ཉེ་ཆར། རྒྱུན་དུ་དཀར་ཟས་བཟས་ཀྱང་མཆིན་པ་ཚིལ་འགྱུར་འབྱུང་ཉེན་ཆེ་ཞེས་པའི་གླེང་གཞིར་པོད་ཕྲན་ཐོག་གླེང་བརྗོད་འཁྲུག་པོ་བྱུང་ཡོད།
མཆིན་པ་ཚིལ་འགྱུར་སྐོར་གླེང་སྐབས་སྣུམ་དང་ཚིལ་སོགས་རང་བཞིན་དུ་དྲན་འོང་ལ་ཤ་དང་ཞག་ཚི་ཆེ་བའི་ཟས་མང་པོ་བཟས་ན་ད་གཟོད་མཆིན་པ་ཚིལ་འགྱུར་འབྱུང་བར་འདོད་མོད། དོན་དུ་དཀར་ཟས་ཀྱང་མཆིན་པ་ཚིལ་འགྱུར་གྱི་ངན་གྲོགས་གཙོ་གྲས་ཤིག་ཡིན།
རྒན་རྒོན་མ་ཟད་ན་གཞོན་མང་པོ་ཞིག་ལ་ཡང་མཆིན་པ་ཚིལ་འགྱུར་འབྱུང་གི་ཡོད། འོ་ན་འབྱུང་རྐྱེན་དང་སྔོན་འགོག་བྱེད་ཐབས་ཅི་ཞིག་ཡོད་དམ་ཞེ་ན།
ཅི་ཞིག་ལ་མཆིན་པ་ཚིལ་འགྱུར་ཟེར་རམ་ཞེ་ན།
མཆིན་པ་ནི་ཚིལ་འདྲེས་གྲུབ་དང་བཀོལ་སྤྱོད། སྐྱེལ་འདྲེན་བཅས་བྱེད་མཁན་གཙོ་བོ་ཡིན་པས། མཆིན་པའི་ནང་གི་ཚིལ་དོ་སྙོམས་མ་བྱུང་ཚེ་དེ་མཆིན་པའི་ནང་ཕུང་གསོག་ཐེབས་ནས་མཆིན་པ་ཚིལ་འགྱུར་འབྱུང་གི་ཡོད།
མཆིན་པ་ཚིལ་འགྱུར་གྱི་འབྱུང་རྐྱེན་གང་དག་ཡོད་དམ་ཞེ་ན།
ཆང་འཐུང་དྲགས་ན་ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་འབྱུང་བ་ཡིན།
ཆང་བཅུད་ནི་མཆིན་པར་གནོད་འཚེ་གཏོང་མཁན་གཏེ་པོ་དེ་ཡིན་པས། རྒྱུན་དུ་ཆང་བཏུངས་ན་མཆིན་པའི་ནང་མངར་སྣུམ་ཐན་སུམ་ཕུང་གསོག་ཐེབས་ནས་མཆིན་པ་ཚིལ་འགྱུར་འབྱུང་ཉེན་ཆེ། ཆང་བཅུད་དང་འབྲེལ་བ་མེད་པའི་མཆིན་པ་ཚིལ་འགྱུར་ནི་གཙོ་བོ་ཤ་རྒྱགས་པ་ཆགས་པ་དང་འབྲེལ་བ་ཡོད།
དཀར་ཟས་རྐྱང་རྐྱང་བཟས་ན་མཆིན་པ་ཚིལ་འགྱུར་མི་འབྱུང་བ་ཡིན་ནམ་ཞེ་ན།
དེ་ཡང་མ་ཡིན་ཏེ། མཆིན་པ་ཚིལ་འགྱུར་ཚང་མ་ཤ་མང་པོ་བཟས་ནས་བྱུང་བའང་མ་ཡིན་པར་དཀར་ཟས་ཁོ་ན་མཆོད་མཁན་ལའང་མཆིན་པ་ཚིལ་འགྱུར་འབྱུང་སྲིད་པ་ཡིན།
འཚོ་བཅུད་མང་དྲགས་པའི་མཆིན་པ་ཚིལ་འགྱུར་དང་མི་འདྲ་བ་ཞིག་ལ། དུས་ཡུན་རིང་པོར་འཚོ་བཅུད་དང་སྤྲི་དཀར་མ་འདང་ནའང་མཆིན་པ་ཚིལ་འགྱུར་འབྱུང་བ་ཡིན། རྒྱུ་མཚན་ཅི་ཡིན་ནམ་ཞེ་ན།
