2019ལོར་ལྷ་ས་གྲོང་ཁྱེར་ཁྲིམས་ཁང་གིས་སྲིད་འཛིན་གྱོད་གཞི་རིགས་སྣ་ཚོགས་ཁྱོན་བསྡོམས་87བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་26.4%འཕར་བ་རེད།
སྤེལ་དུས 2020-01-22
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་1པོའི་ཚེས་20ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་2019ལོའི་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་སྲིད་འཛིན་འདྲི་གཅོད་ལས་དོན་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2019ལོར་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་རིགས་ཁག་གི་སྲིད་འཛིན་གྱོད་གཞི་87བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་23མང་དུ་ཕྱིན་ནས་26.4%ཡིས་འཕར་ཡོད།
ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
གྱོད་གཞི་དང་ལེན་བྱེད་པའི་ཁྱབ་ཁོངས་དེ་སྤྱི་ཚོགས་འགན་སྲུང་དང་། བདེ་འཇགས། རང་བྱུང་ཐོན་ཁུངས། སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན། ཁྲལ་དོན། ཚོང་དོན། སྲིད་གཞུང་། ཁང་ཁོངས། དམག་ཞབས་ལས་ཁྱུར་དམག་མི། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས། སློབ་གསོ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་13དང་འབྲེལ་བ་ཡོད། བོད་རང་སྐྱོང་ལྗོངས་སྲིད་འཛིན་ལས་ཁུངས་ཀྱིས་ཞུ་སྦྱོར་ཕྱི་མའམ་ཡང་ན་ཐུན་མོང་གི་ཞུ་སྦྱོར་ཕྱི་མའི་སྲིད་འཛིན་གྱོད་གཞི་17དང་། ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ལས་ཁུངས་ཀྱིས་ཞུ་སྦྱོར་ཕྱི་མའམ་ཡང་ན་ཐུན་མོང་ཞུ་སྦྱོར་ཕྱི་མའི་སྲིད་འཛིན་གྱོད་གཞི་59། ཁུལ་དང་རྫོང་ཁག་གི་སྲིད་འཛིན་ལས་ཁུངས་ཀྱིས་ཞུ་སྦྱོར་ཕྱི་མའམ་ཡང་ན་ཐུན་མོང་གི་ཞུ་སྦྱོར་ཕྱི་མའི་སྲིད་འཛིན་གྱོད་གཞི་27། ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ལས་ཁུངས་ཀྱིས་གོང་གཏུག་བྱེད་མིའམ་ཡང་ན་ཞུ་སྦྱོར་སྔ་མའི་སྲིད་འཛིན་གྱོད་གཞི་8བཅས་ཡོད།
མཚམས་སྦྱོར་གནང་བ་ལྟར་ན། 2019ལོར་ལྷ་ས་གྲོང་ཁྱེར་ཁྲིམས་ཁང་གིས་ཁྲིམས་ལྟར་སྲིད་འཛིན་ལས་ཁུངས་ཀྱི་གྱོད་ཕམ་གྱོད་གཞི་16ཁྲིམས་བཅད་བྱས་པར་གྱོད་ཕམ་ཚད་18.4%ཟིན་པ་དང་། ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་པའི་གྱོད་གཞི་40ཡི་ནང་སྲིད་འཛིན་འགོ་ཁྲིད་ཁྲིམས་རར་ཞུགས་ནས་ཞུ་ལན་སློག་པ་དེ་2018ལོ་དང་བསྡུར་ན་གྱོད་གཞི་14འཕར་བ་དང་ཁྲིམས་རར་ཞུགས་ཚད་57.5%ཟིན་ནས་2018ལོ་ལས་ལྡབ་1.63གྱིས་འཕར་ཡོད། ཕྱོགས་གཅིག་ནས་སྲིད་འཛིན་ལས་ཁུངས་ཁག་གིས་ཁྲིམས་འཛིན་གྲོས་འཆར་ལ་སྔར་བས་མཐོང་ཆེན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྲིད་འཛིན་ལས་ཁུངས་ཁག་གིས་སྲིད་འཛིན་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་བྱ་རྒྱུར་ཉིན་རེ་ལས་ཉེན་རེར་མཐོང་ཆེན་བྱེད་བཞིན་ཡོད།
ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་ནས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ད་དུང་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་། ལྷ་སའི་སྒོ་ཁྲལ་ལས་ཁུངས། ལྷུན་གྲུབ་རྫོང་ཁོར་ཡུག་སྲུང་སྐྱོང་ཅུས་སོགས་སྲིད་འཛིན་ལས་ཁུངས་དག་གདན་ཞུ་བྱས་ནས་སྲིད་འཛིན་ཁྲིམས་བསྟར་མི་སྣ་100ལྷག་སྲིད་འཛིན་གྱོད་གཞིའི་ཁྲིམས་རར་འདྲི་གཅོད་བྱ་ཡུལ་དུ་བསྐྱོད་དེ་ཟུར་ཉན་བྱེད་པར་མངགས་པ་རེད།