ཝུའུ་དབྱིང་ཅེས་དབུལ་སྐྱོར་མ་དངུལ་འདི་ལྟར་སྤྱོད་དགོས་ཞེས་གསུངས།
སྤེལ་དུས 2019-12-02
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། ལྕགས་བྱམས།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། དབུལ་སྐྱོར་མ་དངུལ་རྣམ་གྲངས་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་གྲོས་ཞིབ་གནང་བ་རེད།
ཚོགས་འདུའི་ཐོག་འབྲེལ་ཡོད་སྙན་སེང་གསན་པ་དང་མ་དངུལ་བསྡུ་སྒྲིལ་སྤྱི་འདོམས་ཀྱི་འབྲེལ་ཡོད་ཇུས་གཞི་དང་འཆར་གཞིར་རྩ་དོན་ཐོག་ནས་མོས་མཐུན་གནང་བ་རེད།
ཝུའུ་དབྱིང་ཅེས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་རྣམ་གྲངས་མ་དངུལ་བསྡུ་སྒྲིལ་ལས་དོན་གྱི་སྤྱི་འགན་འཁུར་རྒྱུ་དང་། གནད་སྨིན་ཤུགས་འདོན། ཕན་འབྲས་དངོས་ཐོན་རྒྱུར་གཙིགས་ཆེན། གོང་འོག་འབྲེལ་མཐུད། མཐུན་སྦྱོར་སྒྲིག་འཛུགས་བཅས་མཐའ་འཁྱོངས་བྱས་ཏེ། ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཞན་ཆར་དམིགས་ནས། ས་ཁུལ་དབུལ་པོའི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་མི་འབོར་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས།
གྲོང་ཁྱེར(ས་ཁུལ)ཁག་གིས་མ་དངུལ་བསྡུ་སྒྲིལ་གྱི་གཙོ་ཁྲིད་འགན་འཁྲི་འཁུར་ནས་ཁོངས་གཏོགས་རྫོང་དང་ཆུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། རྫོང(ཆུས)གིས་རྒྱལ་ཁབ་ཀྱི་བླང་བྱར་ནན་པོར་གཞིགས་ཏེ། མ་དངུལ་བཀོད་སྒྲིག་གཏོང་སྒོའི་མྱུར་ཚད་མགྱོགས་སུ་བཏང་སྟེ། མ་དངུལ་ཡག་པོ་སྤྱད་ནས། མ་དངུལ་གྱི་ཕན་འབྲས་ཆེན་པོ་འདོན་སྤེལ་བྱེད་དགོས། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་མ་དངུལ་སྤྱི་འདོམས་དང་བགོ་བཤའི་གྲོས་མོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་དང་སྤྱི་འདོམས་ཀྱི་ལས་དོན་ཡག་པོ་སྤེལ་ཆེད། དགོས་ངེས་ཀྱི་ལམ་སྲོལ་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་གསུངས་ཡོད།
ཝུའུ་དབྱིང་ཅེས་ནན་བཤད་གནང་དོན།
གཅིག གྲོང་ཁྱེར(ས་ཁུལ)གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ས་ཁུལ་དབུལ་པོར་དབུལ་སྐྱོར་མ་དངུལ་བསྡུ་སྒྲིལ་བེད་སྤྱོད་ཀྱི་རང་བརྟེན་དབང་ཆ་དང་སྟབས་བསྟུན་རང་བཞིན་དེ་བས་མང་པོ་མཁོ་འདོན་བྱས་ཏེ། དབུལ་སྐྱོར་མ་དངུལ“དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པའི”ཐད་སྤྱོད་ཐུབ་པ་བྱེད་དགོས།
གཉིས། མཐུན་སྦྱོར་མཉམ་ལས་བྱས་ཏེ། མ་དངུལ་བེད་སྤྱོད་གནས་ཚུལ་ཚོད་འཛིན་ནན་པོ་བྱས་ནས། དབུལ་སྐྱོར་མ་དངུལ་དབུལ་སྐྱོར་ཐོག་ཆེད་སྤྱོད་ཐུབ་པ་བྱས་ཏེ། མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པར་རོགས་རམ་བྱེད་པའི་དམངས་འཚོའི་དྲ་བ་བསྐྲུན་དགོས།
གསུམ། དོན་དངོས་དང་ཟུང་འབྲེལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱེད་པ་དང་། ལྷུ་ཚིགས་ཁག་འབྲེལ་མཐུད་དང་། འཁོར་རྒྱུག་ཁག་དམ་པོར་འབྲེལ་བ། རྣམ་གྲངས་གཏོང་སྒོར་སྤྱི་འདོམས་བཀོད་སྒྲིག་བཅས་བྱས་ནས། བསྡུ་སྒྲིལ་མ་དངུལ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང་དེ་བཞིན“ཞིང་གསུམ”ལས་དོན་གྱི་ཁྱབ་ཁོངས་ཁྲོད་ཀྱི་མ་དངུལ་བསྡུ་སྒྲིལ་འགན་ལེན་བྱེད་དགོས།
བཞི། རང་ལྗོངས་ཀྱི་ཞིང་འབྲེལ་མ་དངུལ་བེད་སྤྱོད་དང་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ། རང་ལྗོངས་ཀྱི་དབུལ་སྐྱོར་ལས་དོན་ལ་ཚོད་འཛིན་བཟོ་བའི་ཞན་ཆ་གསབ་པ་དང་། སྤྱོད་གོ་ཆོད་པ། ཕུགས་ལ་དོ་དམ་བྱེད་ཐུབ་པ་བཅས་ཀྱི་ལམ་ལུགས་སྒྲིག་སྲོལ་གྲུབ་པ་བྱས་ཏེ། དབུལ་སྒྲོལ་གྱི་གྲུབ་འབྲས་སྔར་བས་བརྟན་དུ་གཏོང་དགོས།
ལྔ། ནོར་སྲིད་ཞིང་འབྲེལ་མ་དངུལ་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ནོར་སྲིད་ཞིང་འབྲེལ་མ་དངུལ་གྱི་ཞིབ་བཤེར་བྱེད་ཐབས་མུ་མཐུད་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་སྲིད་ཞིང་འབྲེལ་མ་དངུལ་དོ་དམ་ཚན་རིག་ཅན་དང་ཞིབ་ཆ་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ནོར་སྲིད་ཞིང་འབྲེལ་མ་དངུལ་བདེ་འཇགས་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་ཐུབ་པ་བྱེད་དགོས།