱུར་འདོན་སྟངས། མཚོན་བྱེདཀྱི་རྣམ་པ། གར་སོགས་གང་ཞིག་འཁྲབ་པ་བཅས་པར་ཆ་ཚང་བའི་སྒྲིག་སྲོལ་གཏན་འབེབས་བྱས་ཡོད་པས། བཟོ་བཅོས་བྱས་མི་ཆོག་པ་ཡིན། ཟློས་གར་གྱི་སྒྱུ་རྩལ་མཁས་ཅན་མིག་དམར་རྒྱལ་མཚན་གྱིས་ལག་ལེན་གྱི་ཁྲོད་ལྷ་མོར་བསྒྱུར་བཅོས་དང་གསར་གཏོད་ངེས་ཅན་ཞིག་བྱས་མོད། རྒྱུན་དུ་རྙོག་དྲའང་སློང་བར་བྱེད། སྐབས་དེ་དུས་ཀྱི་སྐྱོར་མོ་ལུང་ལྷ་མོ་ཚོགས་པར་ཕྱོགས་གཅིག་ནས་འཁྲབ་སྟོན་གྱིས་མིང་གྲགས་ཆེ་བ་དང་། ཕྱོགས་གཞན་ཞིག་ནས་རྒྱུན་པར་ཉེས་ཆད་ཀྱང་འཕོག་གི་ཡོད། ། 
        རྒན་མིག་དམར་རྒྱལ་མཚན་ལགས་ཀྱི་རྗེས་སུ་རིག་པ་དང། འཕྲིན་མ་འཁན་པ། བཀྲ་ཤིས་དོན་གྲུབ་དང་ད་ལྟའི་ཨ་མ་ཚེ་རིང་བཅས་རིམ་པ་ལྟར་དུ་ལྷ་མོའི་དགེ་རྒན་གནང་ཡོད། འདིར་དམིགས་བསལ་གྱིས་ངོ་སྤྲོད་ཞུ་དགོས་པ་ནི་རྒན་བཀྲ་ཤིས་དོན་གྲུབ་ནི་སྔར་ལས་ཞོར་ལྷ་མོའི་ཁྲོད་ཀྱི་གྲགས་ཅན་ས་སྐྱ་པའི་ལྷ་མོའི་དགེ་རྒན་ཡིན་ཞིང་། ཁོང་གིས་ཡིག་ངོ་མ་ཆོད་ཀྱང་། ཆུང་བྱིས་པའི་དུས་ནས་རྣམ་རིག་ཤིན་ཏུ་བཀྲ་བའི་བྱིས་པ་ཞིག་ཡིན་ཏེ་སྒྲ་སྙན་དཀྲོལ་གཏོང་ལའང་མཁས་པ་ཞིག་ཡིན། ད་དུང་ལྷ་མོའི་གཞུང་ལ་རྒྱུས་མངའ་ཆེ་བས། གཏོང་བ་དང་། གྱེར་བ། གླེང་བ། མཚོན་པ། འཁྲབ་པ། སྒྱུ་རྩལ་དང་ལྡན་པ་བཅས་དྲུག་ཚང་མར་བྱང་ཆུབ་པའི་ཁར། ལྷ་མོའི་འཁྲབ་འཁྲིད་ཀྱི་ནུས་པ་ཆེན་པོ་ཡོད། དེ་ལས་རྩ་ཆེ་བ་ཞིག་ནི་ཁོང་ལ་བསྒྱུར་བཅོས་ཀྱི་སྙིང་སྟོབས་ཆེན་པོ་ལྡན་ཡོད་རྐྱེན། བོད་ཀྱི་ལྷ་མོའི་བསྒྱུར་བཅོས་དང་། འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ལྷ་མོའི་ནང་དམངས་གཞས་ཀྱི་སྒྲ་གདངས་རྣམ་པའི་གཞས་མ་རྣམ་ཐར་གྱི་ཐུན་མིན་གཏོང་སྲོལ་དེའང་ཁོང་གི་གསར་གཏོད་གནང་བ་ཡིན། གཞས་གདངས་ཤིན་ཏུ་སྐྱོ་བའི་གླུ་ཡིན་ན། ཆེས་དལ་ལ་རིང་བས། བཀྲ་ཤིས་དོན་གྲུབ་ཀྱིས་རྨེ་རུའི་དཔལ་བཟང་གིས་བཏང་བའི་སྐྱོ་གླུའི་ལེགས་ཆ་བསྡུ་ལེན་དང་། སྒྲ་གདངས་མཐོ་ཞིང་གྱོང་བར་བསྒྱུར་ཏེ། སྒྲ་གདངས་མཐོ་དམན་གཉིས་ཀ་ཡོད་ལ། སྙན་འཇེབས་ཡིད་དབང་འཕྲོག་པའི་ཕྱོགས་སུ་འཕོ་འགྱུར་བཏང་ཡོད་པས་སྒང་གཤོང་མེད་པར་ཁྱབ་ཡོད། ད་དུང་ཁོང་གིས་སྐྱོར་མོ་ལུང་ལྷ་མོ་ཚོགས་པ་