འགྲུལ་པ་འབབ་ཚུགས་སུ་འཛུལ་སྐབས་བདེ་འཇགས་ཞིབ་བཤེར་བྱེད་པ།
ཟླ་3ཚེས་17ཉིན། གསར་འགོད་པས་ལྷ་ས་མེ་འཁོར་འབབ་ཚུགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ལྷ་ས་ནས་ཀོང་ཀྲོའུ་དང་། པེ་ཅིང་། ཟི་ལིང་སོགས་ཕྱོགས་ཀྱི་མེ་འཁོར་གཏོང་ཐེངས་འགྱུར་བ་བཏང་ཡོད་པས། འགྲོ་འོང་བྱེད་མཁན་འགྲུལ་པ་ཚོས་དོ་སྣང་བྱས་ནས་རང་གི་འགྲུལ་སྐྱོད་དུས་ཚོད་བཀོད་སྒྲིག་འོས་འཚམས་བྱ་རོགས། འགྱུར་བ་བཏང་བའི་ཞིབ་ཕྲའི་གནས་ཚུལ་ནི་འདི་ལྟ་སྟེ། ཟླ་4ཚེས་1ཉིན་ནས་ཟླ་5ཚེས་29ཉིན་བར། ལྷ་ས་ནས་གཏོང་བའི་མེ་འཁོར་གཏོང་ཐེངས་Z266/3དེ་ཉིན་རེའི་མཚམས་སུ་གཏོང་མཚམས་འཇོག་པ་དང་། ཟླ་4ཚེས་4ཉིན་ནས་ཟླ་6ཚེས་1ཉིན་བར། ཀོང་ཀྲོའུ་ནས་གཏོང་བའི་མེ་འཁོར་ཐེངས་Z264/5དེའང་ཉིན་རེའི་མཚམས་སུ་གཏོང་མཚམས་འཇོག་པ་རེད། ཟླ་3ཚེས་28ཉིན། ལྷ་ས་ནས་གཏོང་བའི་ལྷ་ས་ནས་པེ་ཅིང་ནུབ་འབབ་ཚུགས་བར་གྱི་མེ་འཁོར་གཏོང་ཐེངས་Z22དེ་གཏོང་མཚམས་འཇོག་པ་དང་། ཟླ་3ཚེས་30ཉིན་པེ་ཅིང་ནུབ་འབབ་ཚུགས་ནས་གཏོང་འགོ་ཚུགས་པའི་པེ་ཅིང་ནུབ་འབབ་ཚུགས་ནས་ལྷ་ས་བར་གྱི་མེ་འཁོར་གཏོང་ཐེངས་Z21དེ་གཏོང་མཚམས་འཇོག་རྒྱུ་རེད།
འགྲུལ་པ་མེ་འཁོར་སྒུག་ཁང་དུ་འགྲོ་སྐབས་ལུས་དྲོད་འཇལ་བ།
གཞན་ཡང་མེ་འཁོར་བབས་ཚུགས་སུ་ཨར་ལས་འཛུགས་སྐྲུན་བྱེད་བཞིན་ཡོད་སྟབས། ཟླ་3ཚེས་25ཉིན་ལྷ་ས་ནས་གཏོང་འགོ་ཚུགས་པའི་ལྷ་ས་ནས་པེ་ཅིང་ནུབ་འབབ་ཚུགས་བར་ཀྱི་མེ་འཁོར་གཏོང་ཐེངས་Z22དེ་ཐའེ་ཡོན་ཤར་དང་དེ་ལས་ཐག་རིང་བའི་འབབ་ཚུགས་སུ་སྔོན་དཔག་ལྟར་ན་ཆུ་ཚོད་1དང་སྐར་མ་20འགོར་འགྱངས་བྱ་ངེས་ཡིན་ལ། ཟླ་3ཚེས་29ཉིན་ལྷ་ས་ནས་གཏོང་འགོ་ཚུགས་པའི་ལྷ་ས་ནས་པེ་ཅིང་ནུབ་འབབ་ཚུགས་བར་གྱི་མེ་འཁོར་གཏོང་ཐེངས་Z22དེ་ཐའེ་ཡོན་ཤར་དང་དེ་ལས་ཐག་རིང་བའི་འབབ་ཚུགས་སུ་སྔོན་དཔག་ལྟར་ན་སྐར་མ་40འགོར་འགྱངས་བྱ་ངེས་རེད།
འགྲུལ་པ་འབབ་ཚུགས་ནས་མ་ཐོན་གོང་ལུས་དྲོད་འཇལ་བ།
འགྲུལ་སྐྱོད་ཀྱི་དགོས་མཁོའི་གནས་ཚུལ་ལ་གཞིགས་ན། 2020ལོའི་ཟླ་3ཚེས་28ཉིན་ལྷ་ས་ནས་ཟི་ལིང་བར་ལ་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་Z9816ཁ་སྣོན་བྱེད་པ་དང་། ཟླ་3ཚེས་29ཉིན་ཟི་ལིང་ནས་ལྷ་ས་བར་དུ་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་Z9815ཁ་སྣོན་བྱ་ངེས་ཡིན་པས། རྒྱ་ཆེའི་འགྲུལ་པ་ཚང་མས་ཐུགས་འཇོག་གནང་རོགས། གནས་སྐབས་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་Z9816ནི་ཆུ་ཚོད་12དང་སྐར་མ་55སྟེང་ལྷ་ས་ནས་གཏོང་འགོ་རྩོམ་པ་དང་། ཕྱི་ཉིན་གྱི་ཆུ་ཚོད་10དང་སྐར་མ་35སྟེང་ཟི་ལིང་དུ་འབྱོར་ངེས་རེད། གནས་སྐབས་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་Z9815ནི་ཆུ་ཚོད་19དང་སྐར་མ་31སྟེང་ཟི་ལིང་ནས་གཏོང་འགོ་རྩོམ་པ་དང་། ཕྱི་ཉིན་གྱི་ཆུ་ཚོད་16དང་སྐར་མ་45སྟེང་ལྷ་སར་འབྱོར་ངེས་རེད།
ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་ལྷག་པར་དུ་དྲན་སྐུལ་བྱེད་དོན། ས་གནས་སོ་སོའི་སློབ་གྲྭ་ཁག་སློབ་འགོ་ཚུགས་པའི་དུས་ཚོད་ནར་འགྱངས་བྱས་པའི་དོན་དངོས་ལ་གཞིགས་ཏེ། སློབ་མ་རྣམས་དགུན་གནང་མཇུག་རྫོགས་རྗེས་བདེ་བླག་ངང་ཕྱིར་ལོག་བྱ་རྒྱུར་སྟབས་བདེ་བསྐྲུན་ཆེད། མེ་འཁོར་སྡེ་ཁག་གིས་2020ལོའི་དགུན་གནང་གི་སློབ་མའི་སྤ་སེ་འཁྱེར་ནས་མེ་འཁོར་དུ་སྡོད་པའི་དུས་ཚོད་ནི་དེ་སྔའི་གཏན་འབེབས་ཀྱི་ཟླ་3ཚེས་31ཉིན་ནས་ཟླ་5ཚེས་31ཉིན་བར་ནར་འགྱངས་བྱ་རྒྱུ་རེད། ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་གཏན་འབེབས་དེ་ལག་ལེན་དུ་བསྟར་ངེས་ཡིན་པས། རྒྱ་ཆེའི་འགྲུལ་བསྐྱོད་པ་ཚང་མས་ཐུགས་འཇོག་གནང་བར་འཚལ།