ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཞེང་ཚད་ལ་སྨི་60དང་མཐོ་ཚད་ལ་སྨི་45ཅན་གྱི་རས་གཞིའི་སྟེང་དུ་བོད་རིགས་ཀྱི་གྱོན་ཆས་གྱོན་པའི་ཨ་ཅག་ཅིག་གིས་ཁ་ཐུམ་བརྒྱབས་ནས་དུག་སེལ་གཤེར་ཁུ་གཏོར་བཞིན་པ་བྲིས་ཡོད། དེ་ནི་སྤྱིར་བཏང་གི་རི་མོའི་བརྩམས་ཆོས་ཤིག་མ་ཡིན་པར་བོད་ལྗོངས་ཀྱི་ལྷ་རིས་པ་བསྟན་པ་ཡོན་ཏན་གྱིས་ཟླ་བ་གཅིག་གི་དུས་ཡུན་ལ་འབྲི་བཞེངས་གནང་བའི་“རིམས་ནད”འགོག་པའི་བརྗོད་དོན་ཐང་ག་ཞིག་རེད།
བསྟན་པ་ཡོན་ཏན་གྱིས་བྲིས་པའི་“རིམས་ནད”འགོག་པའི་བརྗོད་དོན་ཐང་ག
བོད་རང་སྐྱོང་ལྗོངས་སྟོད་ལུང་བདེ་ཆེན་ཁུལ་གནས་ཆུང་གྲོང་ཚོ་ནས་ཡིན་པའི་བསྟན་པ་ཡོན་ཏན་ནི་ལྷ་རིས་པ་ཞིག་ཡིན། ཁོང་གི་དགེ་རྒན་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའམ་སྨན་ཐང་ལུགས་ཀྱི་ལྷ་རིས་མཁས་ཅན་བསྟན་པ་རབ་བརྟན་ཡིན་པ་དང་། ད་བར་དུ་ཐང་ག་བྲིས་ནས་ལོ་ངོ་30ལྷག་ཕྱིན་ཡོད་པ་རེད། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། བསྟན་པ་ཡོན་ཏན་གྱིས་ལག་ཁྱེར་ཁ་པར་དང་བརྙན་འཕྲིན་སོགས་ཐབས་ལམ་མང་པོའི་ཐོག་ནས་རིམས་ནད་ཀྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པས། དེས་ཁོང་ལ་“རིམས་ནད”ཀྱི་བརྗོད་དོན་གཙོ་བོའི་ཐང་ག་བཞེངས་པའི་བསམ་བློ་སྐྱེས་སུ་བཅུག
“རིམས་ནད་ཀྱིས་མི་མང་པོ་ཞིག་གི་ལས་ཀ་དང་འཚོ་བ་རོལ་ཚུལ་ལ་འགྱུར་བ་བྱུང་། ས་གནས་ཁག་གི་རིམས་ནད་འགོག་སྲུང་ལས་ཀ་རྣམས་མཐོང་སྐབས། ཚང་མས་རིམས་ནད་ལས་རྣམ་པར་རྒྱལ་བར་ཡིད་ཆེས་ཆེན་པོ་བྱེད་ཀྱིན་ཡོད།”མི་མང་པོ་ཞིག་གིས་རང་ཉིད་ཀྱི་སྟོབས་ཤུགས་ཕུལ་ནས་“རིམས་ནད”འགོག་སྲུང་གི་ལས་ལ་མཉམ་འཐབ་བྱེད་པ་མཐོང་སྐབས། བསྟན་པ་ཡོན་ཏན་གྱིས་ལག་གི་སྨྱུ་གུ་ལ་བརྟེན་ནས་“རིམས་ནད”འགོག་པའི་ཡིད་ཆེས་དང་ཆོད་སེམས་ལྷུན་ཆགས་ཀྱིས་མཚོན་པ་ཡིད་ལ་བཅངས།
རས་གཞི་དང་སྨྱུ་གུ། གཏེར་ཚོན་བཅས་གྲ་སྒྲིག་བྱས་ཏེ་པར་རིས་དང་དེའི་ཞིབ་ཕྲའི་གནས་ཚུལ་རྣམས་ལ་བློས་བསླངས་བྱས་རྗེས། ཟླ་2པའི་ཚེས་5ཉིན་ནས་བཟུང་བསྟན་པ་ཡོན་ཏན་གྱིས་རས་གཞིའི་ཐོག་ལ་“རིམས་ནད”འགོག་པའི་བརྗོད་དོན་ཐང་ག་བཞེངས་མགོ་ཚུགས།
སྲོལ་རྒྱུན་གྱི་ཐང་ག་དང་བསྡུར་ན། “རིམས་ནད”འགོག་པའི་བརྗོད་དོན་ཐང་ག་བཞེངས་པར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། “པར་རིས་ཇི་ལྟར་འགོད་པ་དང་‘རིམས་ནད’འགོག་པའི་བརྗོད་དོན་ཇི་ལྟར་མངོན་པ། སྐྱ་ཐིག་ཇི་ལྟར་ཕབ་པ། ཚོན་ཇི་ལྟར་བསྡེབ་པ་སོགས་ཞིབ་ཕྲའི་གནད་དོན་མང་པོར་བསམ་བློ་གཏོང་དགོས།”
