ཟླ་8ཚེས་7ཉིན། བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གིས་རྒྱུན་གཏན་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་རིང་། ཕྱི་ནས་ཡོང་བའི་ཡུལ་སྐོར་བ་4ཡི་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པ་ཤེས་རྟོགས་བྱུང་ཡོད། ཉིན་དེར་ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་མི་སྣར་ཉིང་སྐྱུར་བརྟག་དཔྱད་བྱེད་རིང་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་ཐོག་མའི་དབྱེ་བཤེར་གདགས་གཤིས་ཡིན་མཁན་18ཤེས་རྟོགས་བྱུང་ཡོད།
ཟླ་8ཚེས་8ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱིས་ལྷ་སར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། “ཕྱི་ནས་མི་འགོས་བ་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”མཛད་ཕྱོགས་གཞིར་བཟུང་། ཚད་མཐོའི་མཐོང་ཆེན་དང་། འཕྲལ་སྒྲུབ་མྱུར་ལན། འགན་འཁྲི་ནན་གཏོང་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཚན་རིག་དང་མཐུན་ཞིང་ཁྲིམས་ལྟར་དང་། གནད་སྨིན། ནུས་ཆེ་བཅས་ཀྱི་སྒོ་ནས་ཡག་པོ་སྒྲུབ་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ཆེན་པོ་འདིར་དུས་ཚོད་ཐུང་ཤོས་དང་རིན་དོད་ཉུང་ཤོས་ཀྱི་སྒོ་ནས་རྒྱལ་ཁ་བླངས་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོང་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས། ད་ཐེངས་ཀྱི་རིམས་ནད་ནི་2020ལོའི་ཚུན་བོད་ལྗོངས་སུ་སླར་ཡང་ཏོག་གསར་གློ་ཚད་རིམས་ནད་ཀྱི་གདགས་གཤིས་ནད་དཔེ་ཐོན་པ་ཞིག་ཡིན་པས། བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་འགྲན་སློང་ཧ་ཅང་ཆེན་པོ་ཞིག་འཕྲད་ཡོད། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་དང་། རིམས་ནད་མཆེད་ལམ་གཅོད་པ། རིམས་ནད་སྔ་ཙམ་མེད་པར་བཟོ་ཐུབ་པ་བཅས་བྱས་ཏེ་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གང་ཐུབ་གཏོང་དགོས། མཐའ་ཚད་ཀྱི་བསམ་ཕྱོགས་འཛུགས་པ་དང་། ལས་ཀའི་གཙོ་གནད་དམ་འཛིན་བྱེད་པ། མགྱོགས་མྱུར་དང་འཕྲལ་དུ་ཐག་གཅོད་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཐོག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་སྤྱི་འདོམས་ཡག་པོ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
མིག་སྔར། མངའ་རིས་ས་ཁུལ་གྱིས་ནད་རྟགས་མེད་པའི་ནད་པ་4གནས་གཏན་འཁེལ་སྨན་ཁང་དུ་སྨན་བཅོས་བྱས་པ་མ་ཟད། ད་དུང་དེའི་འབྲེལ་འདྲིས་དམ་ཟབ་ཡོད་མཁན་དང་གཞན་བརྒྱུད་འབྲེལ་འདྲིས་ཡོད་མཁན་དག་ལ་གཅིག་སྡུད་ལོགས་བཀར་གྱི་དོ་དམ་ཚོད་འཛིན་བྱས་ཡོད། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་ད་ཆ་ཉེན་ཁ་འབྲིང་བའི་ཁུལ་7གཏན་འཁེལ་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཉེན་ཁ་ཆེ་བའི་ཁུལ་1དང་ཉེན་ཁ་འབྲིང་བའི་ཁུལ་15གཏན་འཁེལ་བྱས་ཡོད་པ་རེད།
མངའ་རིས་ས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་བས་བརྡ་ཁྱབ་བཏང་དོན། ཏོག་དབྱིབས་ནད་དུག་གསར་པའི་ནད་རྟགས་མེད་པའི་ནད་པ་4སྤུ་ཧྲེང་རྫོང་དུ་ལོགས་བཀར་ལྟ་ཞིབ་བྱེད་བཞིན་ཡོད་པ་དང་དེའི་འགུལ་སྐྱོད་ས་ཁོངས་སུ་ཕྱོགས་ཡོངས་ནས་དུག་སེལ་བྱས་ཡོད། སྤུ་ཧྲེང་རྫོང་གི་འབྲེལ་འདྲིས་དམ་ཟབ་ཡོད་མཁན་དང་གཞན་བརྒྱུད་འབྲེལ་འདྲིས་ཡོད་མཁན་171ཚང་མར་དོ་དམ་ཚོད་འཛིན་དང་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་བརྟག་དཔྱད་བྱས་འབྲས་ཚང་མ་སྲིབ་གཤིས་ཡིན་པ་རེད།
མངའ་རིས་ས་ཁུལ་དུ་སྤུ་ཧྲེང་དང་། རྩྭ་མདའ། སྒར་བཅས་རྫོང་3དུ་དམངས་ཡོངས་ཉིང་སྐྱུར་བརྟག་དཔྱད་བྱེད་འགོ་ཚུགས་ཡོད། མིག་སྔའི་བར་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་པའི་འབྲས་བུ་ཚང་མ་སྲིབ་གཤིས་ཡིན་པ་དང་ཆབས་ཅིག མངའ་རིས་ས་ཁུལ་གྱི་རྫོང་གཞན་དག་བཞིས་ཀྱང་ཟླ་8ཚེས་8ཉིན་ནས་བཟུང་དམངས་ཡོངས་ཉིང་སྐྱུར་བརྟག་དཔྱད་བྱེད་འགོ་ཚུགས་ཡོད།