དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཨ་ཙི། ཕ་ཝང་ལ་ལན་པ་ཅི་ཡོད་དམ། [བརྙན]

སྤེལ་དུས 2020-02-15 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ།
——རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལ་སྐུལ་བའི་དགོད་བྲོའི་བཅར་འདྲི།
        མིག་སྔར། ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིགས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཚབས་ཆེ་རུང་ང་ཚོས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ཐད། ཏང་ཀྲུང་དབྱང་གི་ཡང་དག་དབུ་ཁྲིད་དང་གཅིག་འགྱུར་བཀོད་སྒྲིག་འོག དཔུང་པ་མཉམ་གཤིབ་སྒོ་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ན་རིམས་འགོག་དམག་འཁྲུག་ལ་གང་མགྱོགས་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད། འོན་ཀྱང་། ད་ཐེངས་ནད་ཡམས་འདིའི་འབྱུང་རྐྱེན་ལ་བསམ་ཚེ། མི་ཚང་མས་རི་སྐྱེས་སྲོག་ཆགས་སམ་བདག་མེད་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་འགྲོ་བ་མིའི་སྤྱི་མཐུན་ལས་དབང་ལ་བསམ་གཞིགས་བྱེད་པའི་དོན་ཆེན་ཞིག་ཏུ་མཐོང་།

        ང་ཚོས་མིའི་རིགས་འཚོ་སྡོད་བྱེད་པའི་མ་ཡུམ་རང་བྱུང་ཁམས་ཆེན་མོར་དད་བཀུར་བྱེད་པའི་བསམ་པ་ལྡན་དགོས། གལ་སྲིད་དེ་ལྟར་མ་བྱས་ཚེ་ད་ལྟའི་གནས་སྐབས་བཞིན། ང་ཚོས་སྲོག་ཆགས་གཟེབ་ལ་འཇུག་རྒྱུའི་ཚབ་ལ། དེ་ལས་ལྡོག་སྟེ་སྲོག་ཆགས་ཀྱིས་ང་ཚོ་གཟེབ་ནང་བཅུག་པའི་གནས་ཚུལ་དགོད་བྲོ་ལ་ངུ་བྲོ་བ་དེ་འདྲ་འབྱུང་སྲིད།
        