—— ཡར་ལངས་ཞིང་བྲན་གསུམ་གྱི་སྙིང་གཏམ།
རྩོམ་སྒྲིག་པའི་སྦྲགས་མཆན།
ལོ་61གི་གོང་དུ་གངས་ལྗོངས་ས་མཐོར་དམངས་གཙོའི་བཅོས་སྒྱུར་གྱི་འོད་ཟེར་འཕྲོ་བ་དང་ལོ་61རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་མི་ཡུལ་གྱི་ངོ་མཚར་བཏོད་དེ་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་བརྗིད་ཉམས་ལྡན་པའི་རྒྱལ་ཁའི་གླུ་དབྱངས་དཀྲོལ་ཡོད། ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ཚེ་གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱེད་ཐུབ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་བསུ་བའི་སྐབས་འདིར་དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“ལོ་རྒྱུས་བློ་ལ་བརྟན་པོར་ངེས། དུས་རབས་གསར་པར་འབད་འབུངས་བྱེད”ཅེས་པའི་ཆེད་བསྒྲིགས་ལེ་ཚན་བཏོད་དེ་ལོ་རྒྱུས་ཀྱི་དཔང་པོ་བ་དང་དངོས་སུ་བརྒྱུད་མྱོང་མཁན་ཁག་གཅིག་ལ་བཅར་འདྲི་ཞུས་ནས་ཁོང་ཚོར་ལོ་61རིང་གི་ས་མཐོའི་ས་གཞི་ཆེ་མོར་བྱུང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཧ་ཅང་ཆེན་པོ་དང་རླབས་ཆེའི་གྲུབ་འབྲས་རེ་རེ་བཞིན་ཐོབ་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་གླེང་དུ་བཅུག་སྟེ་མི་རིགས་ཁག་གི་བུ་ཕྲུག་གིས་དུས་རབས་གསར་པར་སླར་ཡང་འོད་སྟོང་གསར་པ་འཕྲོ་བ་དང་སླར་ཡང་ངོ་མཚར་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།
1.སྤེན་བུ། སློབ་གྲྭ་ཆེ་མོ་བ་ལྔ་པ་དེ་ཐོན་གྲབས་ཡོད་པ།
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་ཀྲུང་གོ་གུང་ཁྲན་ཏང་གིས་བོད་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་བོད་དུ་དབུལ་ཕོངས་རྗེས་ལུས་ནས་འབྱོར་ཕྱུག་ཤེས་དཔལ་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ་རྣམ་པ་གསར་རྐྱང་གི་སྒོ་ནས་འཛམ་གླིང་སྐྱེ་བོའི་འདྲེན་བྱེད་ལམ་དུ་མངོན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་ཕྱར་བ་གྲུ་འདེགས་ཀྱིས་ཐུན་མོང་ཐོག་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གསར་གཏོད་བྱས་ཡོད།
ལོ་74ལ་སླེབས་པའི་སྤེན་བུ་ནི་དེ་སྔ་བོད་ཀྱི་ཞིང་བྲན་ཞིག་ཡིན་པ་དང་ལོ་8ལ་སླེབས་སྐབས་ཕ་མ་དང་མཉམ་དུ་མཁར་མགོ་གཞིས་ཀར(དགའ་བཞི་གཞིས་ཀའི་མངའ་ཁོངས་ཀྱི་གཞིས་ཀ་ཆུང་ཆུང་ཞིག)ཁྲལ་རྒྱུག་འགོ་ཚུགས།
དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སྤེན་བུའི་ཁྱིམ་ལ་ས་ཞིང་དང་ནོར་ལུག་སོགས་བགོ་འགྲེམས་བྱུང་ནས་རང་ལུས་རང་དབང་ཐོབ། རྗེས་སུ་སྤེན་བུ་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་དུ་མནའ་མར་སླེབས་ཏེ་ཁོང་དང་བཟའ་ཟླས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དཀའ་སྤྱད་ཕྱུག་འགྱུར་བྱས་ཏེ་སྔ་རྗེས་སུ་སློབ་གྲྭ་ཆེ་མོ་བ་4གསོ་སྐྱོང་བྱས་པ་དང་ད་ཆ་ནང་མི་ཚང་མའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད།
ཏང་གི་སྲིད་ཇུས་བཟང་པོ་དང་འབད་འཐབ་ལྷོད་མེད་བྱས་པ་ལས་སྤེན་བུའི་ཁྱིམ་ནས་སློབ་གྲྭ་ཆེ་མོ་བ་ལྔ་པ་དེ་ཐོན་གྲབས་ཡོད་ཅིང་། རང་ཁྱིམ་གྱི་ཕྲུ་གུ་རེ་རེ་བཞིན་འཇོན་ཐང་ཆེན་པོ་ཡོད་ལ་འཚོ་བའང་ཇེ་ཡག་ཏུ་འགྲོ་བ་མཐོང་སྐབས་སྤེན་བུས་གད་མོ་དགོད་བཞིན་དུ་གསར་འགོད་པར་ད་ཆའི་འཚོ་བ་ནི་སྤྱི་ཚོགས་རྙིང་པ་དང་བསྡུར་ཚེ་གནམ་ས་འཛོལ་ཡོད།
དེ་དག་ཚང་མ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་རེད་ཅེས་བཤད།
སྤེན་བུའི་ཚ་མོ་ཚོས་ཀྱང་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཏང་གི་བཀའ་དྲིན་གསོ་བ་དང་དེ་བས་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
2.སྟོབས་ཆེན། མི་རབས་བཞི་འཛོམས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་པ།
བོད་རྙིང་པ་བརྒྱུད་མྱོང་བའི་ཡར་ལངས་ཞིང་བྲན་ཞིག་ཡིན་པའི་རིན་སྤུངས་རྫོང་རིན་སྤུངས་ཤང་ཞིང་ཤག་གྲོང་ཚོའི་ལོ་81ལ་སླེབས་པའི་རྒད་པོ་སྟོབས་ཆེན་གྱིས་ལོ་འགོར་སླར་ཡང་ཁྱིམ་ཆས་གསར་པ་ཁ་ཤས་ཉོས་ཡོད།
ཁྱིམ་ནང་ཉོས་མ་ཐག་པའི་ཆ་སྒམ་དང་ཁ་གདན་ལ་ལྟ་བཞིན་དུ་རྒད་པོ་སྟོབས་ཆེན་གྱིས་དགའ་ཚོར་ཆེན་པོས“ཚ་བོའི་ཚོང་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད་ལ་ཡང་ཚའི་སློབ་སྦྱོང་སྦྱངས་འབྲས་ཀྱང་ཧ་ཅང་ཡག་པོ་ཡོད། རང་ཉིད་ད་ཆའི་འཚོ་བར་བློ་ཡིད་ཧ་ཅང་ཚིམ་པོ་འདུག དཀའ་ངལ་གང་ཡང་མི་འདུག ནང་མི་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད”ཅེས་བཤད།
བོད་རྙིང་པའི་ཞིང་བྲན་ནས་བོད་གསར་པའི་ལས་བྱེད་པའི་བར་ད་ཆ་རྒད་པོ་སྟོབས་ཆེན་གྱིས་མི་རབས་བཞི་འཛོམས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད། “བོད་རྙིང་པར་ངའི་ནང་མི་མི་རབས་ནས་མི་རབས་བར་ཞིང་བྲན་ཡིན། གུང་ཁྲན་ཏང་གིས་ངེད་ཚོར་བཅིངས་འགྲོལ་བཏང་ནས་ང་ལ་ཚེ་སྲོག་གཉིས་པ་སྦྱིན་བྱུང་བས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ངའི་དད་སེམས་ལ་གནས་ཚུལ་གང་རུང་ཞིག་གིས་ཀྱང་གཡོ་འགུལ་ཐེབས་མི་སྲིད། ངས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་རྒྱུ་ཡིན”ཞེས་སྟོབས་ཆེན་གྱིས་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཆེན་པོ་ཚོར་ལུགས་མྱོང་ཚོར་ཆེན་པོས་བཤད།
