ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ངོ་མཚར་ཆེ་བའི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་རིག་གནས།

སྤེལ་དུས 2023-02-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— 《སྒར་ལུགས་བྲིས་འབུར་གཉིས་ཀྱི་སྐུ་གཟུགས་ཀྱི་ཐིག་དཔེ་ཉི་མའི་སྣང་བ་ཞེས་བྱ་བ་བཞུགས་སོ》ཡི་རྒྱབ་ལྗོངས་གཏམ་རྒྱུད།
          ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ནི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་རྒྱུན་འཛིན་བྱ་ཡུལ་གཙོ་ཆེ་ཤོས་དེ་ཡིན་ཞིང་། ལོ་རྒྱུས་ཐོག་ལུགས་དེའི་སྒྱུ་རྩལ་མཁས་ཅན་གཙོ་བོ་ཚང་མས་ས་གནས་དེར་སྒྱུ་རྩལ་གསར་རྩོམ་གྱི་བྱེད་སྒོ་མང་པོ་སྤེལ་མྱོང་ཡོད་ལ། ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་ཤུལ་བཞག་རྩ་ཆེན་མང་པོ་ཞིག་ཀྱང་བཞག་མྱོང་ཡོད། 2009ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སུ་བཅུག་པ་དང་བསྟུན་ནས་ཀརྨ་སྒར་བྲིས་ལུགས་དེ་ཡང་རིམ་བཞིན་ཆབ་མདོའི་ས་ཁོངས་ཀྱི་ཁྱད་ལྡན་རིག་གནས་ཀྱིམིང་བྱང་དུ་གྱུར་ཡོད།
          《སྒར་ལུགས་བྲིས་འབུར་གཉིས་ཀྱི་སྐུ་གཟུགས་ཀྱི་ཐིག་དཔེ་ཉི་མའི་སྣང་བ་ཞེས་བྱ་བ་བཞུགས་སོ》ཞེས་པ་2017ལོ་ནས་རྩོམ་སྒྲིག་བྱེད་འགོ་ཚུགས་ཤིང་། ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། ཞིབ་འཇུག བེད་སྤྱོད་བཅས་གང་ལེགས་བྱེད་པ་དང་། དེའི་ནང་གི་ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་སྔོག་འདོན་གཏིང་ཟབ་བྱེད་པ། ཆབ་མདོའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱ་ཆེད། ལོ་གསུམ་གོང་ཁ་རུབ་ཆུས་རིག་གནས་ཅུས་ཀྱིས་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་རྟེན་མཛོད་ཁང་ཞིབ་འཇུག་པུའི་ཀྲུའུ་རེན་བསྟན་འཛིན་བཀྲ་ཤིས་དང་ཡུན་ནན་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ལིའུ་ཏུང་མེ་སོགས་རིགས་གཅིག་མཁས་ཅན་གྱིས་རི་ཐུང་ཤང་སྐྱོ་མདའ་གྲོང་ཚོ་དང་། ཁྲེང་ཀོན་གྲོང་རྡལ་ཐང་སྐྱ་གྲོང་ཚོ། ཀརྨ་ཤང་གི་དབའ་ཕྱི་གྲོང་ཚོ་དང་། གླིང་ཐོག་གྲོང་ཚོ། འབྲི་རུ་གྲོང་ཚོ་སོགས་སུ་བརྟག་ཞིབ་ལས་དོན་སྤེལ་ཡོད།
