ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཨ་སྔོན་དབྱིངས་སུ་བྱ་འཕུར་ལྡིང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད།

སྤེལ་དུས 2021-11-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

ཕ་བུ་གཉིས་ཀྱི་སྤྲོ་སྣང་འཕེལ་བའི་བྱ་འཕུར།

སྤྲོ་སྣང་འཕེལ་བའི་སྲོལ་རྒྱུན་རོལ་རྩེད།

ཡོང་འབབ་འབེལ་བའི་ནམ་དུས་ཚོང་ལས།

རྒྱུན་འཛིན་མཁས་པའི་ལག་ཤེས་མི་བུ།
       བྱ་འཕུར་ནི་ལྷ་ས་དང་། གཞིས་རྩེ། རྩེད་ཐང་སོགས་སུ་དར་ཁྱབ་ཆེ་བ་མ་ཟད། ཆིང་རྒྱལ་རབས་ཀྱི་དུས་སུ་བོད་ཀྱི་སྐུ་དྲག་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད། དེ་ཡང་བོད་ཟླ་བརྒྱད་པར་ལྷགས་པ་ཆེ་བས། ནམ་དུས་དེ་ནི་བྱ་འཕུར་གློད་པའི་དུས་ཚིགས་ཡག་ཤོས་ཤིག་ཡིན། བྱ་འཕུར་གློད་པའི་དུས་ཚོད་སྔ་དྲགས་ན། སྟོན་ཁའི་དུས་ཚོད་ནམ་རྒྱུན་ལས་སྔ་བ་མཇུག་བསྒྲིལ་གྱི་རེད་ཅེས་དམངས་ཁྲོད་དུ་ཤོད་རྒྱུན་འདི་ལྟར་ཡོད།
       བྱ་འཕུར་གློད་པར་གཏན་ལ་ཕབ་པའི་ངེས་སྲོལ་མང་པོ་ཡོད་དེ། དུས་ཚོད་ཐད་ནས་བརྗོད་ན། ལྷ་སའི་ཁུལ་གྱི་བྱ་འཕུར་ནི་ཞོ་སྟོན་ཚར་རྗེས་གཞི་ནས་གློད་ཀྱི་ཡོད་པ་དང་། བྱ་འཕུར་གྱི་བཟོ་དབྱིབས་དང་བྱ་འཕུར་གློད་མཁན་ལ་གཏན་འབེབས་ཡོད་པ་དཔེར་ན། རྩིབས་དྲུག་མ་དང་། རྩིབས་བརྒྱད་མ། དེ་བཞིན་རྩིབས་བཅུ་མའི་བྱ་འཕུར་བཅས་ཡོད། དེ་རྣམས་ནི་ངེས་པར་དུ་ལོ་ནའི་ཆེ་ཆུང་སྒོ་ནས་དབྱེ་བ་ཕྱེ་སྟེ་གདམ་ག་བྱེད་ཆོག བྱ་འཕུར་གློད་མཁན་གཙོ་བོ་ནི་གཞོན་ནུ་ལོ་ཆུང་ཡིན་ཞིང་། ཁོང་ཚོས་ཁང་སྟེང་ངམ་ས་སྟོང་རྒྱ་ཆེ་སར་གློད་ཀྱི་ཡོད། བྱ་འཕུར་ནམ་མཁའི་མཐོངས་སུ་གློད་དེ་ཕན་ཚུན་འཛིང་རེས་གཏོང་སྐབས་དམག་འཐབ་གནམ་གྲུའི་དབར་དམག་འཐབ་བྱེད་པ་དང་གཉིས་སུ་མ་མཆིས།
       བྱ་འཕུར་གློད་རྩལ་ནི་གཙོ་བོ་མཁའ་དབྱིངས་སུ་བྱ་འཕུར་འཛིང་རེས་བྱེད་པའི་རྩེད་འཇོ་ཞིག་ཡིན། བྱ་འཕུར་གྱི་སྐུད་པ་གློད་པ་དང་བསྡུ་བ་གཉིས་ཀྱི་ཆེས་ཆུང་བའི་འགྱུར་ལྡོག་ལས་བྱ་འཕུར་མཁའ་དབྱིངས་སུ་ཆེས་མྱུར་བའི་སྒོ་ནས་འདེགས་འབེབས་དང་། ལྡིང་སྐོར་རྒྱག་པ། དེ་བཞིན་གཞོགས་གཡས་གཡོན་དུ་འགྲེ་ལོག་རྒྱག་པ་བཅས་བྱེད་ཐུབ། བྱ་འཕུར་གྱི་ཁྱད་ཆོས་ཆེ་ཤོས་ནི་འཛིང་རེས་བྱེད་ཐབས་དེ་ཡིན། དེ་ཡང་བྱ་འཕུར་གྱི་སྐུད་པ་ཆད་དེ་ལྷགས་པས་འཁྱེར་བ་དེ་ཕམ་པར་བརྩི་གི་ཡོད། བྱ་འཕུར་བཟོ་བར་ནམ་དུས་ཀྱི་རང་བཞིན་ཤུགས་ཆེན་ལྡན་ཡོད།
       ལོ་རྒྱུས་ཐོག་ལོ་ལྟར་གྱི་སྟོན་ཁར་ལྷ་ས་དང་གཞིས་རྩེ་སོགས་སུ་བྱ་འཕུར་བཟོས་ནས་འཚོང་མཁན་ཡོད་ལ“སྣག”(བྱ་འཕུར་གྱི་སྐུད་པའི་ངོས་སུ་བཏང་བའི་ཤེལ་སྒོ་ཕྱེ་མ་ལས་བཟོས་པའི་སྣག་ཡིན་པ)བཟོས་ནས་འཚོང་གི་ཡོད། ཚོང་དེ་དག་རྒྱག་མཁན་མང་ཆེ་བ་ནི་ས་གནས་དེ་གའི་ཧུད་རིགས་ཡིན་པ་དང་ཧུད་རིགས་ཁྱིམ་ཚང་ཁ་ཤས་ཀྱི་བཟོ་བའི་ལག་རྩལ་བྱང་ཆུབ་པོ་ཡོད་པས་སྐད་གྲགས་ཆོད་ཡོད་པ་རེད། དཔེར་ན་གཞིས་རྩེའི་ལྷ་དར་དགའ་ཆེན་དང་ལྷ་སའི་ཚེ་རིང་སོགས་ཀྱིས་བཟོས་པའི་བྱ་འཕུར་ནི་ལག་རྩལ་རྩེར་སོན་དང་ཁྱད་ཆོས་མངོན་གསལ་དོད་ལ་བོད་དུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་བྱ་འཕུར་ཞིག་ཡིན། བྱ་འཕུར་གློད་པའི་ལོ་རྒྱུས་ལ་གཞིགས་ནས་བཤད་ན། དེ་ལ་ལོ་ངོ་ཆིག་སྟོང་གཡས་གཡོན་གྱི་ལོ་རྒྱུས་ལྡན་ཡོད། ཧ་ཅང་སྔ་བའི་དུས་ནས་གངས་ལྗོངས་ས་མཐོའི་སྟེང་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་རོལ་རྩེད་ཀྱི་རིགས་ཤིན་ཏུ་མང་པོ་ཡོད་ཅིང་། དེའི་ནང་ནས་བྱ་འཕུར་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རོལ་རྩེད་ཅིག་ཡིན། བྱ་འཕུར་གློད་མཁན་གྱིས་བྱ་འཕུར་གྱི་ཐག་སྣེ་འཐེན་ཤུགས་དང་གློད་ཤུགས་ལས་བྱ་འཕུར་གྱི་མཐོ་དམའ་དང་མགྱོགས་ཚད་སོགས་ཚོད་འཛིན་ཐུབ་ཅིང་། སྟོན་ཁ་ནམ་མཁའི་མཐོངས་སུ་བྱ་འཕུར་གློད་ཚེ་བྱ་འཕུར་དང་སྤྲིན་དཀར་མཉམ་དུ་ནམ་མཁའི་མཐོངས་སུ་ཡོད་པའི་འཆར་སྣང་ཡོང་གི་ཡོད།
       བྱ་འཕུར་དེ་ཡང་སོ་འཁོར་དྲུག་དང་། བརྒྱད། བཅུ་བཅས་མི་འདྲ་བ་ཡོད་དེ། དེ་ནི་བྱ་འཕུར་གློད་མཁན་གྱི་ལོ་གྲངས་མི་འདྲ་བས་རེད། ཚོན་མདོག་ཡང་རྣམ་པ་སྣ་ཚོགས་ཡོད། དེ་ཡང་། གཅིག བྱ་འཕུར་རྒྱའུ། བྱ་འཕུར་དེའི་གཞོགས་གཉིས་སུ་དམར་ནག་གིས་གྲིབ་གཟུགས་ལྟ་བུའི་རི་མོ་བྲིས་ཡོད། དེ་ནི་དཔའ་བོའི་མཚོན་བྱེད་དོ། གཉིས། བྱ་འཕུར་མགོ་དམར་རམ་མགོ་ནག བྱ་འཕུར་དེའི་རྩེ་མོར་དམར་ནག་གི་ཟུར་གསུམ་ཞིག་བྲིས་ཡོད། དེ་ནི་ཆོས་སྐྱོང་སྲུང་མའི་མགོ་ཡིན་ཟེར། གསུམ། བྱ་འཕུར་མིག་ལོག བྱ་འཕུར་དེའི་གཞོགས་གཉིས་སུ་སྒོར་ཕྱེད་རི་མོ་བྲིས་ཡོད། དེ་ནི་གཞན་ལ་འཇིགས་སྐུལ་གྱི་ཆེད་དུ་རེད། བཞི། བྱ་འཕུར་མཆེ་བ། བྱ་འཕུར་དེའི་གཞོགས་གཉིས་སུ་འགྲིག་རྟགས་ཁ་གཏད་ལྟ་བུ་གཉིས་བྲིས་ཡོད། དེ་ནི་འཇིགས་རུང་གདོན་འདྲེའི་སོའི་གཟུགས་སོ། ལྔ། བྱ་འཕུར་པང་གདན། བྱ་འཕུར་དེ་ནི་ཚོན་སྣས་བརྒྱན་པའི་བྱ་འཕུར་ཞིག་རེད། བྱ་འཕུར་དེའི་མཚོན་དོན་ནི་བུད་མེད་མཛེས་མ་ཡིན། དྲུག བྱ་འཕུར་རྐང་གླིང། བྱ་འཕུར་དེར་ཚོས་གཞི་དམར་ནག་གི་སྐེ་རགས་ལེབ་མོ་ལྟ་བུ་ཞིག་བཅིངས་ཡོད། དེས་མ་ཚད་ད་དུང་བྱ་འཕུར་གྱི་རི་མོར་མིག་ལོག་དང་། རྒྱ་བོ་ཨོག་རྟགས། པྲ་ཁྲ། གཟེ་མ་ར་མགོ ཁམ་བུ་སོགས་ཀྱང་ཡོད་ལ། འགྲེམས་སྟོན་བྱེད་སྒོ་སྣ་ཚོགས་སྤེལ་སྐབས་བཀྲ་ཤིས་རྟགས་བརྒྱད་དང་། བྱ་འཕུར་ཀ་མད་སུམ་ཅུ། བྱ་འཕུར་ཕུ་མེད་སྟོད་ཐུང་། བྱ་འཕུར་འབྲུག་རིས་ཅན་སོགས་གསར་དུ་བཟོས་པའི་རིགས་མང་དག་ཅིག་མཐོང་རྒྱུ་ཡོད།
