དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སི་ཁྲོན་དཀར་མཛེས་རྫོང་དུ་མང་ཚོགས་ཚོ་ཁྱིམ་དུ་བསྡད་ནས་བོད་ལུགས་ལོ་གསར་རྣམ་པ་གསར་པ་ཞིག་ལ་རོལ་བ།

སྤེལ་དུས 2020-02-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  བོད་ལུགས་ལོ་གསར་སླེབས་སྐབས། སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་མང་ཚོགས་ཚོས་ལོ་གསར་གྱི་ཉིན་དང་པོར་བསང་གཏོང་བ་དང་། རྩམ་པ་གཏོར་བ། ཆུ་མགོ་འཕྲོག་རྩོད་བྱེད་པ། འདུ་འཛོམས་བྱེད་པ་བཅས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། འོན་ཀྱང་ད་ལོ་སྔོན་ཆད་དང་མི་འདྲ་བར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས། དཀར་མཛེས་རྫོང་གི་མང་ཚོགས་ཚོས་ཁྱིམ་དུ་ཁ་པར་རམ་སྐད་འཕྲིན་བརྒྱུད་དེ་ཕན་ཚུན་ལ་ལོ་གསར་གྱི་རྟེན་འབྲེལ་ཞུ་བ་དང་། སྤྲོ་སྐྱིད་ལྡན་པའི་ངང་བདེ་ཐང་དང་བདེ་འཇགས་ཀྱི་ལོ་གསར་དུས་ཆེན་ཞིག་ལ་རོལ་བ་རེད།  
        ཟླ་2ཚེས་24ཉིན་ཏེ། བོད་ལུགས་ལོ་གསར་གྱི་ཉིན་དང་པོར། དཔྱིད་མགོའི་ཕྱི་དྲོའི་ཉི་འོད་ས་གཞི་ཆེན་མོར་འཕྲོས་ཚེ། དཀར་མཛེས་རྫོང་སྲིབ་ངོ་ཤང་ཧོར་ཁོག་མདོ་གྲོང་ཚོའི་དབུལ་ཕོངས་ཁྱིམ་ཚང་ནོར་བུ་མཁའ་འགྲོ་ཡི་ཁྱིམ་དུ་སོང་བ་ན། སྒོ་རའི་ནང་དུ་ལོ་གསར་གྱི་མཁོ་ཆས་གྲལ་འགྲིག་པོས་ཁང་པའི་ཟུར་དུ་སྤུངས་ཡོད། ཁང་པའི་ནང་དྲོ་སོབ་སོབ་ཀྱི་རྩམ་པ་ལས་མར་གྱི་དྲི་ཞིམ་ཞིག་འཐུལ་བཞིན་ཡོད་ལ། ཁ་བཏགས་གཡོགས་པའི་ཟངས་དེམ་ནང་དྭངས་གཙང་ཞིམ་མངར་ལྡན་པའི་ནས་ཆང་བླུགས་ཡོད་པ་དང་། ལེགས་བཟོ་བྱས་མ་ཐག་པའི་ཁང་པ་གསར་པའི་ནང་དེང་རབས་ཅན་གྱི་ཁྱིམ་སྤྱོད་གློག་ཆས་ཚང་མ་འཛོམས་ཡོད། “སྔོན་ཆད་ང་ཚོའི་ཁྱིམ་གྱི་སྡོད་སའི་ཁང་པ་ཧ་ཅང་རྙིང་པ་ཡིན་ཞིང་། ཁྱིམ་ལ་གོང་དུ་རྒན་གཞོན་དང་འོག་ཏུ་བྱིས་པ་ཡོད་པས་དཔལ་འབྱོར་གྱི་ཁུར་པོ་ལྕི་ལ་འཚོ་བར་ཡང་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ཉེ་བའི་ལོ་གཉིས་ཀྱི་རིང་ལ་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་རོགས་སྐྱོར་འོག ངའི་ཁྱིམ་གྱི་ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད་པོར་བཟོ་ཐུབ་པ་བྱུང་བ་དང་། ཚོན་ཁྲ་ཅན་གྱི་བརྙན་འཕྲིན་དང་། འཁྱགས་སྒམ། གོས་འཁྲུད་འཕྲུལ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་གང་དགོས་ཚང་མ་ཡོད། ཕྲུ་གུར་སློབ་གྲྭར་འགྲོ་བར་དངུལ་མི་དགོས་ལ། རྒན་རྒོན་སྨན་ཁང་དུ་ནད་བསྟེན་པར་འགྲོ་བར་ཡང་སྟབས་བདེ་རུ་ཕྱིན་ཡོད།”ཅེས་ནོར་བུ་མཁའ་འགྲོ་ཡིས་དེ་ལྟར་བཤད།