          དུས་ཡུན་རིང་པོའི་བརྟག་དཔྱད་ཞིབ་འཇུག་བརྒྱུད། རྩོམ་སྒྲིག་ཨུ་ལྷན་གྱི་ཁོངས་མིས་རིག་ཚན་མང་པོ་ཕན་ཚུན་ཞིབ་འཇུག་བྱེད་པའི་བྱ་ཐབས་སྤྱད་དེ་འབྲེལ་ཡོད་ཚད་ལྡན་ཡིག་ཆ་འཚོལ་བསྡུ་དང་རིག་དངོས་ཤུལ་བཞག་ལ་ཞིབ་བཤེར་ཚད་ལེན་བྱས་ཁར། ཁ་རུབ་ཆུས་ཀྱི་རིག་དངོས་ཉར་ཚགས་ཚན་པ་ཁག་ཏུ་བསྐྱོད་ནས་ཉར་ཚགས་བྱས་པའི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་ཤུལ་བཞག་ལ་གཙོ་གནད་ཐོག་བརྟག་དཔྱད་དང་། ཐང་གའི་ཤུལ་བཞག་གི་རིག་དངོས་ཆ་འཕྲིན་འཚོལ་བསྡུ། རི་མོའི་ནང་དོན་ཤེས་རྟོགས། ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་དེང་རབས་རྒྱུན་འཛིན་གནས་ཚུལ་དང་རི་མོ་འབྲི་རྩལ་ལ་བརྟག་དཔྱད་ཤེས་རྟོགས་བྱས་ཡོད།
          ཁ་རུབ་ཆུས་ཀརྨ་ཤང་དུ་རྩོམ་སྒྲིག་ཨུ་ལྷན་གྱི་ཁོངས་མིར་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་མི་རབས་བཅུ་པའི་རྒྱུན་འཛིན་པ་བགྲེས་སོང་ཀརྨ་བདེ་ལེགས་འཕྲད། ཁོང་ལོ་6ལ་སླེབས་སྐབས་སྤོ་བོ་ལགས་ཀྱི་སློབ་སྟོན་འོག་ཐང་ག་བཞེངས་རྩལ་སྦྱངས་པ་དང་། ལོ་16ལ་སླེབས་སྐབས་དགེ་ཕྲུག་ཐོན། ལོ་80ལ་སླེབས་ཀྱང་ཀརྨ་བདེ་ལེགས་སྔར་བཞིན་གཟུགས་པོ་ཐང་ལ། གྲུང་ཤ་ཧ་ཅང་དོད་པས། ད་ལྟ་ཡང་ཉིན་ལྟར་རི་མོ་ཆུ་ཚོད་ཁ་ཤས་འབྲི་ཐུབ་ཀྱི་ཡོད།
          ཁྲོམ་རའི་ཐོག་ཐང་གའི་ལུགས་སྣ་ཚོགས་མཉམ་དུ་བསྲེས་པའི་སྣང་ཚུལ་ཐོན་པར་ཀརྨ་བདེ་ལེགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། དཔལ་འབྱོར་ཅན་ལས་ཐང་གའི་སྤྱི་ཡོངས་ཀྱི་སྤུས་ཚད་ཟམ་མི་ཆད་པར་ཞན་དུ་འགྲོ་བས་ཡིན། སྐབས་དེ་དུས་ཁོང་གིས་གང་ཐུབ་ཅི་ནུས་ཀྱིས་དེ་སྔོན་བྲིས་པའི་ཐང་གའི་མ་ཟིན་མང་པོ་ཞིག་ལེགས་སྒྲིག་བྱས་ནས་སོ་སོས་དངུལ་བཏང་སྟེ་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་དང་འབྲེལ་བ་ཡོད་པའི་དེབ་ཅིག་བཏོན་ཡོད། དེ་ཡང་ཁེ་གྲགས་ཀྱི་ཆེད་དུ་མ་ཡིན་པར་དེབ་རིན་དམའ་པོས་ཐང་ག་བཞེངས་མཁན་དེ་བས་མང་བ་ཞིག་གིས་ཉོ་ཐུབ་པ་བྱས་ཏེ། ཀརྨ་སྒར་བྲིས་ལུགས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་རང་ཉིད་ཀྱི་ནུས་པ་འདོན་བཞིན་ཡོད།
          ཕྱོགས་མང་པོའི་རྒྱབ་སྐྱོར་ཐོབ་པ་བརྒྱུད། 《སྒར་ལུགས་བྲིས་འབུར་གཉིས་ཀྱི་སྐུ་གཟུགས་ཀྱི་ཐིག་དཔེ་ཉི་མའི་སྣང་བ་ཞེས་བྱ་བ་བཞུགས་སོ》ཞེས་པ་ཞིབ་ཅིང་ཕྲ་བའི་དཔྱད་ཡིག་ཐོག་ནས་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་འབྱུང་ཁུངས་དང་། འཕེལ་རྒྱས་བརྒྱུད་རིམ། རིག་དངོས་ཤུལ་བཞག དེ་བཞིན་རྒྱུན་འཛིན་གྱི་ད་ལྟའི་གནས་ཚུལ་བཅས་མཚོན་པ་དང་། རྩེར་སོན་གྱི་གནའ་རབས་ཐང་གའི་རི་མོ་འབོར་ཆེན་ཐོག་ནས་རྒྱ་ནག་གི་རི་མོའི་ཉམས་འགྱུར་ཟབ་མོ་ལྡན་པའི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་སྒྱུ་རྩལ་གྱི་ཉམས་བཟང་མངོན་པར་བྱས་ཏེ་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ལག་རྟགས་ཤིག་ཕུལ་ཡོད།
རྩོམ་སྒྲིག་པ། སྣང་རྡོར།