བོད་ལྗོངས་ཀྱི་ཐེངས་འདིའི་རིམས་ནད་ཐད་ཆེད་མཁས་པས་གསུངས་དོན་་་་་
སྤེལ་དུས 2022-08-12
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ད་ཐེངས་བོད་ལྗོངས་སུ་ཁྱབ་པའི་ནད་དུག་དེ་ནི་ནད་དུག་ཨོ་མེ་ཁེ་རུང་ BA.2.76ཞེས་པ་དེ་ཡིན་པ་དང་། དེ་ནི་རང་རྒྱལ་དུ་ཐོན་ཐེངས་དང་པོ་དེ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། དེ་ནི་ད་ལོའི་ཟླ་བ8པ་ཤར་ཚུན་རང་རྒྱལ་དུ་ཐོན་པའི་ངོ་འགྱུར་ནད་དུག་དྲུག་པ་དེ་རེད།
ཧང་ཀྲོའུ་དགེ་འོས་སློབ་གྲྭ་ཆེན་མོའི་ཟུར་གཏོགས་སྨན་ཁང་གི་འབྱིན་རྔུབ་དང་ནད་ལྕིའི་གསོ་རིག་ཚན་ཁག་གི་སྨན་པ་ཏའེ་དབྱི་ཧྥན་གྱིས། མ་གཞི་ནད་དུག་ལ་ཟམ་མི་ཆད་པར་འགྱུར་འགྲོ་བཞིན་ཡོད། ཡིན་ནའང་མིག་སྔའི་གནས་ཚུལ་ལ་གཞིགས་ན། ངོ་འགྱུར་ནད་དུག་དེ་དག་འགོ་ཤུགས་ཆེན་པོ་ཡོད་ཀྱང་། དེ་དག་གིས་ན་ཚ་སློང་བའི་ནུས་པ་ཆུང་དུ་ཕྱིན་ཡོད་ཅེས་གསུངས་འདུག
སྤྱི་ཟླ་8པའི་ཚེས་9ཉིན། ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག ཐེངས་འདིའི་ནད་ཡམས་ལ་ཁྱད་ཆོས་གསུམ་ཡོད་པ་སྟེ། གཅིག་ནི་ཐེངས་འདིའི་ནད་ཡམས་བཟོ་མཁན་གྱི་ནད་དུག་དེ་ཨོ་མེ་ཁེ་རུང་ BA.2.76ཡིན་པ་དང་། གཉིས་ནས་ནད་ཡམས་རིག་པའི་བརྟག་དཔྱད་དང་ཁོར་ཡུག་མ་དཔེར་བརྟག་དཔྱད་བྱས་པ་ལས་གསལ་བར་ཐེངས་འདིའི་ནད་ཡམས་ནི་ཕྱི་ལོག་ནས་འཛུལ་བའི་རང་བཞིན་ཅན་ཡིན་པ། གསུམ་ནས་ཁྱབ་སྟངས་ཐད་ནས་བཤད་ན་ཁྱིམ་ཚང་གི་འདུ་འཛོམས་ཐོག་ནས་ཁྱབ་པ་བཅས་རེད་ཅེས་གསུངས་འདུག
སྨན་པ་ཏའེ་དབྱི་ཧྥན་གྱིས། ད་ཐེངས་ནད་དུག་འགོས་པའི་མི་དེ་དག་ཁྲོད་མི་མང་པོ་ཞིག་ལོ་40ཡན་ཟིན་པ་དང་། རྒན་རྒོན་དང་བྱིས་པ་སོགས་རིམས་འགོག་ནུས་པ་ཞན་པའི་མི་རྣམས་ཏོག་གསར་ནད་དུག་འགོས་སླ་བའི་མི་ཚོགས་ཡིན། དེས་ན་རིམས་འགོག་ཁབ་རྒྱག་རྒྱུ་ནི་སྔར་བཞིན་དགོས་པ་ཆེན་པོ་ལྡན་པ་ཞིག་རེད། ཆབས་ཅིག་མི་སྒེར་གྱི་རིམས་འགོག་དོགས་ཟོན་རྒྱུན་འཁྱོངས་བྱེད་དགོས་གསུངས་འདུག
ཏ་ལན་གྲོང་ཁྱེར་མཛའ་གྲོགས་སྨན་ཁང་རིམས་ནད་ཚོད་འཛིན་དོ་དམ་གཞུང་ལས་ཁང་གི་འགོ་འཛིན་ཀྲང་ཕོ་ཡིས། བོད་ལྗོངས་ཀྱི་ས་ཆའི་ཁྱད་ཆོས་ནས་བཤད་ན། མི་སྣ་ལྟོས་བཅས་ཀྱིས་ཁ་ཐོར་དུ་གནས་པས། དེས་རིམས་ནད་བརྟག་དཔྱད་ཐད་དཀའ་ངལ་ཆེ་ཙམ་བཟོ་ཡི་ཡོད། ཡིན་ནའང་རུབ་འདུས་རྣམ་པའི་འགོ་ཁྱབ་ཀྱི་ཉེན་ཁ་ཡང་དེ་ཚད་ཀྱིས་ཆུང་བ་ཡོད། གང་ལྟར་རུང་།ཚན་རིག་གནད་འཕིགས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་རྒྱུན་འཁྱོངས་བྱེད་པ་དང་། སྔ་ཙམ་ནས་སྔོན་འགོག་བྱེད་པ་དང་། སྔ་ཙམ་ནས་ནད་དུག་འགོས་ཡོད་མེད་ཤེས་པ་བྱེད་པ། སྔ་ཙམ་ནས་སྙན་ཞུ་བྱེད་པ། སྔ་ཙམ་ནས་ལོགས་དབྱེ་བྱེད་པ། སྔ་ཙམ་ནས་སྨན་བཅོས་བྱེད་པ། མི་ཕུད་པའི་དངོས་ཟོག་དང་ཁོར་ཡུག་བརྒྱུད་ནས་ནད་དུག་འགོས་རྒྱུར་ཡང་དོགས་ཟོན་བྱེད་པ། གཙོ་གནད་དུས་མཚམས་དང་། གཙོ་གནད་ས་ཁུལ། གཙོ་གནད་མི་ཚོགས་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཏན་ཏིག་ངང་འགོ་ལམ་བཅད་ཏེ། ནད་ཡམས་ཁྱབ་ཆེར་འགྲོ་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས་ཞེས་གསུངས་འདུག
རྩོམ་སྒྲིག་པ། བདེ་སྒྲོན།