སྤྱི་ལོ་༢༠༠༣ལོའི་སག་སེའི་ནད་ཡམས་དང་ད་ལྟའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་འབྱུང་རྐྱེན་ཚང་མ་ཕ་ཝང་ལ་སོགས་ནད་དུག་ཡོད་པའི་བདག་མེད་སྲོག་ཆགས་ཀྱི་ཤ་གང་བྱུང་བཟས་པ་ལས་བྱུང་ཞིང་། གནད་དོན་དེས་ཡིན་ན་ང་ཚོས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་ཇི་ལྟར་ཐག་གཅོད་བྱེད་དགོས་མིན་ཐད་ལན་གསལ་པོ་ཞིག་སྤྲད་ཡོད། ད་ལྟ་རྒྱལ་ཁབ་ནས་ཁྲིམས་འགལ་ངང་བདག་མེད་སྲོག་ཆགས་ཉོ་ཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བཞིན་ཡོད་ལ། དྲ་བ་དང་འཕྲིན་ཕྲན། འཁྱུག་དབྱིངས་སོགས་ཀྱི་ནང་མི་ཁྲི་ཚོ་མང་པོས་བདག་མེད་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་འབོད་སྒྲོག་བཞིན་མཆིས།
        ཀ་པ། གངས་ཕྲུག་བློ་རྒྱ། 
        ཁ་པ།  རྡོ་གྲགས་ལགས།
        ག་པ། བསོད་རྡོར་ལགས། 
        ཀ་པ། རྒན་ལགས་རྣམ་པ་གཉིས་སྐུ་ཁམས་བཟང་། རྒྱལ་ཡོངས་གོང་འོག་ཚང་མས་ཏོག་གསར་གློ་ཚད་རིམས་ནད་ལ་ཛ་དྲག་དམག་འཐབ་བྱེད་བཞིན་པའི་དུས་སྐབས་ འདིར་ཁྱེད་རྣམ་གཉིས་གདན་འདྲེན་ཞུས་ནས་གཙོ་བོ་རི་སྐྱེས་སྒོམ་ཆེན་ཞིག་གི་སྐོར་ལ་བཀའ་འདྲི་ཞུ་ཡས་ཡིན།
        ཁ་པ་དང་ག་པ། ལགས་ག་རེ། རི་སྐྱེས་སྒོམ་ཆེན་ལ།
        ཀ་པ། ལགས་འོང་། སྒོམ་ཆེན་ཞིག་གི་སྐོར་ཡིན།
        ཁ་པ། རྒན་ལགས། སྒོམ་ཆེན་དང་ང་གཉིས་བར་འབྲེལ་བ་སྤུ་ཙམ་ཡང་མེད།
        ག་པ། རེད་རེད། སྒོམ་ཆེན་རྒྱུས་མེད།
        ཀ་པ། འོ་ཙི། འབྲེལ་བ་མེད་ལ། ངས་ཟེར་ན་ང་ཚོ་ཆུང་ཆུང་སྐབས་སྒོམ་ཆེན་ཟེར་བའི་བྱ་ཕ་ཝང་། ཙི་ཙི་སྒམ་པོ་ཟེར་གྱི་ཡོད། ད་ཐེངས་ནད་ཡམས་ཀྱི་འབྱུང་རྩ།
        ཁ་པ། ཨ་ལས་འོང་འོང་། ང་གཉིས་དང་འབྲེལ་བ་ཡོད།
        ག་པ། འོ་ཙི། རྡོ་གྲགས་ལགས་གང་བྱུང་མང་བྱུང་མ་གསུངས། ང་གཉིས་དང་འབྲེལ་བ་ག་རེ་ཡོད་དམ། རྒན་ལགས། ང་གཉིས་ཀྱིས་ཕ་ཝང་བཟའ་རྒྱུ་མ་བྱུང་།
        ཁ་པ། འོ་རེད་རེད། རྒན་ལགས། ང་གཉིས་ཀྱིས་བཟའ་རྒྱུ་མ་བྱུང་། ནམ་རྒྱུན་ནས་ཤ་དེ་འདྲས་ཟ་ཡི་མེད།
