ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

དགུ་རྫས་ཀྱི་མཚོན་དོན་གསལ་པོ་མཁྱེན་འདོད་ན་…

སྤེལ་དུས 2023-02-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

         ལོ་རྙིང་པའི་ཟླ་བ་མཇུག་ཤོས་ཀྱི་ཚེས་29ཡི་དགོང་མོ་དགུ་ཐུག་ཅེས་པའི་བག་ཚ་རྫས་དགུ་ཚང་བ་ཞིག་སྐོལ་བ་དེར་དགུ་ཐུག་ཅེས་དང་། རྫས་དགུ་ལྡན་གྱི་ཐུག་པ་ཡིན་པས་དགུ་ཐུག་ཅེས་ཀྱང་བརྗོད་སྲོལ་ཡོད། དགུ་ཐུག་གི་བག་ཚའི་ནང་དུ་བག་ཚ་གཞན་ལས་ཅུང་ཆེ་ཙམ་གྱི་ཉི་མ་དང་ཟླ་བ་སོགས་ཀྱི་དབྱིབས་མི་འདྲ་བ་འགའ་ཞིག་དང་། ཡང་དབྱིབས་བག་ཚ་གཞན་དང་མཚུངས་པ་ལ་གཞན་ལས་ཅུང་ཆེ་བའི་བག་ཚའི་ནང་དུ་ཁོག་རྫས་མི་འདྲ་བ་བླུགས་པའི་བག་ཚ་བཟོས་ཏེ། དགོང་མོ་བག་ཚ་དེ་དག་ལས་གང་དང་གང་ཞིག་སུའི་ཕོར་བའི་ནང་ཐོན་པ་དེ་དང་དེའི་རང་གཤིས་དང་སྤྱོད་ལམ་སོགས་མཚོན་པར་ངོས་འཛིན་བྱེད་ཀྱི་ཡོད་པས། ཐུག་པ་བླུག་མཁན་གྱིས་ཀྱང་ཟ་རུའམ་སྐྱོགས་ཀྱིས་ཐུག་པ་གཅུ་སྐབས་མིག་མ་བལྟས་པར་བཅུས་ནས་བླུག་གི་ཡོད། གོང་གསལ་དབྱིབས་དང་ཁོག་རྫས་མི་འདྲ་བ་སོ་སོའི་མིང་དང་དེ་དག་གི་མཚོན་དོན་གཤམ་གསལ་ཏེ།

         ཁམ་བུ་ཐོན་ན་མི་འདི་ལོ་གསར་པར་བྱ་བ་གང་ཁམས་བཟང་པོ་ཡོང་བ་དང་། བལ་ཐོན་ན་ངང་རྒྱུད་རིང་པོ། སྐུད་པ་ནང་སྒྲིམ་ཐོན་ན་ནང་ལ་ཤ་ཚ་ཆེ་བ། སྐུད་པ་ཕྱི་སྒྲིམ་ཐོན་ན་བློ་ཕྱི་ལ་གཏད་གྲོད་པ་ནང་ལ་གཏད། ཉི་མ་ཐོན་ན་གཟི་བརྗིད་ཆེ་བ། ཟླ་བ་ཐོན་ན་གྲགས་དཀར་ཕྱོགས་ཀུན་ཁྱབ་པ། དཀར་ཡོལ་ཐོན་ན་ལྟོ་ལ་དགའ་བ་དང་ལས་ཀར་གཡོལ་བ། སུར་པན་ཐོན་ན་ཁ་ཚ་པོ་ཡོད་པ། གཟེ་མ་ར་མགོ་ཐོན་ན་རླུངས་ལངས་པོ་ཡོད་པ། ཚྭ་ཐོན་ན་རྐུབ་ལྗིད་པོའམ་སྒྱིད་ལུག་ཅན། སྲན་མ་ཐོན་ན་སེར་སྣ་ཆེན་པོ་ཡོད་།