3.པད་མ། གྲོང་མིར་ལོ་རྒྱུས་དང་འགྱུར་ལྡོག་གླེང་བ།
པ་སྣམ་རྫོང་དབང་ལྡན་ཤང་བཟང་པ་གྲོང་ཚོའི་པད་མ་ནི་བོད་རྙིང་པར་བཟང་པ་གྲོང་ཚོའི་ཆ་ལུ་གཞིས་ཀའི་ཞིང་བྲན་ཡིན་ཞིང་། ཕྲུ་གུའི་དུས་སུ་པད་མས་ཨ་མ་དང་མཉམ་དུ་ཆ་ལུ་གཞིས་ཀར་ཁྲལ་རྒྱུག་གི་ཡོད་ཅིང་། ཁྲལ་འུ་ལག་ལྕི་ལ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོད་པའི་ཁར། ད་དུང་རྟག་ཏུ་ཞིང་བྲན་བདག་པོའི་བརྙས་བཅོས་དང་ཉེས་རྡུང་མྱངས་ཤིང་མུན་ནག་མུན་རྐྱང་གི་འཚོ་བ་བསྐྱལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་པད་མའི་ཁྱིམ་ལ་ས་ཞིང་དང་ཁང་པ་བགོ་འགྲེམས་ཐོབ་པ་མ་ཟད་རང་ལུས་རང་དབང་ཐོབ་ཡོད། མེས་པོས་བཞག་པའི་བསླས་འཐག་ལག་རྩལ་ལ་བརྟེན་ནས་པད་མ་དང་བུ་མོ་སྒྲོལ་དཀར་དང་ཚ་མོ་པད་དབྱངས་ཀྱིས་མཉམ་དུ་དབང་ལྡན་ཤང་བཟང་གཞུང་ཕྱུགས་ཟོག་ཐོན་རྫས་ལས་སྣོན་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ཡུལ་མི་ཚོའི་སྣེ་ཁྲིད་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།
“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་སྦྲགས། པད་མས་སྔར་བཞིན་གསོན་ཤུགས་ཀྱིས་ཁེངས་བཞིན་དུ་ཧྲེ་ཡོན་ཚོར་སློབ་ཡོན་མི་དགོས་པར་ལག་རྩལ་སློབ་པ་ཕུད། ད་དུང་རང་འགུལ་ངང་སྒྲོག་འགྲེལ་པ་བྱས་ཏེ་གྲོང་མི་ཚོར་ལོ་རྒྱུས་དང་། གཏམ་རྒྱུད། འགྱུར་ལྡོག་བཅས་ཧུར་ཐག་གླེང་ནས་མང་ཚོགས་ལ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་བཞིན་ཡོད།
ཉེ་དུས། ཏོག་གསར་གློ་ཚད་ཀྱི་རིམས་ནད་མདུན་དུ། པད་མའི་ཁྱིམ་གྱིས་སླར་ཡང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་ཕུལ་ནས་ཁྱོན་ཞལ་འདེབས་སྒོར་ཁྲི་2བརྒྱབ་ཅིང་། ཁོང་གིས“རེ་བར་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཏང་གི་བཀོད་འདོམས་ལ་ཉན་ནས། རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་སྟོབས་ཤུགས་འདོན་དགོས་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ངེད་ཚོས་གང་མགྱོགས་རིམས་ནད་ལས་རྣམ་པར་རྒྱལ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་བཤད།
རྩོམ་སྒྲིག་པ།སྣང་རྡོར།