        ཀ་པ། ཧ་ཧ་ཧ། ཁྱེད་རྣམས་གཉིས་ཀྱིས་གོ་ནོར་ཐེབས་སོང་། སྔོན་ལ་དངངས་སྐྲག་མ་གནང་དང་།  ངས་ཟེར་ན་ད་ཐེངས་ཀྱི་ཏོག་དབྱིབས་གསར་པའི་ནད་ཡམས་འདི་དང་ང་ཚོ་ཚང་མ་འབྲེལ་བ་ཡོད་རེད་ཟེར་གྱི་ཡོད།
        ག་པ། ཨ་ལས་ལགས་སོ།  ད་བློ་བདེ་སོང་། རེད་རེད། རྒན་ལགས་ང་ཚོ་མི་ཚང་མའི་བདེ་ཐང་དང་འབྲེལ་བ་ཡོད་རེད།
        ཁ་པ། རེད་རེད། དེ་ཡིན་ན་ང་ཚོ་ཚང་མ་དང་འབྲེལ་བ་ཡོད་རེད།
        ཀ་པ། ད་སྐབས་ནད་དུག་དེའི་འབྱུང་ཁུངས་ཕ་ཝང་ངམ་ཙི་ཙི་སྒམ་པོ་ཡིན་པ་ཤེས་པའི་རྗེས། མི་མང་པོ་ཞིག་གིས་ཕ་ཝང་ལ་ཁོང་ཁྲོ་ཆེན་པོ་བྱེད་པ་དང་། ཡང་མི་ཁག་ཅིག་གིས་ཕ་ཝང་ལ་སྙིང་རྗེ་དང་སྦྲགས། ཕ་ཝང་གི་ཤ་ཟ་མཁན་གྱི་མི་དེ་དག་དང་ད་དུང་ཁྲིམས་འགལ་ངང་བདག་མེད་སྲོག་ཆགས་ཉོ་ཚོང་བྱེད་མཁན་གྱི་མི་དེ་དག་ལ་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་འདུག དེའི་ཐད་ཁྱེད་རྣམ་གཉིས་ལ་དགོངས་ཚུལ་ཅི་ཡོད་དམ།
        ཁ་པ་དང་ག་པ། ལགས་སོ། ལགས་སོ།
        ག་པ། སྔོན་ལ་རྡོ་གྲགས་ལགས་ཁྱེད་རང་ཡིན་ད།
        ཁ་པ། འོ་ཅི། སྔོན་ལ་བསོད་རྡོར་ལགས་ཁྱེད་རང་ཡིན་ད།
        ག་པ། འོ་ཙི། སྔོན་ལ་ཁྱེད་རང་ཡིན་ད། མ་གཞི་ནས་ཁྱེད་རང་ཙི་ཙི་སྒམ་པོ་འདྲ་པོ་ཞིག་འདུག
        ཁ་པ། ཨ། ག་རེ། ང་ཙི་ཙི་སྒམ་པོ་འདྲ་པོ་འདུག་ཨེ།
        ག་པ། མ་རེད་མ་རེད། ངས་སྐུ་རྩེད་ཞུས་པ་ཡིན། ད་སྔོན་ལ་ཁྱེད་རང་ཡིན་ད།
        ཁ་པ། ལགས་སོ། ད་བྱས་ན་ངས་སྔོན་ལ་བཤད་ཆོག རྒན་ལགས། སྐད་ཆ་དྲང་པོ་བཤད་ན། ང་ཙི་ཙི་སྒམ་པོ་ཁོ་མཐོང་འདོད་གཅིག་ཀྱང་མི་འདུག ཤ་མེད་རུས་མེད་པགས་པ་སྐམ་པོས་བཏུམས་པའི་སྲོག་ཆགས་མདོག་ཉེས་པ་ཁོས། ད་རེས་ཀྱི་ནད་དུག་སྐྱུགས་བྲོ་པོ་དེ་འཁྱེར་ཡོང་བ་རེད། ཟེར་སྲོལ་ལ་ཁོ་སྔོན་མ་ནས་མདོག་ཉེས་པའི་སྒང་ལ་སྤྱོད་པ་ངན་པོ་ཞེ་དྲག་ཡོད་རེད་ཟེར་གྱིས། ཁོ་བྱ་ཡིན་པའི་ཆ་ནས་བྱ་ཁྲལ་འཁྱེར་ཤོག་ཟེར་དུས་ཙི་ཙིའི་སོ་བསྟན་བྱས་ང་ཙི་ཙི་ཡིན་བྱ་མིན་ཟེར་ལབ་ནས་བྱ་ཁྲལ་གཅིག་ཀྱང་བསྡུ་ཡི་མ་རེད། ཡང་ཁོ་ཙི་ཙི་ཡིན་པའི་ཆ་ནས་ཙི་ཙིའི་ཁྲལ་འཁྱེར་ཤོག་ཟེར་དུས་གཤོག་པ་བསྟན་བྱས་ང་བྱ་ཡིན་ཙི་ཙི་མིན་ཟེར་ལབ་ནས་ཙི་ཙིའི་ཁྲལ་གཅིག་ཀྱང་བསྡུ་ཡི་མ་རེད། ལྟས་བྱ་མདོག་ཉེས་དེས། ད་རེས་ང་ཚོར་སྡུག་པོ་བཏང་བྱུང་། ང་ཚོ་ཚང་མའི་ཚེ་སྲོག་ལ་འཇིགས་སྣང་སྐུལ་བ་མ་ཟད། དཔྱིད་གསར་དུས་ཆེན་དེ་ཡང་གཏོང་དུ་མ་འཇུག་པར། མི་ཚང་མ་ནང་ལ་བཅུག གདོང་ལ་ཁ་རས་བརྒྱབ། ངོ་ཤེས་ནའི་མ་ཤེས་ཁུལ་བྱས་སྡོད་པའི་དུས་ཚོད་ཛ་དྲག་པོ་འདི་འདྲ་བཟོས་སོང་། བལྟས་མོ་ལྟོས་ཨ། གལ་སྲིད་ད་རེས་ཀྱི་ནད་ཡམས་དེ་འཇགས་སོང་ན། ངས་དྲ་བ་ཞིག་འཁྱེར་ནས་བྲག་ཕུག་ཡོད་ཚད་ཨ་སློག་བརྒྱབ། ཁོ་ཚུར་ཟིན། དང་པོ་ཁོའི་སོ་དེ་བཀོག་བྱ་ལ་ཡ་རྩིས་སྤྲད་བྱས་ཁོ་བྱ་ཁྲལ་བསྡུ་རུ་འཇུག་གི་ཡིན། གཉིས་པ། ཁོའི་གཤོག་པ་དེ་བཀོག་ཙི་ཙི་ལ་རྩིས་སྤྲད་བྱས་ཙི་ཙིའི་ཁྲལ་བསྡུ་རུ་འཇུག་གི་ཡིན། དེ་ནས་ཁོའི་སོ་དང་གཤོག་པ་གཉིས་ཀ་བཀོག་བྱས་སྦར་བཙིར་བཏང་བྱས་བསད་བཞག་གི་ཡིན། ངོ་མ། དེ་འདྲའི་ཁོང་ཁྲོ་ལ།་་་་་་་
        ག་པ། འོ་ཙི་རྡོ་གྲགས་ལགས་ནི་དེ་འདྲའི་ཞེད་སྣང་ལ། ད་ཁོང་ཁྲོ་མ་གནང་དང་། ༼ཁ་པའི་བྲང་ཁོག་ལ་ཕུར་ཕུར་གཏོང་བ། ༽
        ་པ། ཨ་ཙི། མི་དེ་ག་རེ་བྱེད་ཀྱི་ཡོད་དམ། ཕུར་ཕུར་མ་གཏོང་དང་། ཕར་ཚུར་ཐུག་རེག་བྱས་ན་ན་ཚ་འགོས་ཀྱི་རེད།
        ག་པ། འོ་ཙི། མ་གཞི་ནས་ཁྱེད་རང་ཙི་ཙི་སྒམ་པོ་ལ་དགྲ་མཐོང་མཐོང་དེ་འདྲས་ག་རེ་རེད་དམ། ཨོའོ། རྒན་ལགས། ངའི་ངོས་ནས་ཆ་བཞག་ན། མ་གཞི་བྱས་ན་ནད་དུག་དེ་ཙི་ཙི་སྒམ་པོའི་ལུས་ཐོག་ནས་བྱུང་བ་རེད་ཟེར་གྱིས།  མ་ཟད་ད་དུང་ཁོའི་ལུས་པོའི་ཐོག་ལ་ནད་དུག་ཧ་ཅང་མང་པོ་ཡོད་རེད་ཟེར་གྱིས།  ཡིན་ནའི་ཙི་ཙི་སྒམ་པོ་ལ་ལན་པ་ག་རེ་ཡོད་དམ།   