         ལུང་པ་འགར་མི་རེས་ཐུག་པ་ཕོར་པ་དགུ་འཐུང་དགོས་ཞེས་ཟེར་སྲོལ་ཡོད་རུང་། ཕོར་པ་གསུམ་ལས་མི་ཉུང་བ་འཐུང་དགོས་པར་བརྟེན། ཁ་ལག་ཟ་ཤེད་ཆེན་པོ་མེད་ན་ཕོར་པ་དང་པོ་དེ་ཕྱེད་ཀ་ཙམ་ལས་མ་བཏུངས་གོང་དེའི་སྟེང་དུ་གཉིས་པ་བླུག་ཅིང་། དེ་ནས་ཁ་གང་བཏུངས་རྗེས་ཏོག་ཙམ་བླུགས་ནས་ཕོར་པ་གསུམ་པའི་ཁ་གང་དོ་འཐུང་གི་ཡོད། ཕོར་པ་སྟོང་པ་མ་བཟོས་བར་ཟ་འཕྲོ་ཏོག་ཙམ་བཞག་རྗེས། ཁོག་མ་ཆག་རོ་ཞིག་གི་ནང་དུ་ཟ་འཕྲོ་བླུགས། དེ་ནས་སྤགས་གཡོས་ཏེ་ནང་མི་ཚང་མས་སྤགས་གོང་བཟས་ནས་རང་རང་གི་མགོ་ནས་རྐང་པའི་བར་བཅག་ཙམ་བྱས་ཏེ་ལོ་གཅིག་རྒྱལ་བའི་ཞག་མ་སུམ་བརྒྱ་དྲུག་ཅུའི་གེགས་དང་བར་ཆད་ཐམས་ཅད་ཁུར་ཅིག ནད་རིགས་བཞི་བརྒྱ་རྩ་བཞི་དག་པར་གྱུར་ཅིག་ཅེས་བཤད་ཅིང་། རང་གི་གྱོན་གོས་ལས་སྤུ་རྐང་རེ་ཙམ་བཏོགས་ཏེ་སྤགས་གོང་ལ་སྦྱར་ནས་ཐུག་ལྷག་དང་དུ་ཕྱག་མཉམ་དུ་རྫ་ཁོག་སྤགས་གོང་ཆག་རོའི་ནང་བླུགས་ཏེ་སྒོ་རྒྱབ་ཏུ་བཞག དེ་ནས་ས་སྲིབ་མཚམས་སུ་སྐྱེས་པ་ཞིག་གིས་སོག་མ་ཆག་པ་བསྡམས་པ་ཞིག་ལ་མེ་སྤར་ནས་ཁང་པ་ཚང་མའི་ནང་དུ་འཛུལ་ཙམ་བྱས་པ་དང་ཆབས་ཅིག གདོན་དང་བགེགས་ཐམས་ཅད་མར་དོན་ཤོག མར་དོན་ཤོག་ཅེས་མི་དེས་སོག་མ་མེ་སྦྱར་ཁྱེར་ནས་ཁང་པ་ཚང་མར་འཛུལ་རྗེས་སྒོ་ཕྱིར་དོན་ཁར། མི་གཞན་ཞིག་གིས་ཐུག་ལྷག་དང་། སྤགས་གོང་བླུགས་པའི་རྫ་ཁོག་ཁྱེར་ནས་མེ་འཁྱེར་མཁན་གྱི་མདུན་དུ་རྒྱུགས་ཏེ་སྒོ་ཕྱིར་དོན་དགོས། མེ་འཁྱེར་མཁན་དེ་ཡང་དེའི་རྗེས་སུ་ཕྱིན་ཏེ་ལམ་གསུམ་མདོ་ཁ་ཞིག་ཏུ་མ་སླེབས་བར་ཕྱི་ལྟས་མ་བསློགས་པར་ཕྱིན་ཏེ་དེར་སླེབས་པ་དང་རྫ་ཁོག་དེར་དབྱུགས་པ་དང་དེའི་སྟེང་དུ་སོག་མ་མེ་འབར་དེ་དབྱུགས་ནས་ཤོག་སྦག་སྤོར་བ་སོགས་བྱེད་ཀྱི་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།