ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ད་ལོའི་ནག་ཆུའི་རྟ་རྒྱུག་དུས་ཆེན་གྱི་དུས་ཚོད་གཏན་འཁེལ་འདུག

སྤེལ་དུས 2023-08-03 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
      ནག་ཆུ་གྲོང་ཁྱེར་གྱི་2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གཉིས་པ་ཟླ་8ཚེས་10ཉིན་ནག་ཆུར་སྤེལ་རྒྱུ་ཡིན་པ་རེད།

      རྟ་རྒྱུག་དུས་ཆེན་གྱི་རྣམ་པ།
      གསར་འགོད་པར་ནག་ཆུ་གྲོང་ཁྱེར་གྱི་2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ནག་ཆུ་གྲོང་ཁྱེར་གྱི་2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་རིང་། རྟ་རྒྱུག་དང་། རིག་རྩལ་འཁྲབ་སྟོན། གྲོང་ཁྱེར་རིམ་པའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན། ཁྱིམ་ཚང་མགྲོན་ཁང་གི་ཁྱད་ལྡན་སྦྲ་གུར་འགྲེམས་སྟོན། ཚོང་འགུགས་མ་འདྲེན། ཚོང་དོན་གྲོས་མོལ། དབྱར་རྩྭ་དགུན་འབུ་དང་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་སོགས་བྱེད་སྒོ་ཁག་10ལྷག་ཙམ་སྤེལ་རྒྱུ་ཡིན་པ་རེད།

      ཚོགས་ར།
      རྟ་རྒྱུག་དུས་ཆེན་རིང་། ད་དུང་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་འདུ་ཚོགས་འཚོག་རྒྱུ་ཡིན་ཞིང་། ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་འབྲོག་ར་སོགས་གཉེར་སྐྱོང་བྱེད་པོ་གསར་པ་79སྒྲིག་འཛུགས་བྱས་ཡོད་པ་དང་། འགྲེམས་ཞུགས་ཐོན་རྫས་སྣ་ཁ་101ཡོད་པར་ཞིང་འབྲོག་ཐོན་རྫས་སྣ་ཁ་26དང་། ཡུལ་ཟོག་སྣ་ཁ་28 མི་རིགས་ལག་ཤེས་བཟོས་རྫས་སྣ་ཁ་31 ཐོན་རྫས་གཞན་དག་སྣ་ཁ་16བཅས་ཡོད་པ་རེད།

      ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འཆར་ཅན་རྟ་རྒྱུག་དུས་ཆེན་དེ་དུས་མཚམས་གསུམ་ལ་དབྱེ་བ་སྟེ། ཟླ་8ཚེས་6ནས་9ཉིན་བར་རྟ་རྒྱུག་དུས་ཆེན་གྱི་གྲ་སྒྲིག་དུས་ཚོད་ཡིན་པ་དང་། ཟླ་8ཚེས་10ནས་12ཉིན་བར་རྟ་རྒྱུག་དུས་ཆེན་གྱི་བྱེད་སྒོ་དངོས་སུ་སྤེལ་བའི་དུས་ཚོད་ཡིན་པ། ཟླ་8ཚེས་13ནས་16ཉིན་བར་རྟ་རྒྱུག་དུས་ཆེན་རྒྱུན་མཐུད་གཉེར་བའི་དུས་ཚོད་ཡིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།