འཁྲིད་དེ་རྒྱ་གར་དང་། འབྲས་ལྗོངས། བལ་ཡུལ་ལ་སོགས་པར་ཐེངས་མང་འཁྲབ་སྟོན་གནང་མྱོང་ཡོད། གཞན་ཡང་ས་ཆ་དེ་གའི་བོད་རིགས་ཀྱི་སེང་གེའི་གླུ་གར་རུ་ཁག་གིས་རྒྱ་ནག་ནས་དར་ཡོང་བའི་འབྲུག་འཕྱོའི་བྲོ་གར་དང་། སེང་གེའི་བྲོ་གར། རྨ་བྱའི་བྲོ་གར། ཁྱུང་ཆེན་ལྡིང་བའི་བྲོ་གར། མི་ཚེ་རིང་གི་བྲོ་གར་སོགས་དང་། རྒྱ་གར་གྱི་ལྷའི་བྲོ་གར་ལའང་སློབ་སྦྱོང་བྱས་པར་བརྟེན། ཕྱིས་སུ་ཁོང་ཚོས་ས་དེ་གའི་ལྷ་མོའི་ནང་གོང་གི་མི་རིགས་གཞན་གྱི་བྲོ་གར་དེ་དག་བར་བཅུག་བྱས་ཏེ། དེས་གཡུལ་ལས་རྒྱལ་བ་དང་གཡུལ་སའི་དགའ་སྟོན་རྟེན་འབྲེལ་མཚོན་པར་བྱེད་ཅིང་། བོད་ཀྱི་ལྷ་མོའི་སྒྱུ་རྩལ་དང་མཚོན་ཤུགས་ཕུན་ཚོགས་སུ་བཏང་ཡོད། །
        སྐྱོར་མོ་ལུང་གི་ལྷ་མོ་འདི་དྭངས་བཟང་དང་། མིག་དམར་རྒྱལ་མཚན། བཀྲ་ཤིས་དོན་གྲུབ་ལ་སོགས་པའི་སྒྱུ་རྩལ་མཁས་པ་རབས་དང་རིམ་པས་དར་རྒྱས་ཕྱིན་ཡོད་པ་མ་ཟད། གྲགས་ཅན་གྱི་འཁྲབ་སྟོན་པའང་འགའ་ཞིག་ཐོན་ཡོད། གཅིག་ནི་ཨ་མ་ལྷག་པ་ཡིན་ཞིང་། སྔོན་དུ་བཤད་མ་ཐག་པའི་རྒན་དྭངས་བཟང་གིས་བསྒྱུར་བཅོས་བྱས་པའི་ཕན་པ་འཐོབ་མཁན་ཞིག་ཡིན་ལ། སྔ་ཕྱིར་ལྷ་མོའི་བྱེད་སྒོར་བཞུགས་ནས་ལོ་ངོ་དྲུག་ཅུ་བདུན་ཅུ་ཙམ་ཕྱིན་ཡོད། ད་དུང་ཨ་མ་ཚེ་རིང་ལགས་ནི་སྔོན་འབྲི་གུང་ལས་ཞོར་ལྷ་མོ་རུ་ཁག་ནས་ཡིན་པ་དང་། ཁོང་དང་འཕན་པོ་ནས་འོང་བའི་ཨ་ཁུ་སྟོན་པའི་ལྷ་མོའི་འཁྲབ་ལེན་སྦྱངས་ནས་རྒན་མིག་དམར་རྒྱལ་མཚན་གྱི་རྣམ་པ་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད། རྒན་ཚེ་རིང་དགེ་འཕེལ་ནི་མིང་གྲགས་ཅན་ཞིག་ཡིན་པས་སྐྱོར་མོ་ལུང་གི་སྲོལ་རྒྱུན་སྒྱུ་རྩལ་ཐོག་དུས་ཚོད་རིང་པོ་ཞིག་སྤྱད་ཡོད་པ། དཔེར་ན། ལུས་ཉལ་བའི་མཆོང་འཁྲབ་བྱེད་པ་སྟེ། ལྷ་མོའི་ནང་འཕགས་མཆོང་ཞེས་འབོད་པའང་ལག་གཉིས་སྙོམ་པོར་བརྐྱངས་ཏེ་ས་ངོས་སུ་བཙུགས་ཀྱིན་ཡར་འཕགས་ནས་བསྐོར་བ་ཆེན་པོ་འཁྱིལ་བའི་བྲོ་ཞིག་ཡིན་པ་དང་། མང་ཤོས་སུ་འཁྲབ་སྟེགས་ཆེན་པོའི་སྟེང་དབུགས་ཐེངས་གཅིག་ཏུ་སྐོར་བ་ཆེན་པོ་བཞི་བསྐོར་ཐུབ་སྟེ། ཁྱོན་མཆོང་ཐེངས་བཅུ་ཉི་ཤུ་ཙམ་བྱེད་པ་ཡིན། རྟག་པར་འཁྲབ་སྟོན་བྱེད་སྐབས་ གཟིགས་མོ་བས་སྐད་སྒྲ་ཆེན་པོ་སྒྲོག་པའི་འགྲོས་དང་བསྟུན་ནས ་མཆོང་ལྡིང་བྱེད་ཀྱི་ཡོད། སྤྱི་ལོ་༡༩༥༧ལོར་རྒན་ཚེ་རིང་དགེ་འཕེལ་རྒྱལ་ཁབ་དང་ས་གནས་བརྒྱ་དང་སུམ་ཅུ་སོ་གཅིག་གི་ཚོགས་ཞུགས་འཐུས་མི་མའོ་སི་ཁའོ་འཛམ་གླིང་གཞོན་ནུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དུས་ཆེན་ནང་བཞུགས་པ་དང་། ཁོང་གིས་གཙོ་འཁྲིད་གནང་བའི་བོད་ཀྱི་རས་པ་ཞེས་འཁྲབ་སྟོན་བྱས་པར་བྱ་དགའ་ཡང་ཐོབ་མྱོང་ཡོད། །
        སྐྱོར་མོ་ལུང་ལྷ་མོ་ཁྱབ་སྤེལ་དང་དར་ཁྱབ་བྱུང་བའི་ས་ཆ་ཡང་ཤིན་ཏུ་རྒྱ་ཆེ་བའི་སྟབས་ཀྱིས། རྒྱལ་མཁར་ཟློས་གར་ཚོགས་པས « སྣང་ས་འོད་འབུམ »དང « འུན་ཤིང་ཀོང་ཇོ » བཅས་འཁྲབ་སྟོན་བྱེད་སྐབས་གཞས་གདངས་ཕལ་མོ་ཆེ་སྐྱོར་མོ་ལུང་ནས་ཐད་ཀར་སློབ་སྦྱོང་དང་བསྡུ་ལེན་བྱས་ཤིང་། གཞན་ཡང་འབག་ཁེར་རྐྱང་གི་རྣམ་པའི་ཟློས་གར་ཚོགས་པར་ཡང་གནས་ཚུལ་དེ་རིགས་ཐོན་ཡོད་དེ། ལྷ་ས་དང་། ལྷོ་ཁ་སོགས་ས་ཁུལ་མང་ཆེ་བར་ནམ་མཁའི་སྐར་ཚོགས་ལྟར་དུ་ལྷ་མོའི་ཚོགས་པ་མང་དུ་མཆིས་ཀྱང་། མང་ཆེ་བ་ནི་སྐྱོར་མོ་ལུང་གི་ཁོངས་སུ་གཏོགས་པ་ཡིན་ལ། མཐའ་མཚམས་ཀྱི་གྲོ་མོ་རྫོང་དང་བཅས་པའི་ལྷ་མོ་རུ་ཁག་བཞི་ལྔ་ཙམ་ཡོད་པ་དག་ཀྱང་སྐྱོར་མོ་ལུང་གི་ལུགས་སུ་གཏོགས་པ་ཡིན་ནོ། །
        བོད་ཀྱི་ལྷ་མོར་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་ཅིང་། ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་གཞི་རྩའི་ཁྱད་ཆོས་འབའ་ཞིག་ཡོད་པ་གཤམ་གསལ། 
        ༡ དམངས་ཁྲོད་གླུ་གར་གྱི་ཤུགས་རྐྱེན་ཐེབས་པའི་སྐོར། བོད་ཀྱི་གནའ་སྔ་མོའི་དམངས་ཁྲོད་གླུ་གར་གྱི་ནང་དུ་ལྷ་མོའི་ཟློས་གར་གྱི་སྒྱུ་རྩལ་རྣམ་པ་ཡོད་ཅིང་། ཏུན་ཧོང་བྲག་ཕུག་གི་བོད་ཡིག་དཔེ་རྙིང་ཁྲོད་དུ་དོན་བརྗོད་སྙན་ངག་རྩོམ་ལུས་ཀྱི་བོད་ཀྱི་ལྷ་སྒྲུང་དང་ལོ་རྒྱུས་ཀྱི་ངག་རྒྱུན་མང་དག་ཅིག་ཡོད་པ་མ་ཟད། དུས་རབས་གཉིས་པ་ནས་དྲུག་པའི་སྐབས་ཀྱི་དམངས་གཞས་རྣམས་ཡིག་རྙིང་གི་ཐོག་ནས་ཟིན་ཐོར་བཀོད་ཡོད་པ་ཡིན། དུས་རབས་བདུན་པ་བརྒྱད་པ་ཙམ་ལ་སླེབས་སྐབས། ཡིག་རྙིང་གི་ཁྲོད་ཕོ་བྲང་ནང་གཞས་རྩོམ་འབྲི་བྱས་པ་ཁག་ཅིག་ཐོར་འགོད་པ་དང་། ད་དུང་བོད་ཀྱི་རྒྱལ་པོ་དང་བློན་ཆེན། རྒྱལ་སྲས། བཙུན་མོ། མདའ་དཔོན་ལ་སོགས་གསོལ་སྟོན་བཤམས་ནས་སྨོན་འདུན་ཞུ་བའི་ནང་དོན་ཡང་འཁོད་ཡོད། དེ་དག་ནི་བོད་ཀྱི་སྔ་མོའི་གླུ་གར་གྱི་རྣམ་པའི་རིགས་ཤིག་ཡིན། །