       བྱ་འཕུར་གྱི་ཚོན་མདོག་དེ་དག་གིས་མཁའ་་དབྱིངས་སུ་འཇའ་ཤར་བ་ལྟར་གྲུབ་ཡོད་ལ་ཁྱིམ་གྱི་གྱང་སྟེང་དུ་བཀལ་ན་ཧ་ཅང་མཛེས་ལ། རླུང་རྟ་འཕེལ་བའི་རྫས་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་སྲོལ་ཡོད། བྱ་འཕུར་གྱི་གཞི་རྩའི་ཁྱད་ཆོས་ངོས་ནས་བཤད་ན། བྱ་འཕུར་ནི་ལྷ་ས་དང་གཞིས་རྩེ་གཉིས་ལ་དར་ཁྱབ་ཅུང་ཆེ་ཡང་། བྱ་འཕུར་གྱི་མིང་འབོད་སྟངས་ལ་མི་འདྲ་བ་ཡོད་དེ། ལྷ་ས་བས་བྱ་འཕུར་ལ་བྱ་འཕུར་གྱི་སྒྲ་འདྲ་བ་ཞིག་འདོན་ལ། གཞིས་རྩེ་བས་གཤོག་བྱ་ཞེས་འབོད་ཀྱི་ཡོད། འོན་ཀྱང་བྱ་འཕུར་གློད་སྟངས་དང་བཟོ་རྩལ་ནི་ཧ་ཅང་འདྲ་པོ་ཡོད། བྱ་འཕུར་ནི་གཡས་གཡོན་རིང་ལ་སྟེང་འོག་ཐུང་བའི་སྐས་དབྱིབས་ཤིག་རེད། དཀྱིལ་དུ་སྨྱུག་མ་ཕྲ་མོ་ཞིག་ཤོག་ངོས་སུ་སྦྱར་ཏེ་སྟེང་འོག་བཀྱག་པ་དང་འཕྲེད་ངོས་སུ་གཞུ་ལྟ་བུའི་སྨྱུག་མ་ཕྲ་མོ་ཞིག་ཤོག་ངོས་སུ་སྦྱར་ཏེ་སྟེང་འོག་བཀྱག་པ་དང་འཕྲེད་ངོས་སུ་གཞུ་ལྟ་བུའི་སྨྱུག་མ་ཕྲ་མོ་ཞིག་གིས་གཡས་གཡོན་གཉིས་རྟེན་ཡོད། བཟོ་ལྟར་བལྟས་ན་ལས་སླ་པོ་མཐོང་ཡང་རིགས་པའི་ཐོག་གི་རྩ་དོན་ངེས་ཅན་ཞིག་ལྡན་ཡོད་པ་སྨོས་མེད་རེད། གལ་ཏེ་སྨྱུག་མའི་ཡང་ལྕིར་དོ་སྣང་མ་བྱས་པ་དང་སྐུད་པ་གློད་སྟངས་སོགས་གནད་ལ་མ་འཁེལ་ཚེ་རྙོག་དྲ་ཧ་ཅང་ཆེ། ང་ཚོས་རྟག་ཏུ་མཁའ་དབྱིངས་སུ་བྱ་འཕུར་གཉིས་ཕན་ཚུན་ཐུག་ཐུག་མང་ཙམ་བྱེད་པའི་རྣམ་པ་མཐོང་གི་ཡོད། སྐབས་རེ་དེ་གཉིས་ཀྱི་སྐུད་པ་གཅིག་ཏུ་འཁྲིལ་སྐབས་གཙོ་བོ་སྐུད་པའི་འཐེན་ཤུགས་དང་ལག་རྩལ་ལ་བརྟེན་ནས་ཐར་ཐབས་བྱེད་ལ། སྐུད་པ་ཆད་པའི་བྱ་འཕུར་དེ་གཤོག་པ་ཆག་པའི་བྱེའུ་བཞིན་ཟགས་ཡོང་བས་དེ་ནི་ཕམ་པ་དང་གཞན་དེར་རྒྱལ་ཁ་ཐོབ་པ་རེད། སྐབས་རེ་མཐོ་ཚད་འགྲན་པ་དེ་ཡང་སུ་ཞིག་གིས་གོང་དུ་འཕུར་གྱུར་ན་དེ་ལ་རྒྱལ་ཁ་ཐོབ་པར་བརྩི་གི་ཡོད། བྱ་འཕུར་གྱི་ཁྱད་ཆོས་ཆ་ནས་བཤད་ན། བྱ་འཕུར་བཟོ་སྐབས་ཆེ་ཆུང་འདྲ་མིན་སྣ་ཚོགས་བཟོ་ཆོག་སྟེ། ཇི་ཙམ་ཆེ་ན་རྒྱག་