ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

རང་རྒྱལ་གྱི་མི་བཟོས་གློ་བ་ཐོག་མ་དེ་ཐོན་འདུག

སྤེལ་དུས 2023-01-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཉེ་དུས།  རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ནང་།  ཏོག་གསར་ནད་དུག་འགོས་པའི་ནད་ལྕིའི་ནད་པའི་སྨན་བཅོས་དགོས་མཁོ་སྐོང་ཆེད། ཅུས་དེས་ཉིན་ཤས་གོང་ཧྲེན་ཀྲེན་ཧན་ནོ་ཚན་རྩལ་ཚད་ཡོད་ཀུང་སིའི་ལུས་ཕྱིའི་གློ་སྙིང་རམ་འདེགས་སྒྲིག་ཆས་དང་། ཐེངས་གཅིག་སྤྱོད་མའི་སྐྱི་པགས་རླུང་འདྲེས་ཡོ་ཆས་ཀྱི་ཐོ་འགོད་རེ་ཞུར་ཆོག་མཆན་སྤྲད་ཡོད། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས། འདི་ནི་རང་རྒྱལ་གྱི་བཟོས་པའི་མི་བཟོས་གློ་བ་ཐོག་མ་དེ་ཡིན་པ་དང་།  དེའི་གཤིས་ནུས་སྟོན་གྲངས་སྤྱིའི་ཆ་ནས་རྒྱལ་སྤྱིའི་རིགས་གཅིག་པའི་ཐོན་རྫས་ཀྱི་ཆུ་ཚད་དུ་སླེབས་ཀྱི་ཡོད་ཅེས་བསྟན་འདུག 

     མི་བཟོས་གློ་བ་ནི་རམ་འདེགས་སྨན་བཅོས་བྱ་ཐབས་ཤིག་ཡིན་པ་དང་།  དེས་ལས་ཀ་བྱེད་པའི་རྩ་བའི་རིགས་ཁུངས་ནི་སྒུལ་འབྱེད་འདྲེན་འཁོར་ལ་བརྟེན་ནས་ཟུངས་ཁྲག་ལུས་པོའི་ནང་ནས་ཕྱི་རུ་འཐེན་པ་དང་། དེ་ནས་སྐྱི་པགས་རླུང་འདྲེས་ཡོ་ཆས་ཀྱིས་རླུང་གཟུགས་བརྗེ་པོ་རྒྱག་པ་དང་། མཐར་གསོ་རླུང་འདྲེས་པའི་ཟུངས་ཁྲག་སླར་ཡང་ལུས་པོའི་ནང་དུ་བླུགས་ཏེ་སྙིང་དང་གློ་བའི་ནུས་པ་ཡོངས་སུ་སླར་གསོ་ཐུབ་པའམ་ཆ་ཤས་སླར་གསོ་ཐུབ་པ་བྱེད་ཀྱི་ཡོད།  མི་བཟོས་གློ་བ་དེས་ནད་ལྕིའི་ནད་པ་སྐྱོབ་བཅོས་བྱེད་པའི་སྐབས་སུ་གློ་སྙིང་གི་གནོན་ཤུགས་ཆུང་དུ་གཏོང་ཐུབ་ནས་སྨན་དོན་མི་སྣར་སྐྱོབ་བཅོས་ཀྱི་དུས་ཚོད་བརྩོན་ལེན་བྱེད་ཐུབ་ཀྱི་ཡོད། ཏོག་གསར་གློ་ཚད་རིམས་ནད་ལངས་པའི་ཐོག་མའི་དུས་མཚམས་སུ། མི་བཟོས་གློ་བས་ནད་ལྕིའི་ནད་པ་སྐྱོབ་བཅོས་དང་འཆི་ཚད་ཉུང་དུ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད་པས། སྲོག་སྐྱོབ་ཡོ་ཆས་བཟང་པོ་ཞེས་སུ་འབོད་བཞིན་ཡོད།

     རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཁོ་འདོན་བྱས་པའི་གྲངས་གཞི་ལྟར་ན། སྤྱི་ལོ་༢༠༢༢ལོའི་ཟླ་བ་བཅུ་གཉིས་པའི་ཚེས་ཉི་ཤུ་རྩ་ལྔ་ཉིན་བར། རང་རྒྱལ་དུ་ཁྱོན་མི་བཟོས་གློ་བ་2600ཡོད་པ་རེད། རིམས་ནད་གནས་ཚུལ་གྱི་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་ནད་ཐོག་གི་དགོས་མཁོ་ཡང་དེ་བས་ཁ་ཚ་དགོས་གཏུག་ལ་གྱུར་ཡོད་པ་རེད།

     ཤེས་རྟོགས་བྱུང་བ་ལྟར་ན། ནད་པ་རྣམས་ཀྱིས་གང་མགྱོགས་རང་རྒྱལ་གྱིས་བཟོས་པའི་མི་བཟོས་གློ་བ་དེ་སྤྱོད་ཐུབ་པ་བྱ་ཆེད། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཐོན་རྫས་དེ་ཐོ་འགོད་རེ་ཞུ་བྱེད་པའི་བརྒྱུད་རིམ་ནང་འཕྲལ་སྒྲུབ་ཞིབ་དཔྱད་ཚོ་ཆུང་བཙུགས་ཏེ་ཆེད་དོན་མི་སྣས་འགན་ཁུར་བ་དང་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་པ། ལག་རྩལ་ཞིབ་དཔྱད་མཛུབ་ཁྲིད་རྩ་དོན་ཡོངས་བསྒྲགས་བྱེད་པ་བཅས་བྱས་ནས་ཐོན་རྫས་ཐོ་འགོད་རེ་ཞུ་བྱ་རྒྱུར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིབ་དཔྱད་དང་ཞིབ་མཆན་འགོད་པའི་འཕེལ་རིམ་མགྱོགས་སུ་གཏོང་བ། བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཐོན་རྫས་གང་མགྱོགས་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།  གོམ་སྟབས་རྗེས་མར། སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཐོན་རྫས་དེ་ཁྲོམ་རར་བཏོན་རྗེས་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནད་པས་བདེ་འཇགས་ཐོག་སྨན་བཅོས་ཡོ་ཆས་བེད་སྤྱོད་བྱ་རྒྱུར་འགན་སྲུང་བྱ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།