ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ལོ་གསར་ཚེས་གཅིག་ཉིན་གྱི་མཆོད་མཇལ།

སྤེལ་དུས 2023-02-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       སྤྱི་ཟླ་2པའི་ཚེས་21ཉིན་ནི་བོད་ཆུ་མོ་ཡོས་ལོའི་ལོ་གསར་ཚེས་གཅིག་ཡིན་ཞིང་། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མཇལ་དུ་འགྲོ་བ་དང་། ལྷ་ས་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ཞིང་པ་ཟླ་བས་གསར་འགོད་པར་ལོ་གསར་གྱི་སྐབས་སུ་མཆོད་མཇལ་ཞུས་ན་བཀྲ་ཤིས་ཤིང་དོན་འགྲུབ་ངེས་ཞེས་བཤད།

       ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོ་ནི་ཐང་རྒྱལ་རབས་ཀྱི་དུས་སུ་འུན་ཤིང་ཀོང་ཇོས་གངས་ལྗོངས་ས་མཐོར་བསྣམས་ཕེབས་པའི་ཇོ་བོ་ཤྰཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ལྟར་བཞེངས་པའི་སྐུ་བརྙན་དེ་ཡིན་ཞིང་།  ད་ཆ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ཚང་མས་དད་པ་བྱེད་བཞིན་ཡོད། ལྷ་ས་གཙུག་ལག་ཁང་དུ་མཆོད་མཇལ་ཞུ་མཁན་རུ་སྟར་རིང་པོ་སྒྲིག་ཡོད།

       ཟླ་བ་ནི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་པ་དང་། ད་ཆ་ལྷ་ས་གྲོང་ཁུལ་དུ་ཁང་པ་ཉོས་ནས་གཞིས་ཆགས་ཡོད། ཁོང་གིས། ཕ་མ་གཉིས་ཀ་དགུང་ལོ་མཐོ་བས་གྲོང་གསེབ་ཏུ་སྡོད་འདོད་ཆེ། དེ་རིང་ཚང་མ་གྲོང་གསེབ་ཏུ་ཕྱིན་ནས་མཉམ་འཛོམས་བྱ་རྒྱུ་ཡིན་ཞེས་དང་། ཁོང་གིས་ལོ་གསར་སྐབས་མཆོད་མཇལ་ཞུས་ནས་ནང་མི་ཚང་མ་བདེ་ཐང་ཡོང་བའི་སྨོན་ལམ་བཏབ་པ་ཡིན་ཞེས་བཤད།

       ཨོ་རྒྱན་ཐར་ནི་མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་ནས་ཡིན་ཞིང་། ཁོང་གིས། ད་ལོ་ལོ་བརྒྱད་ཅུར་སླེབས་པའི་ཨ་མ་ཁྲིད་ནས་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མཇལ་ཞུ་ཐེངས་གསུམ་པ་དེ་ཡིན། ཨ་མའི་ཞབས་བདེ་པོ་མེད་པས་ང་ཚོས་རྐུབ་སྟེགས་འཁོར་ལོ་བསྐོར་ནས་ ཁྲིད་ཡོང་བ་ཡིན། རྡོ་སྐས་སོགས་འཛེག་སྐབས་དད་ལྡན་པ་གཞན་གྱིས་འཁོར་སྟེགས་འདེགས་རོགས་གནང་གི་འདུག་ཅེས་བཤད།

       ལྷ་ལྡན་གཙུག་ལག་ཁང་དུ་ཨོ་རྒྱན་ཐར་དང་ནང་མི་རྣམས་ཀྱིས་བགྲེས་སོང་སྐྱོར་བཞིན་དུ་མཆོད་མེར་དཀར་ཐིགས་རྒྱག་པ་དང་ཁ་འདོན་བྱེད་བཞིན་དུ་གསོལ་བ་སྨོན་ལམ་འདེབས་པ་དང་ལྷ་ཁང་རེ་རེ་བཞིན་དུ་མཆོད་མཇལ་ཞུས་ཡོད།

       འདུ་ཁང་ནང་མཆོད་མེའི་འོད་མདངས་ཆེམ་ཆེམ་དུ་འཚེར་བ་དང་། དད་ལྡན་པ་དང་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་གི་ཡོད། ཉིན་དེར་ལྷ་ལྡན་གཙུག་ལག་ཁང་གི་ཐོག་ཁང་གཉིས་པའི་ལམ་རིམ་ལྷ་ཁང་དང་། ཐུབ་དབང་ལྷ་ཁང་སོགས་གཟིམ་སྒོ་ཕྱེ་ཡོད།

       ལོ་59ལ་སླེབས་པའི་བཀྲ་ཤིས་དོན་གྲུབ་དང་བཟའ་ཟླ་གཉིས་ནི་སི་ཁྲོན་ཞིང་ཆེན་དར་མདོ་གྲོང་ཁྱེར་ནས་ཡིན་ཞིང་། ཁོང་གིས། ཟླ་བ་2པའི་ཟླ་འགོར་ང་ཚོ་རླངས་འཁོར་ལ་བསྡད་དེ་ཁྲོན་བོད་གཞུང་ལམ་ནས་བོད་ལྗོངས་སུ་ཡོང་བ་ཡིན། ལྷ་སར་སླེབས་རྗེས་གནས་མཇལ་ཞུ་བ་དང་ཆབས་ཅིག་ལོ་གསར་གཏོང་རྒྱུ་ཡིན། ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མཇལ་ཞུས་ཚར་རྗེས་ང་ཚོ་ད་དུང་ར་མོ་ཆེ་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལར་མཆོད་མཇལ་ཞུ་བར་འགྲོ་རྒྱུ་ཡིན་ཞེས་བཤད།

       བཀྲ་ཤིས་དོན་གྲུབ་ཀྱིས། ང་ཚོའི་ཕ་ཡུལ་ས་མ་འབྲོག་གི་ས་ཆ་ཞིག་ཡིན་པ་དང་།  ནས་འདེབས་པ་དང་འབྲི་གཡག་ཀྱང་འཚོ་སྐྱོང་བྱེད་ཀྱི་ཡོད་ཅེས་དང་། ཁོང་གིས། ལོ་གཅིག་གི་འཆར་གཞི་དེ་དཔྱིད་ཀ་ཐུག་པས།  ང་དང་ངའི་བཟའ་ཟླ་ལྷ་སར་ལོ་གསར་བཏང་ཚར་རྗེས་ལམ་སེང་སི་ཁྲོན་དར་མདོར་ལོག་སྟེ་ནས་འདེབས་རྩིས་ཡོད་ཅེས་བཤད།
རྩོམ་སྒྲིག་པ། སྣང་རྡོར།