        ༢ དམངས་ཁྲོད་གླུ་མ་གཏམ་གྱི་སྒྱུ་རྩལ་གྱིས་ལྷ་མོའི་ཟློས་གར་ལ་ཤུགས་རྐྱེན་ཐེབས་པའི་སྐོར། གནའ་སྔ་མོར་བོད་ཀྱི་བོན་ཆོས་དུས་སྐབས་སུ་སྒྲུང་ཞེས་འབོད་པའི་ངག་ཐོག་གི་ལྷ་སྒྲུང་དང་། ལོ་རྒྱུས་ཀྱི་ངག་སྒྲུང་རྣམས་སྐབས་དེའི་བོད་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ཏུན་ཧོང་ཡིག་རྙིང་དུ་བོད་སིལ་བུའི་དུས་ཀྱི་རྣམ་ཐར་དང་སྒྲུང་མང་པོ་ཞིག་ཡོད་ཅིང་། དེའང་དོན་བརྗོད་ལྷུག་རྩོམ་དང་། ཆིག་ལབ་དང་གླེང་མོ་བྱས་པའི་ཚིགས་བཅད་གཉིས་ཟུང་དུ་འབྲེལ་བའི་གླུ་མ་གཏམ་གྱི་ངོ་བོའི་རྩོམ་ལུས་ཤིག་ཀྱང་ཡིན། །
        ༣ ཆོས་ལུགས་ཀྱི་ཆོ་ག་དང་སྒྱུ་རྩལ་གྱིས་ལྷ་མོར་ཤུགས་རྐྱེན་ཐེབས་པའི་སྐོར། « སྦ་བཞེད »ལས། “དུས་རབས་བརྒྱད་པར་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་སྐབས། སློབ་དཔོན་པད་མ་འབྱུང་གནས་ཀྱིས་ལྷ་སྲིན་དམ་ལ་འདོགས་དུས་སྤེལ་བའི་ཆོ་གའི་ནང་སྤྱོད་མཁོ་ཆེ་བའི་བྲོའི་རིགས་ཤིག་ཡིན།”ཞེས་འཁོད་པ་ལྟར། དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ཏུ«འཆམ »ཞེས་འཆམ་རྒྱག་པའི་འབྱུང་རྩ་ཞིག་ཡིན། འཆམ་ཞེས་པ་ནི་གདོད་མའི་བོན་ཆོས་ཀྱི་ལྷ་པས་རང་བྱུང་གི་ལྷར་མཆོད་འབུལ་བྱེད་པའི་ཆོ་གའི་རྨང་གཞིའི་སྟེང་། དམངས་ཁྲོད་ནས་འཕེལ་འགྱུར་བྱུང་བའི་ཆོས་ལུགས་ཀྱི་ཆོ་ག་གསར་པའི་གར་འཆམ་གྱི་རྣམ་པ་ཞིག་ཡིན། སློབ་དཔོན་པད་མ་འབྱུང་གནས་ཀྱིས་མི་མགོ་ཅན་གྱི་ལྷའི་རྣམ་པ་ལེགས་ཤིང་ཡང་རྩལ་ཆེ་བའི་རྡོ་རྗེ་འཇིགས་བྱེད་ཀྱི་གར་འཆམ་དང་། བ་གླང་གི་ལྷ་དང་ཤ་བའི་ལྷ། བསྟན་སྲུང་ལྷའི་གར་འཆམ་བཅས་འཁྲབ་ཏུ་བཅུག་པ་དེ་དག་གི་དོན་ནི་བོན་ཆོས་ཀྱི་ཆོ་གའི་ཁྲོད་ལས་བསྡུ་ལེན་བྱས་པ་ཤ་སྟག་གོ ། 
        སྲོལ་རྒྱུན་ལྷ་མོའི་འཁྲབ་སྟོན་གྱི་ཁྱད་ཆོས་ལ་འཁྲབ་སྟོན་གྱི་ཐབས་རྩལ་ཏེ། ལུས་ཀྱི་རྩལ་གསུམ(ངོ་དགའ་དང་། དཔའ་ཉམས། ཞབས་འདྲེན)དང་། ངག་གི་རྩལ་གསུམ(དྲག་པོ་དང་། ཁྲེལ་དགོད། འཇིགས་སྐུལ)དང་། མིག་གི་རྩལ་གསུམ(སྐྱོ་ཉམས། ཁྲོ་བའི་ཉམས། ཞི་དུལ་གྱི་ཉམས)བཅས་སོ། །
        བོད་ཀྱི་ལྷ་མོར་ཀྲུང་ཧྭ་མི་རིགས་ཀྱི་སྒྱུ་རྩལ་གཅེས་ནོར་ཞེས་སྙན་པའི་གྲགས་པ་འབར་ཞིང་། བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཅིག་ཡིན་ལ། ཤར་ནུབ་རིག་གནས་དང་། ཀྲུང་གོ་དང་རྒྱ་གར་དབར་ལྷ་མོའི་ཟློས་གར་སྤེལ་རེས་བྱས་པའི་ཕུལ་བྱུང་གྲུབ་འབྲས་ཀྱང་ཡིན། ལྷ་མོའི་ནང་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་གྲུབ་ཆ་ལེགས་སྡུད་བྱས་པས། ནང་དོན་རྒྱ་ཆེ་ལ་བརྗོད་བྱ་གཏིང་ཟབ་པ། རྩོམ་ལུས་སྣ་མང་ཕུན་ཚོགས་དང་། སྒྲིག་གཞི་ཚགས་དམ་པ་བཅས་ཡོད། དེ་ཡང་རང་རྒྱལ་གྱི་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་ཁུལ་ཡོངས་སུ་དར་ཁྱབ་ཆེ་ཞིང་། རང་རྒྱལ་གྱི་བོད་ཁུལ་མི་དམངས་ཚོའི་འཚོ་བའི་ཤེས་བྱ་ཀུན་བཏུས་ཀྱི་དཔེ་དེབ་ཅིག་ཡིན་པ་མཚོན་ལ། དེས་བོད་ཀྱི་སྤྱི་ཚོགས་འཚོ་བར་ཡང་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་ཡོད། །
        སྐྱོར་མོ་ལུང་ལྷ་མོ་ཚུད་པའི་མི་རིགས་ཀྱི་དམངས་ཁྲོད་ཀྱི་ཤུལ་བཞག་རིག་གནས་ལ་མུ་མཐུད་དུ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་གཏོང་རྒྱུ་ནི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་གཅིག་སྒྲིལ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་གཏོང་བ་བཅས་ལ་གལ་ཆེའི་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད། དེས་མི་རིགས་རིག་གནས་སྒྱུ་རྩལ་ཟམ་མི་ཆད་པར་དར་རྒྱས་གཏོང་བར་སྐུལ་འདེད་བྱེད་པར་ཕན་པ་དང་། སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་ཤུལ་བཞག་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་རང་འགུལ་རང་བཞིན་ཤུགས་ཆེར་བཏང་བའི་ཁར། རྒྱལ་སྤྱིའི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་རྒྱལ་སྤྱིའི་གནས་བབ་མཐོར་འདེགས་དང་། ཤུགས་རྐྱེན་ཇེ་ཆེར་གཏོང་བའི་གལ་ཆེའི་དོན་སྙིང་ཡང་ལྡན་ཡོད་དོ། །
རྩོམ་སྒྲིག་པ། སྣང་རྡོར།