བོད་ལྗོངས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།
“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”2017ལོའི་ཟླ་གསུམ་པ་ནས་བཟུང་། བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་བླ་སྲོག་གཏོད་པའི་འདུ་འགོད་དང་། དམངས་སེམས་འདུ་འགོད། རྨང་གཞིའི་འདུ་འགོད་བཅས་ལ་བརྩིས་ནས། བྱེད་ཐབས་གསར་གཏོད་བྱེད་པ་དང་། གཞི་རྟེན་རྒྱ་ཆེར་གཏོང་བ། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།
ལོ་གསུམ་རིང་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲོག་འགྲེལ་ཚོགས་པས(རུ་ཁག)སྒྲོག་འགྲེལ་ཐེངས་ཁྲི་72བྱས་པར་མི་ཐེངས་ཁྲི་5000ལྷག་ཙམ་ལ་སློབ་གསོ་ཐོབ་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྲོག་ཤིང་གི་འདུ་ཤེས་སྔར་བས་བརྟན་དུ་དང་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་བྱུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་མི་སེམས་སུ་ཟུག་པ་དང་། ཁ་ཕྲལ་ལ་ངོ་རྒོལ་གྱི་རང་རྟོགས་སྔར་བས་ཆེ་རུ་ཕྱིན་པ་དང་མི་རིགས་མཐུན་སྒྲིལ་སྔར་བས་ཟབ་ཏུ་ཕྱིན་ནས་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་གྱུར་པ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་རང་འགུལ་བསམ་པ་དང་ཧུར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། མང་ཚོགས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཤེས་དཔལ་གྱི་ཆུ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་ངར་ཤུགས་སྔར་བས་འཕེལ་ཡོད།
“ནམ་ཡང་ཏང་གི་བཀའ་དྲིན་གླེང་བ”
2019ལོའི་ཟླ་3ཚེས་12ཉིན། རྒྱལ་མཚན་གྱིས་གྲོང་ཚོར་བོད་གསར་རྙིང་སྡུར་བའི་སྒྲོག་འགྲེལ་བྱེད་པ།
“ལོ་རྒྱུས་བློ་ལ་བརྟན་པོར་བཅངས་ནས་ཆུ་འཐུང་དུས་ཆུ་འགོ་དྲན་དགོས” “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གཏམ་བཤད་འགྲན་བསྡུར་དང་། ཏང་ཞུགས་ཀྱི་དམ་བཅའ་བསྐྱར་དྲན། བོད་གསར་རྙིང་སྡུར་བའི་སྒྲུང་གཏམ་འདུ་ཚོགས། རྒྱལ་གཅེས་གླུ་དབྱངས་མཉམ་དུ་ལེན་སོགས་གསོན་ཉམས་དོད་པའི་བྱེད་སྟངས་བརྒྱུད། ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་རྗེས་སུ་འབྲང་བའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་པ་རེད།
ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཟླ་ཐང་ཤང་སིང་ཐང་གྲོང་ཚོར་རྒྱལ་མཚན་ཟེར་བའི་རྒད་པོ་ཞིག་ཡོད་པ་དང་། ད་ལོ་ཁོང་ལོ་93ལ་སོན་གྱི་ཡོད། བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། རྒད་པོའི་ཁྱིམ་གྱི་ནང་མི་བརྒྱད་སྦྲ་གུར་ཞིག་ཏུ་ཉིན་ལྟར་ལྟོས་གྲོད་པ་མི་རྒྱགས་པ་དང་གྱོན་གོས་ངོ་དྲག་པ་གཅིག་ཀྱང་གྱོན་རྒྱུ་མེད། 1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁོང་ལ་ས་ཞིང་དང་ནོར་ལུག་བགོ་བཤའ་རག་སྟེ་རང་ཁྱིམ་རང་བདག་བྱུང་ཡོད།
སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། རྒད་པོའི་ཁྱིམ་གྱི་འཚོ་བ་དེ་བས་ལེགས་སུ་ཕྱིན་པས་ཁོང་གིས་རང་ཁྱིམ་གྱི་ཐོག་ཁར་རྒྱལ་དར་བཙུགས་ནས་ཏང་གི་བཀའ་དྲིན་ཚོར་བར་བྱེད་ཀྱི་ཡོད། འབྲི་རུ་རྫོང་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་ཡོད་པས་བགྲེས་སོང་གི་ཐོག་ཁར་བཙུགས་པའི་རྒྱལ་དར་སྐབས་རེ་མིས་རྐུ་ཡི་ཡོད། གཞན་གྱིས་གཞོགས་གཅིག་གི་རྒྱལ་དར་བརྐུས་ན་ཁོང་གིས་གཞོགས་གཉིས་སུ་རྒྱལ་དར་བཙུགས་ནས་ཐོག་ཁར་རྒྱལ་དར་ལྷབ་ལྷབ་ཏུ་གཡོ་བར་བྱེད། དེ་ལྟར་རྒད་པོས་ཐོག་ཁར་རྒྱལ་དར་དྲུག་བཙུགས་པས་རྒད་པོ་རྒྱལ་མཚན་ལའང“རྒྱལ་དར་རྒད་པོ”ཞེས་པའི་མིང་ཐོབ།
བདེ་སྐྱིད་འཚོ་བ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་རེད།
སད་སྒོ་རྭ་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་དྲན་རྟེན་པར།
“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྣེ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་གྱི་སློབ་གསོ། བོད་གསར་རྙིང་སྡུར་བའི་སློབ་གསོ། དཀའ་སྤྱད་ཕྱུག་འགྱུར་གྱི་སློབ་གསོ། ཚན་རིག་ཤེས་དཔལ་གྱི་སློབ་གསོ་བཅས་གཞི་གཅིག་ཏུ་བཏུས་ནས་ཐབས་མང་མཉམ་སྤྱོད་བྱས་པས་མང་ཚོགས་ཁྲོད་ཕྱོགས་བསྡུས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོའི་བསོད་ནམས་ཚེ་རིང་གི་ནང་མིར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། བསོད་ནམས་ཚེ་རིང་གི་གོམས་གཤིས་ངན་པར་རྦད་དེ་འགྱུར་ལྡོག་བྱུང་ཡོད། བསོད་ནམས་ཚེ་རིང་གིས་དང་ཐོག་ངའི་ཕས་བསམ་བློ་མི་མཐོངས་བར་ནང་དུ་ཁོང་ཁྲོ་ཟ་ནས་སྡོད་ཀྱི་ཡོད། “དེ་རྗེས་ཁོང་ལ་ད་ཆ་ང་ཚོའི་དཔལ་འབྱོར་དང་། སྨན་བཅོས། སློབ་གསོ་བཅས་ཀྱི་སྲིད་ཇུས་བཟང་པོ་འདི་དག་ཚང་མ་ཏང་གིས་གནང་བ་ཞིག་ཡིན་པ་ལས། ལྷ་བླ་མར་སྐྱབས་བཅོལ་དང་དར་ལྕོག་བཙུགས་ནས་བྱུང་བ་ཞིག་མིན། ཁྱེད་རང་གི་གྲུམ་བུའི་ནད་ལ་ཆ་བཞག་ན། མི་ཚེ་ཕྱེད་ཀ་ཙམ་དགོན་པར་སྐོར་བ་བརྒྱབ་ཀྱང་ཕན་ཐོགས་མ་བྱུང་བར། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་སྨན་བཅོས་བྱས་པས་མགྱོགས་པོ་དྲག་སྐྱེད་བྱུང་བ་མ་ཟད། ད་དུང་སྨན་རིན་ཚང་མ་རྩིས་ཞུ་བྱས་པ་མ་ཡིན་ནམ”ཞེས་རང་ཉིད་ལ་བྱུང་བའི་གནས་ཚུལ་དག་བརྗོད་སྐབས་ཁོང་གཞི་ནས་བསམ་བློ་མཐོངས་ཡོད།
“བདེ་སྐྱིད་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་དངོས་འབྲེལ་རེད་འདུག ཚང་མས་ཡར་ཐོན་དང་འབད་འཐབ་བྱས་ཚེ། བདེ་སྐྱིད་འཚོ་བ་ཡོང་ངེས་ཡིན”ཞེས་བསོད་ནམས་ཚེ་རིང་གིས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།