རེས་དང་འཛིང་རེས་བྱེད་པར་དེ་ཙམ་སྟོབས་ཆེ་བ་ཡོད། བྱ་འཕུར་གྱི་བཟོ་ལྟའི་ཆ་ནས་བྱ་འཕུར་སྟེང་གི་རི་མོ་དེ་དག་གཅིག་ནས་བོད་རིགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་དཔེ་མཚོན་ཞིག་རེད། ཉར་ཚགས་ཀྱི་རིན་ཐང་ངོས་ནས་བཤད་ན། དེང་དུས་བོད་ཀྱི་ཡུལ་སྐོར་བྱ་གཞག་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་ཡོད་པས། རྒྱག་རེས་དང་འཛིང་རེས་བྱེད་ཐུབ་པའི་བྱ་འཕུར་དེ་ཡུལ་སྐོར་གསར་སྤེལ་འདུ་འགོད་ཀྱི་གྲས་སུ་ཚུད་ན་དེ་བས་འཕེལ་རྒྱས་འགྲོ་ཐུབ།
       ལོ་ལྟར་སྟོན་ཀའི་མཚམས་སུ་ས་སྟོང་ངམ་ཐང་ཆེན་ཞིག་བཙལ་ནས་བྱ་འཕུར་གློད་ཀྱི་ཡོད། དེང་གི་དུས་སུ་ལྷ་སའི་གཙང་པོའི་འགྲམ་དུ་ན་གཞོན་རྣམས་འཛོམས་ནས་བྱ་འཕུར་གློད་ཀྱི་ཡོད་པས་ལྷ་སའི་གཙང་པོ་དེ་བྱ་འཕུར་ལ་དགའ་མཁན་ཚོའི་རྟེན་གཞི་ཞིག་ཏུ་གྱུར། སྔོན་གྱི་དུས་སུ་སྤྱི་ཚོགས་ཧྲིལ་པོའི་འཚོ་བའི་ཆུ་ཚད་དམའ་པོ་ཡོད་པས་བོད་ཀྱི་ས་ཁུལ་དུ་བྱ་འཕུར་གློད་མཁན་ཕལ་མོ་ཆེ་སྐུ་དྲག་དང་ཁྱིམ་ཚང་ཕྱུག་པོའི་མི་ཚང་ཡིན་པ་རེད། དེང་གི་དུས་སུ་བོད་ལ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་ནས་ཁྱིམ་ཚང་ཚང་མའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པས་བྱ་འཕུར་ལ་དགའ་ཞེན་ཡོད་པའི་སྐྱེ་བོ་ཕོ་མོ་ཚང་མས་བྱ་འཕུར་འདྲ་མིན་སྣ་ཚོགས་ཉོས་ནས་མཁའ་དབྱིངས་སུ་གློད་ཀྱི་ཡོད།
       2006ལོར་བྱ་འཕུར་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁོངས་སུ་བཅུག་པ་ནས་བཟུང་། བྱ་འཕུར་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བཏང་དང་གཏོང་མུས་ཡིན་པས། མ་འོངས་པའི་ལོ་ཟླའི་ནང་དུ་མཁའ་དབྱིངས་སུ་ཚོན་རིས་བཀྲ་བའི་བྱ་འཕུར་གློད་པའི་རྣམ་པ་དེ་བས་མཛེས་པ་ཞིག་ཡོང་ངེས།
རྩོམ་སྒྲིག་པ། སྣང་རྡོར།