བསྟན་པ་ཡོན་ཏན་གྱིས་བཞེངས་པའི་“རིམས་ནད”འགོག་པའི་བརྗོད་དོན་ཐང་གའི་ཟུར་ཙམ།
བསྟན་པ་ཡོན་ཏན་གྱིས་“རིམས་ནད”འགོག་པའི་བརྗོད་དོན་ཐང་ག་འབྲི་བཞིན་པ།
མཐར་བསྟན་པ་ཡོན་ཏན་གྱིས་རས་གཞིའི་ཐོག་ལ་ཐང་གའི་བརྗོད་དོན་ཁག་5ཡིས་མཚོན་པར་བྱས་པ་སྟེ། གཡོན་གྱི་སྟོད་ཟུར་དུ་བོད་བཟོའི་ཐོག་སོ་གཉིས་ཅན་གྱི་ཐོག་ཁང་ཆུང་བ་ཞིག་དང་། དཀྱིལ་གྱི་གོང་ཕྱོགས་སུ་གནམ་བདེ་སྒོ་མོ་ཆེ། གཡས་ཀྱི་སྟོད་ཟུར་དུ་ཚན་རིག་པ་ཚོས་ཉིན་མཚན་ལྟོས་མེད་དུ་འབད་འཐབ་བྱེད་བཞིན་པ། དཀྱིལ་དབུས་སུ་བོད་པ་གསུམ་གྱིས་ནད་དུག་མཐར་སྤྲོད་བྱེད་པའི་ཚུལ་བྲིས། གཡས་ཀྱི་འོག་ཟུར་དུ་རི་སྐྱེས་སྲོག་ཆགས་དང་མིའི་རིགས་ཞི་མཐུན་མཉམ་གནས་བྱེད་པ་བཅས་མངོན་བར་བྱས་ཡོད།
བློས་བསླངས་འདི་ལྟར་བྱེད་དོན་ཅི་ཡིན་ནམ་ཞེ་ན། བསྟན་པ་ཡོན་ཏན་གྱིས་འགྲེལ་བཤད་གནང་དོན། ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། རྒྱལ་ཡོངས་མི་དམངས་ཀྱིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གནམ་ས་གཡོ་བའི་རིམས་འགོག་ལས་ཀར་ཁྱོན་ཡོངས་ནས་བརྩོན་བཞིན་ཡོད་ལ། གངས་ལྗོངས་ས་མཐོའི་མི་རྣམས་ཀྱང་དེ་ལྟར་རེད། རི་མོའི་ངོས་ན་གཡོན་ཕྱོགས་སུ་བཅར་བའི་སྐྱེས་པ་དེས་སྦྱག་མ་གཡུག་ནས་ནད་དུག་སྦེད་བཞིན་ཡོད་ལ། དཀྱིལ་གྱི་ཨ་ཅག་དེས་དུག་སེལ་གཤེར་ཁུ་གཏོར་བ་དང་། གཡས་ཕྱོགས་ཀྱི་སྐྱེས་པས་རྡོ་ཆེན་པོ་ཞིག་གིས་ནད་དུག་རྡུལ་དུ་བརླགས་པ་བཅས་བྲིས། ཁོང་ཚོས་ཁ་ཐུམ་བརྒྱབ་ནས་བོད་ཆས་གྱོན་ཏེ་བྱ་ཐབས་མི་འདྲ་བར་བརྟེན་ནས་ནད་དུག་ཕྱིར་འབུད་བྱེད་པ་དེ་ནི་བོད་ལྗོངས་ཀྱི་མང་ཚོགས་དཀྱུས་མའི་འདུན་མ་ཞིག་སྟེ། ནད་དུག་སྔ་ཙམ་ནས་མེད་པར་བཟོ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་པ་དེ་ཡིན།
རི་མོའི་སྟེང་ཕྱོགས་སུ་བོད་ལུགས་སྡོད་ཁང་དང་གནམ་བདེ་སྒོ་མོ་ཆེ། དེ་བཞིན་ཚན་རིག་པ་ཚོས་ཉིན་མཚན་ལྟོས་མེད་ངང་འབད་འཐབ་བྱེད་པའི་པར་རིས་བཅས་ཚུད་ཡོད། “ཚན་རིག་པ་ཚོས་སྙིང་རུས་ཆེན་པོས་ལས་ཀ་བསྒྲུབ་སྟེ་ནད་དུག་སེལ་བའི་ནུས་ལྡན་སྨན་རྫས་འཚོལ་བཞིན་པ་ཡིན། དེ་ནི་རིམས་ནད་འགོག་པར་ཚན་རིག་ལ་ཡིད་ཆེས་བྱེད་པ་དང་རྨོངས་དད་སེལ་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་འཇལ་ནས་ལུགས་དང་མཐུན་པའི་སྒོ་ནས་རིམས་ནད་ལ་ངོས་འཛིན་བྱེད་པ་ལས་གཞན་དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་སྒྲོག་མི་བྱེད་པ”བཅས་མངོན་པར་བྱས་ཡོད།