ཕུགས་བསམ་མངོན་འགྱུར་ད་ཆ་ནས་འགོ་འཛུགས་པ།
བདེ་སྐྱིད་གྲོང་གསར་གྱི་རྣམ་པ།
“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོས་དུས་རབས་གསར་པའི་རང་ལྗོངས་ཀྱི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དམ་པོར་དམིགས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་སོགས་ཀྱི་འབད་འཐབ་གལ་ཆེན་གྱི་དམིགས་ཚད་ལ་དམ་པོར་གཞིགས་ནས། མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་གཙོ་བོར་བྱས་ཏེ་སྙིང་རུས་གཏན་འཁྱོངས་དང་ཤུགས་སྣོན་ཆད་མེད་ཀྱིས་རྒྱ་ཆེའི་གཞི་རིམ་གྱི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཕན་པ་ཆེ་ཤོས་འཐོབ་མཁན་དུ་གྱུར་ཡོད།
ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ལུང་ཤང་བདེ་སྐྱིད་གྲོང་གསར་གྲོང་ཚོའི་མི་སེར་ནི་དེ་སྔ་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབུམ་སྐྱེས་གྲོང་ཚོའི་གྲོང་མི་རེད། 2001ལོར་འབྲི་ཆུའི་སྟོད་ཀྱི་རང་བྱུང་ནགས་སྲུང་ལས་གྲྭའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཁག་དང་པོའི་ངོས་ནས་སྨན་གླིང་རྫོང་གནས་ལུང་ཤང་དུ་བཀོད་སྒྲིག་བྱས་ཡོད། གནས་སྤོས་བྱས་ནས་ལོ་བཅུ་ལྷག་ཙམ་རིང་། ཁོང་ཚོས་ཉེ་འཁོར་གྱི་གྲོང་ཚོ་དང་འབྲེལ་བ་ཟབ་མོ་བཙུགས་ནས་དེ་སྔ་བསགས་པའི་དངུལ་གྱིས་རླངས་འཁོར་ཉོས་ཏེ་སྐྱེལ་འདྲེན་རུ་ཁག་དང་བྱེ་རྡོ་ར་བ་བཙུགས་པ་དང་བཞོན་མ་གསོ་ཚགས་རྣམ་གྲངས་ནང་འདྲེན་སོགས་བྱས་ཡོད། ད་ཆ་བདེ་སྐྱིད་གྲོང་གསར་ལ་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་2001ལོར་སྒོར་700ཡང་ཟིན་གྱི་མེད་པ་ནས་2019ལོའི་སྒོར་12200བར་མང་དུ་ཕྱིན་ཡོད།
ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་། གྲོང་ཚོའི་བཀོད་པ་གཙང་ལ་གྲལ་བསྒྲིགས་པ། ཐོན་ལས་འཕེལ་རྒྱས་གོ་རིམ་ལྡན་པ་ཞིག་ཡོད། “ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ང་ཚོས་མི་རབས་ནས་མི་རབས་བར་རེ་སྒུག་ཆེན་པོ་བྱེད་པའི་ཕུགས་འདུན་གྲུབ་སོང་བས། ཕུགས་འདུན་གསར་པ་མངོན་འགྱུར་བྱེད་པའི་ང་ཚོའི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང”ཞེས་བདེ་སྐྱིད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འགྲོ་མགོན་གྱིས་བཤད་པ་དང་། ཁོང་གིས་མུ་མཐུད་དཀའ་སྤྱད་འབད་འཐབ་བྱེད་དགོས། བདེ་སྐྱིད་གྲོང་གསར་གྱི་གྲོང་མི་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ཕྲན་བུ་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།