ཙི་ཙི་སྒམ་པོས་ན་ཚ་འདི་ཆེད་མངགས་ཁྱེད་ཚོའི་ད་ལོའི་ལོ་གསར་གྱི་རྔན་པ་ཡིན་ཟེར་བསྐྱལ་བར་ཡོང་མེད། གཙོ་བོ་ང་ཚོ་མི་ཧམ་ཤེད་དང་གླེན་རྟགས། སྒེར་སེམས་ཆེན་པོ་ཡིན་ཙང་། གནམ་ལ་འཕུར་མཁན་དང་ས་ལ་འགྲོ་མཁན། ཆུའི་ནང་འཛུལ་མཁན་སོགས་ཚང་མ་ཁ་ལ་རེག་ཚད་གང་བྱུང་མང་བྱུང་བཟས་ཙང་ད་རེས་ཀྱི་ན་ཚ་འདི་འགོས་པ་ཞིག་རེད། ཙི་ཙི་སྒམ་པོ་ཁོ་མདོག་ཉེས་པོ་ག་ཚོད་ཡོད་རུང་གང་བྱུང་མང་བྱུང་ཟ་ཡི་མ་རེད་ལ། ད་དུང་སེམས་པ་བཟང་པོ་ཡོད་རེད། དཔེ་ཆ་བཞག་ན། ལོ་ངོ་དུང་ཕྱུར་མང་པོའི་སྔོན་ནས་ཙི་ཙི་སྒམ་པོས་རང་གི་གཟུགས་པོའི་ཐོག་ནད་དུག་མང་པོ་ཡོད་པ་ཤེས་ཀྱི་ཡོད་ཙང་། ནད་དུག་དེ་དག་མི་ལ་འགོས་དོགས་ཀྱིས་མཚན་མོ་མི་ཉལ་ཁྱི་ཉལ་གྱི་དུས་སུ་ཟས་འཚོལ་བར་འགྲོ་བ་ལས། ཉིན་མོ་ཁ་དཀར་ངོ་དཀར་ལ་རང་ཉིད་བྲག་ཕུག་ནང་ཁ་ཁུ་སིམ་མེར་སྒོམ་ཆེན་ནང་བཞིན་སྒོམ་བརྒྱབ་བྱས་བསྡད་ཀྱི་ཡོད། དེས་མ་ཚད་མིས་རང་ཉིད་ཟ་གི་རེད་བསམ་བྱས་སོ་སོ་མདོག་ཉེས་པོ་ཞེ་མེར་ལངས་ཡས་གཅིག་གི་གཟུགས་ལ་གྱུར་པ་རེད། ཡིན་ནའི་ང་ཚོ་མི་སྒེར་སེམས་ཅན། འདོད་རྔམས་ཅན་སྲིན་པོ་འདྲ་བ་ཁག་ཅིག་གིས་ཁོའི་ལྷིང་འཇགས་ཀྱི་རྨི་ལམ་དཀྲོགས་པ་མ་ཟད། ཁོ་བཟུང་། ཁོ་བསད། ཁོའི་ནད་དུག་ཡོད་པའི་ཤ་བཟས་པས་ད་གཟོད་ར་སྤུའི་འུར་རྡོ་ར་ལ་འཁོར་བ་ནང་བཞིན་གྱི་དཔེ་ལྟར་ང་ཚོ་མིའི་རིགས་ལ་ད་ཐེངས་ཀྱི་ནད་དུག་ཚབས་ལྗིད་པོ་འདི་འདྲ་བྱུང་བ་རེད། ངའི་རེ་བར་ད་ཐེངས་ཀྱི་ནད་ཡམས་འདི་བརྒྱུད། ང་ཚོ་འགྲོ་བ་མིའི་རིགས་ཀྱིས་ཕ་ཝང་ལ་སོགས་པའི་ནད་དུག་ཡོད་པའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་ཁོང་ཚོ་རྒྱང་རིང་པོར་ཁ་ཁུ་སིམ་མེར་བཞག་རོགས་གནང་ཟེར་རྒྱུ་ཡིན།