བོད་ལུགས་སྡོད་ཁང་དང་གནམ་བདེ་སྒོ་མོ་ཆེ་བྲིས་པ་ནི་བོད་ལྗོངས་ཀྱི་མང་ཚོགས་དཀྱུས་མས་བཀའ་དྲིན་ཚོར་བའི་བསམ་པ་མཚོན་པར་བྱེད་འདོད་པ་རེད། “ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་དམིགས་བསལ་ཐུགས་ཁུར་གནང་ནས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ཡོད་པས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ལ་ད་ལྟའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཡོད་པ་ཚང་མ་དེ་ལས་བྱུང་བ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནས་རིམས་ནད་འགོག་སྲུང་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པའི་ཡིད་ཆེས་ཡོད།”ཅེས་གསུངས་པ་རེད།
རིམས་ནད་གློ་བུར་དུ་བྱུང་ནས་འགལ་རྐྱེན་མང་པོ་འཕྲད་པ་དེས་མི་རྣམས་ཀྱི་བསམ་གཞིག་གི་ཀློང་དུ་ཚུད། བོད་རིགས་མང་ཚོགས་ཀྱིས་རང་བྱུང་ཁམས་ལ་བཀུར་ཞིང་སྐྲག་པ་དང་ཚེ་སྲོག་ལ་བརྩི་འཇོག་བྱེད་པའི་སྲོལ་རྒྱུན་ཞིག་ཡོད་པ་དེས་བསྟན་པ་ཡོན་ཏན་གྱིས་བརྗོད་དོན་གཙོ་བོའི་ཐང་ག་བཞེངས་པའི་ནང་མཉམ་འདྲེས་ཐུབ་ཡོད། “འབྲོང་དང་ཤྭ་བ། ཁྲུང་ཁྲུང་སྐེ་ནག གཙོད་སོགས་རི་སྐྱེས་སྲོག་ཆགས་རྣམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་མངོན་པ་དེ་ནི་རི་སྐྱེས་སྲོག་ཆགས་ཡོད་ཚད་ལ་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་ལ་གཅེས་སྐྱོང་བྱས་ནས་ང་ཚོའི་ཐུན་མོང་གི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་དགོས་པར་རེ་འབོད་བྱེད་པ་ཡིན།”
དུས་ཡུན་ཟླ་གཅིག་ལྷག་རིང་བྲིས་པའི་ཐང་ག་བཞེངས་ཚར་རྗེས། ཉེ་འཁོར་གྱི་མི་མང་པོ་ཞིག་ལྟ་བར་ཡོང་བ་དང་། “ཁོང་ཚོས་ཐང་ག་བལྟས་རྗེས་བློ་སྒོ་ཕྱེ་བྱུང་།”ཞེས་བཤད། ཡང་འགའ་ཞིག་གིས་བསྟན་པ་ཡོན་ཏན་ནི་སྤྱི་ཚོགས་ཀྱི་འགན་འཁྲི་ཡོད་པའི་ལྷ་རིས་པ་ཞིག་རེད་ཅེས་ངོས་འཛིན་བྱེད་ཀྱིན་ཡོད།
“རིམས་ནད”འགོག་པའི་བརྗོད་དོན་ཐང་ག་བཞེངས་ཚར་རྗེས། བསྟན་པ་ཡོན་ཏན་གྱིས་ད་དུང་མཚམས་བཞག་མེད་པར། ཁོང་གིས་སྟོད་ལུང་རི་མོ་སྨན་ཐང་ལུགས་ཀྱི་ཐང་གའི་སྒྱུ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གཉེར་རྒྱུར་བྲེལ་བཞིན་ཡོད། 2015ལོར་བཙུགས་པའི་མཉམ་ལས་ཁང་དེའི་ནང་མང་ཚོགས་15ཞུགས་ཡོད་པ་དང་། བསྟན་པ་ཡོན་ཏན་གྱིས་ཁོང་ཚོའི་ཐང་གའི་སློབ་ཁྲིད་ཀྱི་འགན་འཁུར་དགོས་པ་མ་ཟད། ད་དུང་མཉམ་ལས་ཁང་གི་ཐོན་རྫས་ཕྱི་ཕྱོགས་སུ་བྲིན་ཚོང་བྱེད་པའི་འགན་ཡང་འཁུར་ཡོད། དེ་ལྟར་བྱས་ཚེ་གཞི་ནས་ཉེ་འཁོར་གྱི་མང་ཚོགས་ཀྱང་ཕྱུག་འགྱུར་གྱི་རྗེས་སུ་འབྲང་ཐུབ་རྒྱུ་རེད།