        ནོར་བུ་མཁའ་འགྲོ་ཡིས་རྩོམ་པ་པོ་དང་གླེང་མོལ་བྱེད་ཞོར་དུ་ལག་ཐོགས་ཁ་པར་བླངས་ནས་སྐད་འཕྲིན་ནང་ལོ་གསར་གྱི་རྟེན་འབྲེལ་ཞུས་ཏེ། གཉེན་ཉེར་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་ཚིག་སྤྲིངས།  ནོར་བུ་མཁའ་འགྲོ་ཡིས་བརྗོད་དོན། “སྔོན་ཆད་ལོ་གསར་ཚེས་གཅིག་ཉིན་ཚང་མ་སྒོ་རའི་ནང་འཛོམས་ནས་མཉམ་དུ་ཟ་མ་ཟ་བ་དང་མཉམ་དུ་ཕན་ཚུན་ལོ་གསར་ལ་རྟེན་འབྲེལ་ཞུས་ནས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། ད་ལོ་ང་ཚོ་ཁྱིམ་མི་རྣམས་དང་མཉམ་དུ་ནང་ནས་ལྷིང་འཇགས་ངང་ལོ་གསར་གཏོང་བཞིན་ཡོད། འདི་ལ་སྐྱོན་མི་འདུག  ང་ཚོས་བདེ་ཐང་ནི་ཡོད་ཚད་ལས་ཀྱང་གལ་ཆེ་བ་ཤེས། རིམས་ནད་མེད་པར་གྱུར་རྗེས། ང་ཚོ་ཡང་བསྐྱར་འཛོམས་ཆོག”ཅེས་ཟེར།
དཀར་མཛེས་རྫོང་སྟག་སྡེ་ཤང་ཐོག་པ་གྲོང་ཚོའི་འབྲུག་ལོ་ཚང་གིས་ལོ་གསར་རོལ་བ།
        མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་སུ་སླེབས་པས། དཀར་མཛེས་རྫོང་གིས་མི་སྣ་འགྲོ་འོང་སོགས་ཐད་ཀྱི་ཐོ་འགོད་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཁ་པར་ཐོག་ནས་ལོ་གསར་ལ་རྟེན་འབྲེལ་ཞུ་བ་དང་། ཕྱི་ལ་མི་འགྲོ་བ། འདུ་འཛོམས་མི་བྱེད་པ་བཅས་སྐུལ་སློང་བྱེད་པ་རེད། དེ་དང་ཆབས་ཅིག་དཀར་མཛེས་རྫོང་གིས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་ཐད་ལ་ཡང་ཤུགས་སྣོན་བརྒྱབ་ཡོད། “ད་ལོའི་བོད་ལུགས་ལོ་གསར་གྱི་མཁོ་ཆས་ཚང་མ་ང་ཚོས་སྒོ་འགྲམ་ནས་འདང་ངེས་ཉོ་ཐུབ་པ་བྱུང་བ་དང་། རྫོང་མཁར་དུ་ཉོ་རུ་འགྲོ་མི་དགོས་པས། འདུ་འཛོམས་མི་བྱེད་པ་དང་ཕྱི་ལ་མི་འགྲོ་བ་དེ་བསྒྲུབས་ཐུབ་སོང་།”ཅེས་དཀར་མཛེས་རྫོང་སྟག་སྡེ་ཤང་ཐོག་པ་གྲོང་ཚོའི་གྲོང་མི་འབྲུག་ལོ་ཡིས་དེ་ལྟར་བཤད། སྟག་སྡེ་ཤང་དུ་འབྲོག་པ་ཁག་གཅིག་གི་ལོ་གསར་གྱི་མཁོ་ཆས་ཉོ་བར་སྟབས་མི་བདེ་བའི་གནད་དོན་ཐག་གཅོད་བྱ་ཆེད། ས་གནས་དེ་གའི་སྲིད་གཞུང་གིས་ཤང་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཁྱིམ་ཚང་རེ་རེའི་ལོ་གསར་མཁོ་ཆས་ཀྱི་དགོས་མཁོའི་གྲངས་འབོར་དང་སྣ་ཁ་བསྡོམས་རྩིས་བརྒྱབ་ནས་ཟོག་འདྲེན་བཀོད་སྒྲིག་བྱས་ཏེ། ལོ་གསར་གྱི་མཁོ་ཆས་ཤང་སྲིད་གཞུང་གནས་ཡུལ་དུ་དབོར་རྗེས།  གྲོང་ཚོའི་ལས་བྱེད་པས་ཁྱིམ་ཚང་སོ་སོར་བགོས་མཐར་སོ་སོའི་སྒོ་འགྲམ་དུ་བསྐྱལ་བས། མང་ཚོགས་རྣམས་ཁྱིམ་ནས་ཕྱི་ལ་འགྲོ་མ་དགོས་པར་ལོ་གསར་གྱི་མཁོ་ཆས་ཉོ་ཐུབ་པ་བྱུང་བ་རེད།
        སྔ་ཙམ་ནས་རིམས་ནད་ལས་རྣམ་པར་རྒྱལ་ཆེད། ལས་བྱེད་པ་དང་མང་ཚོགས་མང་པོ་ཞིག་གིས་ལོ་གསར་གྱི་སྐབས་སུ་ཡང་། ད་དུང་འཁང་ར་དང་ལེ་བདའ་ཅུང་ཟད་ཀྱང་མེད་པར་རིམས་ནད་སྔོན་འགོག་གི་གཡུལ་ས་བརྟན་སྲུང་བྱས་ཡོད།“ད་ལོའི་བོད་ལུགས་ལོ་གསར་སྐབས་སུ་ང་ཚོས་རིམས་ནད་སྔོན་འགོག་གི་གཡུལ་ས་བརྟན་སྲུང་བྱེད་བཞིན་ཡོད། ས་གང་དུ་ལོ་གསར་བཏང་རུང་ཆོག ཁྱིམ་མི་རྣམས་བདེ་འཇགས་དང་བདེ་ཐང་བྱུང་ན་ཡག་པོ་རེད།”ཅེས་དཀར་མཛེས་རྫོང་སྲིབ་ངོ་ཤང་གྲོང་ཚོ་གཉིས་པའི་ཞིབ་དཔྱད་ཚད་ལེན་ས་ཚིགས་སུ་ལས་རེས་བྱེད་བཞིན་པའི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་རྒྱ་མཚོས་བབ་ཆགས་པའི་ངང་དེ་ལྟར་བཤད།