        ་པ། ལགས་སོ། ཞུས་ཙང་། ད་ག་རང་། ད་ལྟ་རི་སྐྱེས་སྲོག་ཆགས་སམ་བདག་མེད་སྲོག་ཆགས། ཕ་ཝང་དང་། ཨོག་དཀར། ན་གི སྤྲེལ། ཙི་ཙི། སྦྲུལ། རུས་སྦལ་ལ་སོགས་པའི་ཤ་གང་བྱུང་ཟས་ན་ནད་དུག་ཕོག་པའི་ཉེན་ཁ་ཡོད་པ་ནི་ཚན་རིག་གིས་ར་སྤྲོད་བྱས་ཡོད།  ད་ཐེངས་ཀྱི་ནད་དུག་འདི་ལས་ང་ཚོར་སྣ་སུན་ཕོག་འོས།  དེ་ནི་བདག་མེད་སྲོག་ཆགས་ཀྱིས་ང་ཚོར་སྤྲད་པའི་གོ་བརྡ་ཞིག་རེད་ལ།  བཟང་པོར་བཟང་ལན་དང་ངན་པར་ངན་ལན་ཞེས་པའི་འཇིག་རྟེན་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་བསྟན་པ་རེད་བསམ་གྱིས།  ད་ནས་བཟུང་ང་ཚོ་ཐུན་མོང་ཐོག་མ་ཡུམ་རང་བྱུང་ཁམས་དང་། བདག་མེད་སྲོག་ཆགས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་རེད།
        ཁ་པ་དང་ག་པ། རེད་རེད། ང་ཚོ་ཐུན་མོང་ཐོག་རང་བྱུང་ཁམས་དང་བདག་མེད་སྲོག་ཆགས་ལ་སྲུང་སྐྱོབ་ཡག་པོ་གནང་རོགས།   ༼ཡར་ལངས་ནས་འགྲོ་གྲབས་བྱེད་པའི་ཚུལ། ༽      
        ཀ་པ། ཨོའོ་རྒན་ལགས་རྣམ་པ་གཉིས། ཁྱེད་རང་གཉིས་ཨ་ལས་ཏོག་ཙམ་བཞུགས་དང་། ད་ལྟ་བཅར་འདྲི་ཚར་མ་སོང་།
        ཁ་པ་དང་ག་པ། ཨ་ལས་འོང་འོང་། ཁྱེད་རང་གིས་སྐད་ཆ་ག་རེ་འདྲི་རྩིས་ཡོད་པ་ང་གཉིས་ཀྱིས་ཧ་གོ་སོང་། མཇུག་ཏུ་ང་གཉིས་ཀྱིས་རྒྱ་ཆེའི་མང་ཚོགས་རྣམས་ལ་དྲན་སྐུལ་ཞུ་རྒྱུར་མིག་སྔར་ད་དུང་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་རྩའི་དུས་མཚམས་ཡིན་པས། མུ་མཐུད་ནས་ནད་ཡམས་སྔོན་འགོག་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྐུ་གཟུགས་ལ་ཐུགས་བཅག་གནང་རོགས་ཞུ་རྒྱུ་ཡིན་ལ། རིམས་ནད་དམག་འཁྲུག་གི་གཡུལ་ས་མདུན་མར་ཡོད་པའི་གོས་དཀར་ལྷ་རྗེ་དང་། མི་དམངས་ཉེན་རྟོག་པ། དེ་བཞིན་གསར་འགོད་པ་སོགས་ཚང་མར་སྐུ་ལས་ཁག་སོང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་གོང་རིམ་གྱི་ཡང་དག་དབུ་ཁྲིད་དང་གཅིག་བསྒྱུར་བཀོད་སྒྲིག་འོག་རྒྱལ་ཡོངས་མི་དམངས་ཚང་མ་ནད་ཡམས་འདི་ལས་སྔ་ཙམ་གྲོལ་ཐུབ་པའི་སྨོན་འདུན་ཞུ་ཡི་ཡིན། ཤུགས་རྒྱོབ། ། ། །
རྩོམ་སྒྲིག་པ། སངས་སྐྱབས།