ཐོག་མར། ཡུན་རིང་དཀར་ཟས་བཟས་ན་འཚོ་བཅུད་དོ་མི་སྙོམས་པར་གྱུར་ནས་ལུས་ནང་གི་སྤྲི་དཀར་ཉུང་དུ་འགྲོ་ཉེན་ཡོད་ལ། མཆིན་པས་ཚིལ་འབུད་པར་སྤྲི་དཀར་རྫས་ཀྱིས་གཞོགས་འདེགས་བྱེད་དགོས་པ་ཡིན་པས། སྤྲི་དཀར་རྫས་མ་འདང་ཚེ་མཆིན་པར་ཚིལ་ཕུང་གསོག་ཐེབས་སླ་བ་ཡིན།
གཞན་ཡང་། ལྟོ་དུས་རེ་རེར་ཤའི་རིགས་རྒྱག་ཚད་ཟ་མཁན་ཚོ་དང་བསྡུར་ན། དཀར་ཟས་ཟ་མཁན་ལ་ལྟོགས་སྣང་སྐྱེ་སླ་ཞིང་། འཇུ་བྱེད་མ་ལག་གིས་འབྲས་དང་བག་ལེབ་སོགས་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་མང་ཙམ་ཟ་བའི་འདུན་པ་སྐྱེ་གི་ཡོད།
འདི་དག་ནི་ཤ་རིགས་མིན་རུང་ཚ་ཚད་ངེས་ཅན་འདུས་ཡོད་པས། ཐན་ཆུའི་འདྲེས་སྦྱོར་དངོས་རྫས་ནི་ཚིལ་དུ་འགྱུར་ནས་མཆིན་པའི་ནང་དུ་ཕུང་གསོག་ཐེབས་སྲིད་པ་ཞིག་ཡིན་པས། ཚིལ་མ་ཟོས་ན་ལུས་སུ་ཚིལ་ཕུང་གསོག་མི་ཐེབས་པས་མ་ཁྱབ།
མཆིན་པ་ཚིལ་འགྱུར་ལ་འགྱུར་ན་གནོད་འཚེ་ཅི་ཞིག་ཡོད་དམ་ཞེ་ན།
མཆིན་པ་ཚིལ་འགྱུར་ཅན་མང་དུ་འགྲོ་བཞིན་ཡོད་མོད། ཚང་མས་དེ་ལ་དོ་སྣང་ཡག་པོ་བྱེད་ཀྱི་མེད།
གལ་ཏེ་མཆིན་པ་ཚིལ་འགྱུར་གྱི་གནས་ཚུལ་ཤུགས་ཆེར་འགྱུར་ཚེ། ལོ་10ནས་15ཡི་ནང་ཚི་སྣ་ཅན་དུ་འགྱུར་བའི་གནས་ཚུལ་ཚབས་ཆེན་བྱུང་བ་ཡིན། ཁེར་རྐྱང་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་25%ཙམ་ཚིལ་གཤིས་མཆིན་ཚད་དུ་འགྱུར་བ་དང་། མཆིན་པ་ཚིལ་འགྱུར་གྱི་25%ནས་50%མཆིན་པ་ཚི་སྣ་ཅན་དུ་འགྱུར་བ་ཡིན། མཆིན་པ་ཚི་སྣ་ཅན་གྱི་15%ནས་30%མཆིན་པ་སྲ་མཁྲེགས་ཅན་ལ་འགྱུར་བ། མཆིན་པ་སྲ་མཁྲེགས་ཅན་གྱི་20%ནས་30%མཆིན་པའི་སྐྲན་ནད་དུ་འགྱུར་གྱི་ཡོད།
དེས་མ་ཚད། མཆིན་པ་ཚིལ་འགྱུར་གྱིས་ད་དུང་ནད་སྣ་ཚོགས་སྐྱེད་པ་ཡིན་ཏེ། དཔེར་ན། དུས་ཡུན་རིང་པོ་ཆང་བཏུངས་ནས་མཆིན་པ་ཚིལ་འགྱུར་བྱུང་བ་དང་། ཆང་བཅུད་རང་བཞིན་གྱི་མཆིན་ཚད། མཆིན་པ་སྲ་མཁྲེགས་ནད། ཤན་རྨེན་ཚ་ནད་སོགས་སྐྱེན་ཉེན་ཆེ་བ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོན།